དཀར་མཛེས་རྫོང་གིས་གེ་སར་མཁར་རྫོང་སྒོ་ཕྱེས་པ་ནས་བཟུང་ཡུལ་སྐོར་བ་འབུམ་ལྷག་ལ་སྣེ་ལེན་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-14
སྤྱི་ཟླ10པའི་རྫོགས་ལྡན་གཟའ་འཁོར་རིང་དཀར་མཛེས་རྫོང་གིས་གེ་སར་མཁར་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བར་བརྟེན་ནས་ལྗོངས་ཁུལ་དང་མགྲོན་ཁང་། བཟའ་བཏུང་། ཚོང་དོན་སོགས་འབྲེལ་ཡོད་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། སྨྱུག་འཛིན་པས་གེ་སར་མཁར་རྫོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ9པའི་ཚེས16ནས་སྤྱི་ཟླ10པའི་ཚེས4ཉིན་གྱི་བར་གེ་སར་མཁར་རྫོང་དུ་ཡུལ་སྐོར་བ་ཁྲི10.8ལ་སྣེ་ལེན་བྱས་ཡོད། སྤྱི་ཟླ་བཅུ་པའི་རྫོགས་ལྡན་གཟའ་འཁོར་རྐྱང་པར་ཡུལ་སྐོར་བ་ཁྲི0.8ལ་སྣེ་ལེན་བྱས་ཡོད་པ་རེད།
གེ་སར་མཁར་རྫོང་གི་ཁྲོམ་ལམ་ཆེ་ཆུང་ཀུན་ཏུ་མེ་ཏོག་དང་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཡུལ་སྐོར་བ་ཚོས་གེ་སར་མཁར་རྫོང་ནས་ཐག་རིང་གི་གངས་རི་ལ་ལྟ་ཆོག་པ་དང་ཉེ་སར་ཡོད་པའི་རྩྭ་རྩི་ཤིང་དང་མེ་ཏོག མཚེའུ། ཉ་མོས་ལྡིང་སྐོར་སོགས་རྣམ་པ་འདྲ་མིན་ལ་ལྟ་ཆོག་པས་སེམས་འགུལ་ཚད་མེད་ཐེབས། ཁྲུང་ཆིང་ནས་ཡོང་པའི་ཡུལ་སྐོར་བ་སྐུ་ཞབས་ལིའུ་ལགས་ཀྱིས་ང་ཐེངས་དང་པོར་དཀར་མཛེས་རྫོང་དུ་ཡོང་བ་ཡིན། འདི་ནའི་མཁའ་དབུགས་གཙང་ལ་ཁོར་ཡུག་མཛེས། ཁྱད་པར་དུ་གེ་སར་མཁར་རྫོང་གི་འཛུགས་སྐྲུན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བརྗིད་ཉམས་ཤིན་ཏུ་ལྡན། ངེས་ད་ཐེངས་མཛེས་སྡུག་མ་ལུས་རྫོགས་པའི་གནས་མཆོག་འདིར་བསླེབ་དུས་སེམས་པ་ཧ་ཅང་དགའ་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གུང་གསེང་ཡུལ་སྐོར་གྱི་ཚོང་ལས་གོ་སྐབས་ཁོང་དུ་ཆུད་པར་བྱ་ཆེད། སྤྱི་ཟླ9པའི་ཚེས16ཉིན་དཀར་མཛེས་རྫོང་གེ་སར་མཁར་རྫོང་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། དཀར་མཛེས་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། ཡུལ་ཤོག་དང་གྲོང་བརྡལ22ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག སློབ་གྲྭ་ཆུང་འབྲིང་གི་དགེ་སློབ། སྐལ་བཟང་མེ་ཏོག་དཀར་མཛེས་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་དང་སྲོལ་རྒྱུན་རྩལ་འགྲན། ལྷ་མོའི་འཁྲབ་སྟོན། ང་དང་ངའི་མེས་རྒྱལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་པར་ལེན་ཡིག་གཟུགས་འགྲེམས་སྟོན་སོགས་བརྗོད་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡོད་ཅིང་། ཡུལ་སྐོར་བ་རྣམས་ལ་བཟའ་སྡོད་སྐྱོད་གསུམ་དང་ཉོ་སྒྲུབ། རོལ་རྩེད་སོགས་ཕྱོགས་མང་པོའི་དགོས་མཁོ་སྐོང་བ་དང་ཆབས་ཅིག་ཏུ་གེ་སར་རིག་གནས་ལོངས་སུ་སྤྱོད་བཅུག་པ་རེད།
རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་བཅུ་པའི་རྫོགས་ལྡན་གཟའ་འཁོར་རིང་དཀར་མཛེས་རྫོང་གིས་རྫོང་གྲོང་གི་ལྟག་སྒོ་འགྲམ་དང་། ལྷོ་པ་ཡུལ་ཤོག་གི་འགག་གནས། གླིང་གེ་སར་རྒྱལ་པོའི་མཁར་རྫོང་ལྗོངས་ཁུལ་བཅས་སུ་ཡུལ་སྐོར་བློ་འདྲི་ས་ཚུགས་བཙུགས་ཡོད་པས་ཡུལ་སྐོར་བ2668ཀྱིས་བློ་འདྲི་བྱས་པ་དང་ལེན་བྱས་ཤིང་དྲིལ་བསྒྲགས་དཔྱད་ཡིག2012འགྲེམ་གཏོང་བྱས་ཡོད་ཅིང་། ཡུལ་སྐོར་བས་གཙོ་བོ་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་དང་དམག་དཔུང་འབུམ་ཤོག་བཅོ་བརྒྱད་པའི་ས་ཕུག་ཁྱུ་ཚོགས། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་སོགས་ལ་བློ་འདྲི་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ཟླ10པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པའི་བར་དཀར་མཛེས་རྫོང་གིས་ཡུལ་སྐོར་བ་ཁྲི6ལྷག་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བ་མང་ཤོས་ནི་ཀོང་ཏུང་དང་ཁྲུང་ཆིང་། ཁྲེང་ཏུའུ། ཀུའེ་ཀྲོའུ། ཧྲའན་ཞི། ཡུན་ནན་སོགས་ས་ཁུལ་གྱི་ཡིན་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1