༄༅།། བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྱུར་བྱང་ལས་འཕྲོས་ཏེ་བསྟན་བཅོས་འདི་བོད་ལ་ཐོག་མར་དུས་ནམ་ཞིག་ཏུ་བསྒྱུར་བའི་སྐོར་གླེང་བ།
ཆ་རིས་སྐལ་བཟང་ཐོགས་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 10-14
ཆ་རིས་སྐལ་བཟང་ཐོགས་མེད།
[ནང་དོན་གནད་བསྡུས།]རྩོམ་འདིའི་ནང་དུ་གཙོ་བོ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྱུར་བྱང་གཞིར་བཟུང་ནས་བསྟན་བཅོས་འདི་བསྟན་པ་སྔ་དར་དུས་སུ་བོད་ལ་འགྱུར་ཡོད་མེད་དང་། ལོ་ཙཱ་བ་ཆེན་པོ་རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བོད་ལ་བསྒྱུར་བ་ཡིན་མིན། ལོ་ཙཱ་བ་ཁོང་ཡང་དུས་སྐབས་ནམ་ཞིག་གི་མཁས་པ་ཡིན་མིན་སོགས་ཅུང་ཞིབ་རྒྱས་པར་བཀོད་ཡོད།
[བརྡ་ཆད་གཙོ་བོ།] ཚད་མ་རྣམ་འགྲེལ། སྒྱུར་བ་པོ། འགྱུར་བྱང་། བསྒྱུར་དུས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0017-11
ནང་པ་སངས་རྒྱས་པའི་ཚད་གཞུང་ཀུན་གྱི་ཕྱི་མོ་ཚད་མ་སྡེ་བདུན་ལ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཡོད་པའི་ནང་ཚན། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་གྲས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བའི་མཛད་པ་པོ་ནི་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་པར་ཕྱི་ནང་གི་མཁས་པ་ཀུན་མགྲིན་དབྱངས་གཅིག་ཏུ་གནས་ནའང་། དེ་འདྲའི་བསྟན་བཅོས་འདི་བོད་གངས་ཅན་གྱི་ཡུལ་དུ་དུས་ནམ་ཞིག་ལ་ཐོག་མར་བསྒྱུར་བའི་ཐད་མཁས་པ་རྣམས་ད་སྔའི་བར་གསུང་སྒྲོས་མི་མཐུན་པ་ཅི་རིགས་སུ་ཡོད་པར་ངེས་ཏེ། དཔེར་ན། དུང་དཀར་ཚིག་མཛོད་ཆེན་མོར། ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། ཞེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བསྒྱུར་བ་ཡིན་ཚུལ་གསུངས་པ་དང་། ཡང་ཁོང་གི་ཚིག་མཛོད་དེ་ཉིད་ལས། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་རབ་བྱུང་དང་པོའི་ཤིང་སྤྲེལ་(1044)ནས་རབ་བྱུང་དང་པོའི་ས་སྦྲུལ་(1089)དགུང་ལོ་ཞེ་དྲུག་ལ་གཞན་གྱིས་དུག་བཏང་སྟེ་བཀྲོངས། ཞེས་འདིའི་རྨ་དགེ་བའི་བློ་གྲོས་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྐབས་སུ་བྱོན་པའི་མཁས་པ་ཞིག་ཡིན་པར་ཡང་གསུངས་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཀྱིས་མཚོན་པའི་བོད་ཀྱི་མཁས་པ་སྔ་མ་ཕལ་མོ་ཆེས་ཀྱང་ཚད་མ་རྣམ་འགྲེལ་རང་གི་འགྱུར་བྱང་དུ་གསལ་བ་བཞིན་ཚད་མའི་བསྟན་བཅོས་འདི་བསྟན་པ་ཕྱི་དར་གྱི་དུས་སུ་རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བོད་ལ་བསྒྱུར་བར་ཞལ་བཞེས་གནང་བཞིན་ཡོད་པས། འདིར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་པའི་དཔར་གཞིའི་སྔ་ཕྱིའམ་ཡང་ན་དཔར་བྱང་མི་གཅིག་པ་དག་གི་འགྱུར་བྱང་རྣམས་གཞིར་བྱས་ནས་བསྡུར་དཔྱད་ཀྱིས་བསྟན་བཅོས་འདི་བོད་ལ་ཐོག་མར་དུས་ནམ་ཞིག་ཏུ་བསྒྱུར་བའི་ཚུལ་ཅུང་ཟད་གླེང་བར་བྱ་བ་ལ།
དང་པོ། བསྟན་པ་སྔ་དར་གྱི་དུས་སུ་ཚད་མ་རྣམ་འགྲེལ་བོད་ལ་བསྒྱུར་ཡོད་མེད་ཀྱི་སྐོར།
པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། “ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་ཚད་མའི་ཁོ་ན་ཉིད་བསྡུས་པ་དང་། ཀ་མ་ལ་ཤཱི་ལའི་དེའི་འགྲེལ་བ་སྟོང་ཕྲག་བཅོ་བརྒྱད་པ་དང་། སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ལྷ་ས་དང་བསམ་ཡས་སུ་ཚད་མའི་བསྟན་འཆོས་ཀྱི་བཤད་ཉན་ཆ་ཤས་ཙམ་བྱུང་གྲགས་ཀྱང་རྐང་ཚུགས་པ་དང་རྒྱུན་ཆགས་སུ་མ་བྱུང་།” ② ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཚད་མའི་ཁོ་ན་ཉིད་བསྡུས་པ་དང་། ཀ་མ་ལ་ཤཱི་ལས་དེའི་འགྲེལ་བ་སྟོང་ཕྲག་བཅོ་བརྒྱད་པ་དང་། སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བར་གསུངས་ཙམ་ལས་ཚད་མ་རྣམ་འགྲེལ་གྱི་མཚན་དངོས་སུ་མ་སྨོས་པ་དང་། དེབ་ཐེར་སྔོན་པོར། “རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་། དེའི་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་བ་དང་། ཤཱཀྱ་བློའི་འགྲེལ་བཤད་ལ་སོགས་པ་མང་དུ་བསྒྱུར།” ③ཞེས་བསྟན་པ་ཕྱི་དར་གྱི་དུས་སུ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་སོགས་བསྒྱུར་བར་གསུངས་པ་དང་། སྟག་ཚང་ལོ་ཙཱ་བས་དེ་བས་ཀྱང་། “བསྟན་པ་སྔ་དར་གྱི་དུས་སུ་རིགས་ཐིགས་དང་གཏན་ཚིགས་ཐིགས་པ་ལ་སོགས་པའི་སྡེ་བདུན་ཕྱི་མ་འགའ་ཞིག དུལ་ལྷ་སོགས་ཀྱི་འགྲེལ་བ་དང་བཅས་པ་འགྱུར་ཡོད་ཀྱང་། མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་ནི་ཕྱི་དར་གྱི་ལོ་ཙཱ་བ་རྨ་དགེ་བློ་སོགས་ཀྱིས་ཐོག་མར་བསྒྱུར་ཅིང་ཕལ་ཆེར་ནི་རྔོག་ལོ་ཆེན་པོས་གསར་བསྒྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་རྒྱས་པར་གཏན་ལ་ཕབ་མོད། རྣམ་འགྲེལ་ནི་རྣམ་ངེས་ལ་བལྟོས་ཏེ་བཤད་སྲོལ་མ་ནུབ་ཙམ་དུ་གནས་པ་ལས། དུས་ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་ནས་བསྒྱུར་བཤད་གཏན་ལ་ཕབ།” ④ཅེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཐོག་དང་པོར་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་བོར་གསུངས་ཡོད་ལ།དེ་འདྲའི་འདོད་ཚུལ་གཞིར་འཛིན་མཁན་བོད་ཀྱི་མཁས་པ་གཞན་ཡང་མང་མོད། ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། སྔོན་དུས་ཡར་ལུངས་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པ་བཙན་པོའི་དུས་ཀྱི་དཀར་ཆག་འཕང་ཐང་མར། “ཚད་མའི་ཕྱོགས་ལ་སློབ་དཔོན་ཆོས་གྲགས་ཀྱི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བསྒྱུར་འཕྲོ་བམ་པོ་བཅུ་གཅིག་ཅན་དང་།བརྩད་(རྩོད)པའི་རིགས་པ་བསྒྱུར་འཕྲོ།།” ⑤ “ལས་དང་འབྲས་བུའི་འབྲེལ་བ་བརྟག་པ་བམ་པོ་གཉིས་ཅན་དང་དེའི་བཤད་པ་བམ་པོ་གསུམ་ཅན། གཏན་ཚིགས་ཐིགས་པའི་རྩ་བ་ཤུ་ལོག་ཉིས་བརྒྱ་ཅན་དང་དེའི་བཤད་པ་བམ་པོ་བཅུ་གཉིས་ཅན། རིགས་པའི་ཐིགས་པ་བམ་པོ་གཅིག་ཅན་དང་དེའི་བཤད་པ་སློབ་དཔོན་དྷརྨ་ཨུཏ་ཏ་རས་མཛད་པ་དང་།དེའི་རྒྱ་ཆེར་འགྲེལ་བ་མང་པོ་གསུམ་ཅན་སོགས་དང་།རྒྱུད་གཞན་སྒྲུབ་པའི་རབ་ཏུ་བྱེད་པ་ཤུ་ལོག་བརྒྱ་ཅན་དང་དེའི་བཤད་པ་མང་པོ་གཅིག་དང་ཤུ་ལོག་བརྒྱ་ལྔ་བཅུ་རྩ་ལྔ་ཅན། འབྲེལ་བ་བརྟག་པ་གསུམ་ཕྲུགས་ལ་མང་པོ་གཉིས་དང་ཤུ་ལོག་ཉི་ཤུ་རྩ་བཞི་ཅན། དམིགས་པ་བརྟག་པའི་རབ་ཏུ་བཤད་པ་དང་དེའི་འགྲེལ་བ་ཤུ་ལོག་སུམ་ཅུ་རྩ་བཞི་ཅན། འགྲེལ་བཤད་བམ་པོ་གཅིག་ཅན་” སོགས་ཚད་མ་སྡེ་བདུན་གཙོས་པའི་ཚད་གཞུང་མང་པོ་ཞིག་གི་མཚན་བྱང་བཀོད་ཡོད་པ་དང་། ⑥ དེ་བཞིན་དུ་ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་ཏུའང་བསྟན་བཅོས་བསྒྱུར་འཕྲོའི་གྲས་སུ་ཚད་མ་རྣམ་འགྲེལ་བམ་པོ་བཅུ་གཅིག་ཅན་དང་། རྣམ་འགྲེལ་གྱི་འགྲེལ་བ་བམ་པོ་བཅོ་བརྒྱད་ཅན། རྩོད་པའི་རིགས་པ་བམ་པོ་གཉིས་ཅན་བཅས་བསྒྱུར་འཕྲོར་བཞུགས་ཡོད་ཚུལ་གསལ་བོར་བཀོད་ཡོད་པར་མ་ཟད། ⑦ དེ་ལས་གཞན་པའི་འབྲེལ་ཡོད་ཚད་མའི་སྐོར་མང་པོ་ཞིག་བསྒྱུར་ཡོད་པའི་མཚན་བྱང་འཕང་ཐང་མ་དང་ཕལ་ཆེར་ཆ་འདྲ་བ་བཀོད་འདུག་པ་ ⑧ སོགས་ལ་གཞིགས་ན།བཙན་པོའི་སྐབས་ཀྱི་དཀར་ཆག་གཉི་གའི་ཁྲོད་དུ་ཚད་མ་རྣམ་འགྲེལ་བམ་པོ་བཅུ་གཅིག་ཅན་ཞིག་བསྒྱུར་ཡོད་པར་མ་ཟད་དེ་ཉིད་བསྒྱུར་འཕྲོ་ཡིན་ཚུལ་བཅས་གསལ་བོར་གསུངས་པ་དང་། ཚད་མའི་བསྟན་བཅོས་གཞན་རྣམས་ཀྱི་བམ་གྲངས་དང་ཤློོ་ཀའི་གྲངས་ཀའང་ཅུང་ཞིབ་ཙམ་བཀོད་འདུག་པས། འདི་དག་ལ་བལྟས་ན་བཙན་པོའི་དུས་སུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས་ཚད་མའི་གཞུང་མང་པོ་ཞིག་བོད་ལ་འགྱུར་ཡོད་པ་དོགས་པ་མི་དགོས་པར་བརྟེན། མཁས་པའི་དབང་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཀྱང་ཚད་མ་རྣམ་འགྲེལ་སྔ་དར་སྐབས་བསྒྱུར་ཡོད་ཀྱང་ད་ཡོད་འགྱུར་བྱང་དུ་དེའི་སྐོར་མི་གསལ་ ⑨ཞེས་གསུངས་པ་ཡང་དག་པའི་གཏམ་དུ་འཁུམས།ཡིན་ནའང་བཙན་པོའི་སྐབས་ཀྱི་དཀར་ཆག་གཉི་གའི་ཁྲོད་ཀྱི་འབྲེལ་ཡོད་ཚད་མའི་སྐོར་དང་། ལྷག་པར་དུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བམ་པོ་བཅུ་གཅིག་ཅན་བསྒྱུར་འཕྲོ་དེ་སྐབས་དེར་བོད་ལ་སྒྱུར་མཁན་གྱི་པཎྜི་ཏ་དང་ལོ་ཙཱ་བ་སུ་ཡིན་བཀོད་མེད་པས། མིག་སྔར་འདིའི་སྒྱུར་མཁན་མཛུབ་མོ་འཛུགས་ཏེ་འདི་ཡིན་ཞེས་ཟེར་རྒྱུ་ཆེས་དཀའ་བའི་གནས་སུ་གྱུར་འདུག་གོ།
གཉིས་པ། བསྟན་པ་ཕྱི་དར་གྱི་དུས་སུ་ཚད་མ་རྣམ་འགྲེལ་ཐོག་མར་སྒྱུར་མཁན་སྐོར།
གཅིག བསྟན་འགྱུར་ཁྲོད་ཀྱི་རྩ་བའི་འགྱུར་བྱང་སྐོར། ད་སྐབས་ང་ཚོས་དངོས་སུ་མཇལ་ཐུབ་པའི་བསྟན་འགྱུར་ཁྲོད་ཀྱི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྱུར་བྱང་རྣམས་དང་། ཡང་ན་མཚན་ཉིད་ཀྱི་དགོན་སྡེ་རྣམས་སུ་རང་རྐྱ་བར་པར་དུ་བསྐྱོན་པའི་རྣམ་འགྲེལ་གྱི་དཔར་གཞི་གང་ཡིན་ཀྱང་། གལ་ཏེ་འགྱུར་བྱང་བཀོད་ཡོད་པ་ཞིག་ཡིན་ཚེ་ཚང་མར་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ཡིན་པར་ཁ་འཆམ་པས། འདིར་ཐོག་མར་སྡེ་དགེ་བསྟན་འགྱུར་ཁྲོད་ཀྱི་རྣམ་འགྲེལ་རྩ་བའི་འགྱུར་བྱང་གཞིར་བཟུང་ན། “ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།།” ⑩ཞེས་པས་ཚད་མ་རྣམ་འགྲེལ་མཛད་པ་པོ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན་པར་བསྟན་པ་དང་། “རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར།” ⑾ ཞེས་པས་ཚད་མ་རྣམ་འགྲེལ་བོད་ལ་སྒྱུར་མཁན་རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲི་ཤནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་གཉིས་ཡིན་པ་དང་། “དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ།། སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག། དགེ་བའི་ཐུགས་མངའ་དེས་པ་ས་སྐྱོང་བ།། མི་ཡི་བདག་པོ་དབང་སྡེའི་བཀའ་བསྐུལ་ནས།། བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང་།། ཉན་པོ་རྒོལ་དང་ཕྱིར་རྒོལ་དོན་ངེས་དང་།། འབྲེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར།། འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར།། ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི།། དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི།།གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང་།། འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན།། ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ།། ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི།། ཡང་དག་རིག་པས་ལེགས་པར་བརྡ་སྤྲད་ན།། འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར།། སྒྲ་དོན་གཉི་ག་ཉམས་སུ་བདེར་ལོན་ཏེ།། མུན་སྦྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ།། སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི། དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད།། དཔལ་ལྡན་ཁ་ཆེའི་རིག་པ་པའི།། གཙུག་གི་ནོར་བུ་སྐལ་ལྡན་ནི།། རྒྱལ་པོ་ཞེས་བྱ་ལ་ཐོས་ནས།། བློ་ལྡན་བཟང་པོས་འདི་བསྒྱུར་རོ།།གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ། གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར།། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།” ⑿ ཞེས་པའི་ཚིགས་བཅད་སོགས་ཀྱིས་རིམ་པ་བཞིན་དུ་རྔོག་ལོ་ཆེན་པོས་ཚད་མ་རྣམ་འགྲེལ་བསྒྱུར་བའི་དགོས་དོན་དང་། སྣོད་ལྡན་ཉན་པར་བསྐུལ་བ། གཞུང་ཚད་ལྡན་དུ་བསྒྱུར་ཚུལ། ཁ་ཆེའི་རིག་པ་སྨྲ་བའི་གཙུག་རྒྱན་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་ལས་གཞུང་འདི་ལ་ཐོས་བསམ་བྱས་པ་བརྒྱུད་དེ་ཁོང་རྣམ་གཉིས་ཀྱིས་བོད་ལ་བསྒྱུར་བའི་གནས་ཚུལ་རྣམས་ཞིབ་མོར་བཀོད་ཡོད་པ་དང་། “དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤཱི་བྷ་དྲ་ལ་སོགས་པ་རྣམས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།” ⒀ ཞེས་པས་རྔོག་ལོ་ཆེན་པོའི་ཕྱིས་སུ་བྱུང་བའི་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤཱི་བྷ་དྲ་ལ་སོགས་པ་དང་།དཔལ་ས་སྐྱའི་མཁས་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་གཉིས་མཉམ་འབྲེལ་གྱིས་བོད་ལ་བསྒྱུར་ཅིང་ཞུས་ཏེ་གཏན་འབེབས་གནང་བའི་ཚུལ་རྣམས་གསལ་བོར་བཀོད་ཡོད་པས།མདོར་བསྡུས་ན་གོང་གི་འགྱུར་བྱང་དང་པོས་ཚད་མ་རྣམ་འགྲེལ་བོད་ལ་འགྱུར་མཁན་རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤཱི་ཤནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་གཉིས་ཡིན་པར་བསྟན་པ་ཙམ་ལས། དེའི་མཇུག་དེ་མ་ཐག་ཏུ་བྱུང་བའི་ཚིགས་བཅད་སོགས་ཀྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་ཡིན་ཚུལ་བསྟན་ཙམ་ལས་འགྱུར་སྔ་མ་ལ་གཞི་བྱས་པའི་ཚུལ་ཚིག་ཟིན་ལ་ཅི་ཡང་ཐོན་མེད། ⒁
ཡིན་ནའང་འགྱུར་བྱང་ཧྲིལ་བོའི་སྔ་ཕྱི་འབྲེལ་བའི་སྒོ་ནས་གཞིགས་ན། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཏི་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། དེ་ནས་དུས་ཕྱིས་ཀྱི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སླར་ཡང་བསྒྱུར་ཞུས་མཛད་ནས་གཏན་ལ་ཕབ་ཚུལ་བཀོད་ཡོད་པ་དོན་ལ་གནས་པ་རྟོགས་ནུས་སོ།། ⒂ སྐབས་འདིའི་སྣར་ཐང་དང་པེ་ཅིན་གྱི་དཔར་གཉིས་ཀར་ཡང་། “ཡང་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་བཅོས།” ⒃ཞེས་ལོ་པཎ་འདི་གཉིས་ཀྱིས་སྔར་གྱི་འགྱུར་ལ་ཅུང་ཟད་དག་བཅོས་གནང་ཚུལ་ཙམ་ལས་གཞི་བསྒྱུར་སོགས་མཛད་ཚུལ་མི་གསལ་ལ། ད་ལྟ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་དུས་རབས་བཅུ་གསུམ་པའི་མཇུག་ཙམ་ཏུ་དཔར་ལ་བརྐོས་པའི་རྣམ་འགྲེལ་རྩ་བའི་དཔར་གཞིའི་འགྱུར་བྱང་ཡང་ཕྱིས་ཀྱི་བསྟན་འགྱུར་ཁྲོད་ཀྱི་རྣམ་འགྲེལ་གྱི་འགྱུར་བྱང་དག་དང་ཕལ་ཆེར་གཅིག་མཚུངས་སུ་གནས་པས། རྔོག་ལོ་རང་གི་སློབ་མ་དགེ་བཤེས་གྲོ་ལུང་པ་ཆེན་པོས་མཛད་པའི་རྔོག་ལོའི་རྣམ་ཐར་སོགས་ནའང་ཚད་མ་རྣམ་འགྲེལ་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་ལས་བསྒྱུར་མེད་པར་གསུངས་པ་སོགས་དང་། སྔ་དར་སྐབས་ཀྱི་དཀར་ཆག་རྣམ་གཉིས་སུ་སྐབས་དེར་ཚད་མ་རྣམ་འགྲེལ་བསྒྱུར་འཕྲོ་བམ་པོ་བཅུ་གཅིག་ཅན་ཞིག་ཡོད་ཚུལ་དང་། ཕྱི་དར་གྱི་དབུ་ཙམ་ནས་རྨ་དགེ་བའི་བློ་གྲོས་ཀྱིས་དེ་བསྒྱུར་ཚུལ། དེ་ནས་རྔོག་ལོ་ཆེན་པོས་བསྒྱུར་བཅོས་གནང་ཚུལ་སོགས་ཕྱོགས་གང་ལ་བརྟག་ཀྱང་མཁས་པ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་འགྱུར་ལ་ཕྲི་སྣོན་དང་ཞུས་ཆེན་གནང་བ་ལས་ལོགས་སུ་གསར་སྒྱུར་མཛད་པ་ཞིག་མ་ཡིན་པར་མངོན། དེ་ལྟ་མིན་ཚེ་བསྟན་བཅོས་འདིའི་འགྱུར་བྱང་གཅིག་པུར་ལོ་པཎ་ན་རིམ་གྱིས་བསྒྱུར་ཞུས་གནང་ཚུལ་བཀོད་པའི་དགོས་པ་མེད་པའི་ཕྱིར་རོ།།
ཡང་འགྱུར་བྱང་གི་ཆེས་མཇུག་ཏུ་སྣར་ཐང་དང་པེ་ཅིན་གྱི་དཔར་གཉིས་ལ། “ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད།། རིགས་པའི་མཐར་ཐུག་ཚད་མ་རྣམ་འགྲེལ་འདི།། སྒྲ་དོན་ཇི་བཞིན་བློ་ཡིས་ལེགས་རྟོགས་ནས།། སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ།། ”ཞེས་སྡེ་དགེ་དཔར་ལ་བཀོད་མེད་པའི་ཚིགས་བཅད་ཤློོ་ཀ་གཅིག་བཀོད་ཡོད་ལ།འདི་ཡང་ཕྱིས་སུ་ས་སྐྱ་པཎ་ཆེན་གྱིས་སྔར་གྱི་འགྱུར་ལ་བསྒྱུར་ཞུས་གནང་སྐབས་ཁོང་གིས་བྲིས་པ་ཡིན་སྙམ་མོ།།
གཉིས། རྣམ་འགྲེལ་ཊིཀ་བཤད་ཁྲོད་ཀྱི་རྩ་བའི་འགྱུར་བྱང་སྐོར། སྤྱིར་བོད་ལ་འགྱུར་བའི་ཚད་མ་རྣམ་འགྲེལ་གྱི་ཊིཀ་བཤད་མང་ཙམ་ཡོད་ནའང་། འདིར་བོད་རང་གི་མཁས་པས་དུས་རབས་བཅུ་གསུམ་པ་ཡས་མས་ནས་རིམ་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་དང་རྣམ་བཤད་གྲགས་ཆེ་བ་འགའི་འགྱུར་བྱང་རྣམས་རེའུ་མིག་བཀོད་དེ་བསྡུར་བའི་ལམ་ནས་ཅུང་ཙམ་དཔྱད་ན།
བཙན་པོའི་དུས་ཀྱི་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མའི་ཁྲོད་དུ་བཞུགས་པའི་ཚད་མ་རྣམ་འགྲེལ་གྱི་འགྱུར་གཞུང་རྣམས་ལ་བསྟན་བཅོས་ཀྱི་མཚན་བྱང་དང་བམ་གྲངས་ཙམ་ལས་སྒྱུར་བ་པོ་སུ་ཡིན་མི་གསལ་བས།སྐབས་དེ་དུས་ཀྱི་འགྱུར་ཐམས་ཅད་ལ་འགྱུར་བྱང་བཀོད་ཡོད་མེད་སོགས་ཇི་ལྟ་བ་བཞིན་དུ་ད་ལྟ་གསལ་བོ་ཞིག་ཤེས་དཀའ་མོད། བསྟན་པ་ཕྱི་དར་གྱི་དུས་ནས་སྔར་བཙན་པོའི་དུས་སུ་བོད་ལ་འགྱུར་བའི་ནང་བའི་གསུང་རབ་རྣམས་ཕྲི་སྣོན་ཁ་སྐོང་དང་བསྒྱུར་ཞུས་དག་འབེབས་གནང་རྒྱུ་ལོ་པཎ་བཀའ་དྲིན་ཅན་དག་གི་ཕྱག་ལས་ཀྱི་གཙོ་གནད་དུ་གྱུར་ཅིང་། དེ་དང་མཉམ་དུ་སྔར་གྱི་འགྱུར་ལ་སྐབས་བསྟུན་གྱི་སྒྱུར་བཅོས་ཞུས་ཆེན་པ་དག་གིས་རང་གིས་ཇི་ལྟར་སྣོན་བཅོས་ཞུས་གཏན་བྱས་པའི་གནས་ཚུལ་རྣམས་ཁ་སྣོན་བྱས་པར་བརྟེན་ནས་རིམ་གྱིས་ད་ལྟའི་འགྱུར་བྱང་འདི་ལྟ་བུ་ཞིག་གྲུབ་པར་ཁ་ཚོན་གཅོད་ནུས། རྣམ་འགྲེལ་རྩ་བར་མཚོན་ནའང་། ཕྱི་དར་དུས་སུ་ཐོག་མར་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་དང་། དེ་ནས་རྔོག་བློ་ལྡན་ཤེས་རབ། དེ་ནས་ས་སྐྱ་པཎ་ཆེན་སོགས་བརྒྱུད་དེ་རིམ་གྱིས་འགྱུར་ལེགས་སུ་གཏོང་ཚུལ་རྣམ་འགྲེལ་རང་གི་འགྱུར་བྱང་ལས་གསལ་ལྟ་བུ་རེད།
དེ་ལྟ་ནའང་། ཚད་མ་རྣམ་འགྲེལ་བོད་ལ་བསྒྱུར་སྔ་ཡང་། ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ལས། “བོད་ཁ་ཅིག་ན་རེ། ཚད་མའི་བསྟན་བཅོས་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མིན་ཏེ། རྟོག་གེའི་བསྟན་བཅོས་ཡིན་པའི་ཕྱིར་དང་། ནང་རིག་པའི་བསྟན་བཅོས་ལས་ཕྱི་རོལ་ཏུ་གྱུར་པའི་གཏན་ཚིགས་རིག་པ་ཡིན་པའི་ཕྱིར་ཞེས་དང་། ཡང་དེ་ཉིད་ལས། ཁ་ཅིག་ན་རེ། མངོན་སུམ་རྗེས་དཔག་དགོས་པ་མེད།། མུ་སྟེགས་རྩོད་པ་བཟློག་པའི་ཕྱིར།། མཁས་པ་རྣམས་ཀྱིས་བྱས་པ་ཡིན།། ཞེས་བཤད་པ་ལྟར། ཚད་མའི་བསྟན་བཅོས་འདི་དག་ཕྱི་རོལ་མུ་སྟེགས་པའི་ལོག་རྟོག་དགག་པའི་ཕྱིར་དུ་གསུངས་པ་ཡིན་པས། ཕྱི་རོལ་བ་མེད་པའི་ས་ཕྱོགས་སུ་ཉན་པ་དང་འཆད་པ་སོགས་བྱེད་པ་ལ་དགོས་པ་མེད་པར་འགྱུར་རོ།། ཞེས་དང་། ཡང་དེ་ཉིད་ལས། ཁ་ཅིག བསྟན་བཅོས་འདི་དག་ཟས་ཀྱི་ལན་ཚྭ་དང་འདྲ་བར་འདི་ཉིད་གཙོ་བོར་ཉེར་མཁོ་མེད་ཀྱང་། འདི་དག་གི་དོན་ཁོང་དུ་ཆུད་ན་གཙོ་བོའི་དོན་གཞན་ཁོང་དུ་ཆུད་པ་ལ་ཉེ་བར་མཁོ་བ་ཙམ་ཡིན་ནོ།།” ⒄ཞེས་གསུངས་པ་ལྟར་བཞེད་མཁན་གྱི་བོད་སྔ་རབས་པའི་མཁས་པ་མང་སྟབས། གཞུང་འདིའི་འཆད་ཉན་ལའང་དོ་སྣང་དེ་འདྲ་མ་བྱས་པའི་དབང་གིས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་ནས། “ལོ་ཆེན་(རྔོག་བློ་ལྡན་ཤེས་རབ་)མ་བྱོན་པའི་གོང་ན། འདུལ་བ་དང་། ཆོས་མངོན་པའི་བཤད་ཉན་དར་པོ་ཡོད་ཀྱང་། རིགས་པའི་ལམ་ལས་ནས་དྲངས་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པ། ཆོས་ཀྱི་གྲགས་པའི་གཞུང་དང་མཐུན་པར་འཆད་ཤེས་པ་མ་བྱུང་ངོ་།།” ⒅ ཞེས་གསུངས་པར་བལྟས་ན་རྣམ་འགྲེལ་གྱི་རིགས་པ་དར་མི་ཆེ་བ་གསལ་བོར་མཚོན་ནུས། ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་པོ་བྱོན་པ་ནས་བཟུང་སྟེ། “སྔོན་ཆད་ཁ་བ་ཅན་གྱི་ལྗོངས་འདིར་ཚད་མ་སྡེ་བདུན་མདོ་དང་བཅས་པ་རྣམས་ནི་ཐ་སྙད་རིག་པའི་རྣམ་གཞག་གཏན་ལ་འབེབས་པའི་ཐུན་མོང་བའི་གཞུང་ལུགས་ཙམ་དུ་འཛིན་པ་ལས། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རིམ་པ་སྟོན་པའི་གཞུང་ལུགས་མིན་པར་མཁས་བླུན་ཕལ་མོ་ཆེས་མགྲིན་གཅིག་ཏུ་སྒྲོག་པར་བྱེད་ཀྱང་། རྗེ་ཐམས་ཅད་མཁྱེན་པའི་རྣམ་དཔྱོད་དྲི་མ་མེད་པས་ཚད་མའི་གཞུང་ལུགས་སྤྱི་དང་ནང་ཚན་དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སོགས་ལ་ཞིབ་ཏུ་དཔྱད་ཅིང་གཟིགས་པ་ན། ཐེག་པ་གོང་འོག་གི་ཉམས་སུ་ལེན་པའི་རིམ་པ་མཐའ་དག་རིགས་པའི་ལམ་ནས་ཚང་ལ་མ་ནོར་བར་བསྟན་པ་ཐུགས་སུ་ཆུད་ཅིང་། དེ་ལ་བརྟེན་ནས་མཛད་པ་པོ་སློབ་དཔོན་ཡབ་སྲས་རྣམས་ལའང་བཅོས་མ་མ་ཡིན་པའི་དད་པ་ཤུགས་དྲག་པོ་འཁྲུངས་པ་སྟེ། དོན་དུ་ཚད་མའི་གཞུང་ལུགས་རྣམས་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་མ་ཡིན་པར་ཉམས་སུ་ལེན་རྒྱུའི་གདམས་པར་འཆར་བའི་ཐུགས་ངེས་གཏིང་ཕྱིན་པ་དེ་སྐབས་འཁྲུངས་པར་སྣང་ངོ་།།” ⒆ ཞེས་གསུངས་པ་ལྟར། ཁོང་གི་ནང་ཐུགས་ཀྱི་སྲས་མཆོག་མཁས་གྲུབ་ཆོས་རྗེས་ཀྱང་། རྟོག་པའི་དྲ་བ་རྣམ་བསལ་ཅིང་།། ཞེས་བྱ་བ་ལ་སོགས་པས་སྐུ་གསུམ་འཕྲིན་ལས་དང་བཅས་པ་མཐར་ཕྱིན་པའི་བདག་ཉིད་ཅན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ནས་དེ་ཉིད་མངོན་དུ་བྱ་བའི་ཕྱིར། དེའི་ཐབས་སུ་གྱུར་པའི་ལམ་གྱི་རིམ་པ་མཐའ་དག་རིགས་པའི་ལམ་ནས་དྲངས་ཏེ་མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་པའི་སྒོ་ནས་ཚུལ་བཞིན་དུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་འདི་བརྩམ་པར་བྱའོ།། ཞེས་དམ་བཅས་པ་ཡིན་པས། མཆོད་བརྗོད་ཀྱི་སྐབས་སུ་ཇི་སྐད་བཤད་པའི་སྐུ་གསུམ་འཕྲིན་ལས་དང་བཅས་པ་མཐར་ཕྱིན་པའི་རྫོགས་པའི་སངས་རྒྱས་དེ་ཉིད་ཐོབ་པར་བྱེད་པའི་ཐབས་མ་ལུས་པ་མདོ་དང་རྣམ་འགྲེལ་འདིར། རིགས་པའི་སྒོ་ནས་གཏན་ལ་ཕབ་པ་དེ་ཉིད་ཐོས་བསམ་གྱིས་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་བརྗོད་པ་དང་མཐུན་པར། སྒོམ་བྱུང་གིས་ཉམས་སུ་བླངས་པས་མངོན་དུ་གྱུར་པ་ཞེས་བྱ་བ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ།། ⒇ ཞེས་པའི་དགོངས་དོན་དམིགས་སུ་བཟུང་ནས་ཚད་མ་རྣམ་འགྲེལ་གྱི་འཕྲིན་ལས་ཁ་བའི་ལྗོངས་དང་ཁྱད་པར་དུ་རི་བོ་དགེ་ལུགས་པའི་ཕྱོགས་ལ་ཆེས་ཆེར་དར་བར་གྱུར་མོད། གོང་གི་རེའུ་མིག་ལས་གསལ་བ་བཞིན་དུ་རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་དང་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་གཉིས་ལས་རྩ་བའི་རྣམ་བཤད་གཞན་དག་ཏུ་འགྱུར་བྱང་བཀོད་མེད་ལ།བཀོད་ཡོད་པའི་རྩ་བའི་ཊིཀ་བཤད་འདི་གཉིས་ཀྱང་ཕལ་ཆེར་བསྟན་འགྱུར་གྱི་རྣམ་འགྲེལ་འགྱུར་བྱང་ལ་ཚིག་སྡུད་བྱས་པའི་ཁྱད་ཙམ་ལས་དོན་གཅིག་མཚུངས་སུ་སོང་འདུགདཔེ་མཚོན་འདི་ལྟ་བུའི་སྟེང་ནས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་སྔ་ཤོས་དག་དང་། ཕྱིས་ཀྱི་བརྗོད་བྱ་དོན་གྱི་མཐའ་ལ་དཔྱད་པ་གཙོར་འདོན་གྱི་རིགས་མང་ཆེ་བར་འགྱུར་བྱང་བཀོད་མེད་པ་དང་། རྣམ་འགྲེལ་རྩ་བའི་ཚིག་དོན་གྱི་འགྲེལ་བ་གཙོ་བོར་གཉེར་བའི་བསྟན་བཅོས་རྣམས་སུ་འགྱུར་བྱང་བཀོད་ཡོད་པ་ཤོས་ཆེ་བར་མཚོན་ཡོད་སྙམ་མོ།།
གསུམ་པ། རྨ་དགེ་བའི་བློ་གྲོས་དུས་སྐབས་ནམ་ཞིག་གི་མི་ཡིན་པར་དཔྱད་པ།
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བའི་ཚད་གཞུང་གྲགས་ཅན་འདི་སྒྱུར་མཁན་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཡིན་པར་ཕྱི་ནང་གི་མཁས་པ་རྣམས་དོགས་པ་མེད་ནའང་། སྔར་གྱི་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་ལོ་ཙཱ་བ་ཁོང་ཉིད་ཀྱི་ལོ་རྒྱུས་མི་གསལ་བས་འཚོ་བཞུགས་ཀྱི་དུས་ཚོད་གང་ཡིན་སོགས་ཀྱི་ཐད་ཡིག་ཐོག་ཏུ་བཀོད་པར་ཧེ་བག་ཆེན་པོ་བྱུང་ཡོད་དེ།དཔེར་ན། དུང་དཀར་ཚིག་མཛོད་ཆེན་མོར། “ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར།” (21)ཞེས་ལོ་ཙཱ་བ་འདི་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན་པར་གསུངས་པ་དང་། ཡང་ཁོང་གི་ཚིག་མཛོད་དེ་ཉིད་ལས། “རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་རབ་བྱུང་དང་པོའི་ཤིང་སྤྲེལ་(1044)ནས་རབ་བྱུང་དང་པོའི་ས་སྦྲུལ་(1089)དགུང་ལོ་ཞེ་དྲུག་ལ་གཞན་གྱིས་དུག་བཏང་སྟེ་བཀྲོངས། ལོ་རྒྱུས་ཞིབ་པ་དེབ་ཐེར་སྔོན་པོ་ལེ་ཚན་ན་པའི་ཤོག་གྲངས་3ནས་4བར་གསལ།” (22) ཞེས་གོང་གི་བྱོན་དུས་ལས་ལོ་ངོ་ཉིས་བརྒྱ་ལྷག་གིས་འཕྱིས་པའི་རབ་བྱུང་དང་པོའི་ཤིང་སྤྲེལ་སྤྱི་ལོ་1044ལོར་སྐུ་འཁྲུངས་ཚུལ་དང་། དེ་ནས་དགུང་ལོ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་དང་པོའི་ས་སྦྲུལ་སྤྱི་ལོ་1089ལོར་སྐུས་མྱ་ངན་ལས་འདས་ཚུལ་གསལ་བར་བཀོད་ཡོད་པ་དང་། དེ་བཞིན་དུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཕྱིས་ཀྱི་བོད་ཀྱི་མཁས་པ་སྔ་མ་ཕལ་མོ་ཆེས་ཀྱང་ལོ་ཙཱ་བ་འདི་བསྟན་པ་ཕྱི་དར་གྱི་དུས་སུ་བྱོན་པར་དངོས་ཤུགས་གང་རུང་ནས་བསྟན་ཡོད་པ་སོགས་བསྡོམས་ནས་གཞིགས་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་འདི་བ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན་པར་གསུངས་པའི་སྒྲུབ་བྱེད་དོན་མཐུན་ཞིག་མིག་སྔའི་ཡིག་ཚང་རྣམས་སུ་མི་གསལ་ལ། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འཁྲུངས་ལོ་རབ་བྱུང་དང་པོའི་ཤིང་སྤྲེལ་སྤྱི་ལོ་1044ལོ་དང་། འདས་ལོ་རབ་བྱུང་དང་པོའི་ས་སྦྲུལ་སྤྱི་ལོ་1089ལོ་ཡིན་པར་གསུངས་པ་ནི་ཐོག་མར་གུ་གེ་ཁྱི་ཐང་པ་དཔལ་ཡེ་ཤེས་ཀྱིས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཁ་ཆེར་སློབ་གཉེར་ལ་མངགས་ཚུལ་བཀོད་ཡོད་པ་ (23)དང་དུས་མི་འགྲིག་སྟེ། ང་ཚོས་ཤེས་གསལ་ལྟར་ལྷ་བླ་མ་ཡེ་ཤེས་འོད་ནི་སྤྱི་ལོ་947ལོར་སྐུ་འཁྲུངས་ཤིང་། སྐུ་ཚེ་སྟོད་ལ་གུ་གེའི་ཕྱོགས་ཀྱི་རྒྱལ་སྲིད་བཟུང་། སྲས་གཉིས་འཁྲུངས་པའི་མཚན་ལ་ནཱ་ག་རཱ་ཛ་དང་དྷེ་ཝ་རཱ་ཛ་ཟེར། ཕྱིས་སུ་ཁོང་ཉིད་རབ་ཏུ་བྱུང་བས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གསོལ། སྤྱི་ལོ་996ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་སློབ་མ་ཉེར་གཅིག་རྒྱ་གར་ཕྱོགས་སུ་སློབ་སྦྱོང་ལ་མངགས་ཤིང་། རྒྱ་གར་གྱི་པཎྜི་ཏ་འགའ་གདན་དྲངས་ཏེ་མདོ་རྒྱུད་དགོངས་འགྲེལ་ཁག་ལ་དག་ཐེར་དང་། གསར་བསྒྱུར། བསྒྱུར་ཟིན་དག་བཅོས་བཅས་མཛད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་འདྲེན་གྱི་སྦྱོར་བ་བརྩམས་པ་སོགས་བསྟན་སྲིད་ལ་སྨན་པའི་བྱ་བ་མང་པོ་བསྒྲུབས། མཐར་སྤྱི་ལོ་1019ལོར་མཐོ་ལྡིང་དུ་སྐུ་འདས་པར་གསུངས་པས། དེ་ལྟ་ན་རྨ་ལོ་ཙཱ་བ་འདི་བ་ངེས་པར་དུ་ལྷ་བླ་མ་ཡེ་ཤེས་འོད་སྐུ་བཞུགས་པའི་ནང་ཚུན་དུ་བྱོན་ཅིང་འཚོ་བཞུགས་དགོས་པ་བཤད་མ་དགོས་མོད། གལ་ཏེ་ཚིག་མཛོད་ལས་གསུངས་པ་ལྟར་རྨ་དགེ་བའི་བློ་གྲོས་ཀྱི་འཁྲུངས་ལོ་རབ་བྱུང་དང་པོའི་ཤིང་སྤྲེལ་སྤྱི་ལོ་1044ལོ་དང་། འདས་ལོ་རབ་བྱུང་དང་པོའི་ས་སྦྲུལ་སྤྱི་ལོ་1089ལོ་ཡིན་པའི་དབང་དུ་བྱས་ན། ལྷ་བླ་མ་ཡེ་ཤེས་འོད་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་ལྔའི་རྗེས་སུ་ལོ་ཙཱ་བ་འདི་འབྱོན་དགོས་པར་མི་འདོད་བཞིན་དུ་བབས་འདུག་པས་དོན་དངོས་དང་མི་འབྱོར་བ་མངོན་སུམ་དུ་མཐོང་ནུས་ལ། དེས་ན་འདིའི་འཁྲུལ་གཞི་ནི་གང་ལ་ཐུག་སྙམ་ན། དུང་དཀར་རིན་པོ་ཆེའི་ཚིག་མཛོད་ལས་རྨ་ལོ་ཙཱ་བ་ཞེས་པའི་ཐ་སྙད་ཀྱི་འགྲེལ་གྱི་ཐད་རྨ་ལོ་ཙཱ་བ་ཞེས་པ་ནི་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཡིན་པ་གཞིར་བཞག་བྱས་ནས་འགྲེལ་བརྒྱབ་པ་ལས་ནོར་འཛོལ་བྱུང་བར་གསལ་ཏེ། ཁོང་གིས་“ལོ་རྒྱུས་ཞིབ་པ་དེབ་ཐེར་སྔོན་པོ་ལེ་ཚན་ན་པའི་ཤོག་གྲངས་3ནས་4བར་གསལ།” ཞེས་གསུངས་ཀྱང་དེབ་ཐེར་སྔོན་པོའི་ལེ་ཚན་ན་པར། “དམ་པ་རྨ་དེ་ནི། ཡར་སྟོད་སྐྱེར་སྣང་རྨ་སྨོན་ལམ་ཞེས་བྱ་བའི་སྲས་སུ་ཤིང་མོ་ལུག་ལ་འཁྲུངས། ཤིང་ལུག་དེ་ནི་ཇོ་བོ་རྗེ་གཤེགས་པའི་ཕྱི་ལོ་(སྤྱི་ལོ་1055)དང་། བུ་ཏོ་པས་བཅུ་གསུམ་ལོན་པའི་ལོ་དེ་ཡིན།”ཞེས་དང་། ཡང་དེབ་ཐེར་སྔོན་པོའི་ལེ་ཚན་ང་པར། “དེ་ཡང་རྨ་ལོ་ཙཱ་བ་དེ། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་ཤིང་སྤྲེའུའི་ལོ་ལ་འཁྲུངས།” ཞེས་གསུངས་ཡོད་པ་གཉིས་ལས་ལུང་སྔ་མའི་དམ་པ་རྨ་ཞེས་པ་ནི་ལོ་ཆེན་རིན་ཆེན་བཟང་པོ་སྐུ་འདས་པའི་ལོ་དང་། ཡང་ན་ལྷ་བླ་མ་ཡེ་ཤེས་འོད་སྐུ་འདས་ནས་ལོ་ངོ་སོ་དྲུག་གི་མཚམས་སུ་སྐུ་འཁྲུངས་པ་ཡིན་དགོས་པས་དུས་མི་འགྲིག་ལ། ལུང་ཕྱི་མའི་སྐབས་ཀྱི་རྨ་ལོ་ཙཱ་བ་ཞེས་པའང་། ལྷ་བླ་མ་ཡེ་ཤེས་འོད་སྐུ་འདས་ནས་ལོ་ཉེར་ལྔའི་མཚམས་སུ་སྐུ་འཁྲུངས་དགོས་ལ། དེ་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་ལས། ཤིང་སྤྲེའུ། མ་ཅིག་ཞ་མའི་མཛའ་ཕོ་ལ་སྟོད་པ་རྨ་ལོ་ཙཱ་ཆོས་འབར་ (24) ཞེས་གསུངས་པ་ལྟར། སྐབས་འདིའི་རྨ་ལོ་ཙཱ་བ་ཞེས་པ་འདི་ཤིང་སྤྲེལ་སྤྱི་ལོ་1044ལོར་སྐུ་འཁྲུངས་པའི་ལོ་ཙཱ་བ་རྨ་བན་ཆོས་འབར་ (25)ཡིན་པ་དོགས་པ་མི་དགོས་སྙམ། དེ་ལྟ་ན་སྐབས་འདིའི་རྨའི་མཚན་ཅན་སྔ་ཕྱི་ཉིས་ཀའང་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་མིན་པ་ཐག་གིས་ཆོད་དོ།།
འོ་ན་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བོད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཞེས་པ་ནི། གུ་གེ་ཁྱི་ཐང་པ་དཔལ་ཡེ་ཤེས་ཀྱིས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་ལས།(ཤ41) “ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བླ་མ་ལོ་ཚ་བ་ཆེན་པོ་ (26) ལ་རིག་པ་གཅན་(ཅན)གྱི་ཁྱེའུ་ལྔ། ཞབས་རྟོག་ཆེ་བ་ལྔ། འཐུགས་ཆེས་པ་ལྔ།བཅོ་ལྔ་ཉེ་གནས་སུ་རྫངས།” (27)ཞེས་དང་། ཡང་དེ་ཉིད་ལས།(ཤ42—43) “རིག་པ་ཅན་གྱི་ཁྱེའུ་ལྔ་ལ་གཉིས་ཚད་པས་གྲོངས། གསུམ་ལུས་པ་ནི། མང་ཝེར་ལོ་ཚ་བ་བྱང་ཆུབ་ཤེས་རབ། རྨེ་ལོ་ཚ་བ་དགེ་བ་བློ་གྲོས། འཛང་ལོ་ཚ་བ་རིན་ཆེན་གཞོན་ནུ་དང་གསུམ་མོ།། དེ་གསུམ་ཡང་ལོ་ཚ་བ་ཆེན་པོའི་བུ་ཆེན་ཡིན་པས། མང་ཝེར་ལོ་ཚ་བ་བྱང་ཆུབ་ཤེས་རབ་ལ་སྟི་ཡག་གསལ། རྨེ་ལོ་ཚ་བ་དགེ་བ་བློ་གྲོས་ལ་རི་ཧྲི་གསལ། འཛང་ལོ་ཚ་བ་རིན་ཆེན་གཞོན་ནུ་ལ་ཏིང་མེད་གསལ།” (28) ཞེས་གསུངས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་ཕྱོགས་སུ་བསླབ་གཉེར་ལ་ཕེབས་པའི་གྲོགས་ཏན་དུ་རིག་པ་ཅན་གྱི་སློབ་མ་ཁྱེའུ་ལྔ་སོགས་ཉེ་གནས་ཉེར་ལྔ་མངགས་པའི་གྲས་ཡིན་པ་གསལ་བོར་རྟོགས་ནུས་ཤིང་། དུས་ཀྱི་ཡ་མཐའི་དབང་དུ་བྱས་ནའང་། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཁོང་ནི་ལོ་ཆེན་རིན་ཆེན་བཟང་པོར་བལྟོས་ཏེ་ལོ་ན་གཞོན་ཚུལ་གོང་དུ་གླེང་མ་ཐག་པ་ལྟར་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་དེ་ཉིད་ལས། “ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བླ་མ་ལོ་ཚ་བ་ཆེན་པོ་ལ་རིག་པ་གཅན་(ཅན)གྱི་ཁྱེའུ་ལྔ།”ཡི་ཉེ་གནས་མངགས་པར་བཤད་པ་ལས་ཤེས་ཐུབ། དེ་ལྟ་ན་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས་ལོ་ནི་སྤྱི་ལོ་958ལོའི་བོད་ཟླ་6པའི་ཚེས་10ཉིན་ཡིན་པས། རྨ་དགེ་བའི་བློ་གྲོས་ཀྱང་ལོ་དེའི་རྗེས་སུ་སྐུ་འཁྲུངས་པ་ཡིན་པར་ཚོད་དཔོག་མི་བྱེད་ཐབས་མེད་བྱུང་། དེ་བཞིན་དུ་མ་མཐའི་དབང་དུ་བྱས་ནའང་། ལྷ་བླ་མ་ཡེ་ཤེས་འོད་སྐུ་མ་འདས་ཡར་སྔོན་ཏེ་སྤྱི་ལོ་1019ལོའི་གོང་རོལ་དུ་བྱོན་པ་ལས་དེའི་རྗེས་མིན་པ་གཏན་འཁེལ་བྱེད་ཐུབ།
དམ་པ་འདི་ཉིད་ཀྱི་བསྒྱུར་རྩོམ་ལ་བཀའ་འགྱུར་ཁྲོད་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ་དང་། འཇམ་དཔལ་དཔའ་བོ་གཅིག་ཏུ་སྒྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ་སོགས་དང་།བསྟན་འགྱུར་ཀྱི་ནང་གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་བ་དང་། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། ཚིག་ལེའུར་བྱས་པ་སུམ་བརྒྱ་བའི་རྣམ་བཤད་སློབ་མ་ལ་ཕན་པ། འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་བཤད། རྩོད་པའི་རིགས་པ། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ། ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ།(འདི་དང་རང་འགྲེལ་བསྡོམས་པ་ལ་ཡོངས་གྲགས་སུ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར།) དབེན་པའི་གཏམ། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག ཚད་མའི་མདོ་ཀུན་ལས་བཏུས་པའི་དགོངས་འགྲེལ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོའི་སྒྲུབ་ཐབས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ། སྐྱབས་སུ་འགྲོ་བ་བསྟན་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། བྱང་ཆུབ་ལམ་གྱི་སྒྲོན་མ། ཡི་གེ་བདུན་པའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ། བདེ་མཆོག་ཤེས་རབ་བྱེད་པ།འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས།རྡོ་རྗེ་སེམས་དཔའ་འབྱུང་བའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སོགས་བསྡོམས་པས་ཆོས་ཚན་སུམ་ཅུ་ལྷག་བཞུགས་སོ།།
མདོར་ན། བཙན་པོའི་དུས་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱིས་མཚོན་པའི་ཚད་མའི་བསྟན་བཅོས་འགའ་རེ་བོད་ཀྱི་ཡུལ་དུ་བསྒྱུར་ཡོད་པ་དང་། ལྷག་པར་དུ་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་སོགས་དུས་རབས་བཅུ་བའི་སྨད་ཙམ་ནས་བཅུ་གཅིག་པའི་འགོའི་བར་གང་རུང་ཞིག་ཏུ་བསྒྱུར་ནའང་། རྔོག་ལོ་ཆེན་པོ་མ་བྱོན་གྱི་བར་ཚད་མའི་འཆད་ཉན་དར་རྒྱས་ཆེན་པོ་བྱུང་མེད་པ་དང་། དེ་ནས་དེའི་ཕྱིས་སུའང་དུས་སྐབས་རིང་ཙམ་ཞིག་ལ་ཚད་མ་རྣམ་ངེས་གཙོ་བོར་བྱེད་པའི་སྲོལ་ཆགས་པས། ཚད་མ་རྣམ་འགྲེལ་གྱི་འཕྲིན་ལས་ནི་གཙོ་བོ་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་བྱོན་པ་ནས་ཆེས་ཆེར་རྒྱས་པ་ཡིན། བསྟན་བཅོས་འདིའི་ཐོག་མའི་འགྱུར་གྱི་དབང་དུ་བྱས་ནའང་། སྤྱིར་བསྟན་པ་སྔ་དར་གྱི་དུས་ནས་བོད་ལ་བསྒྱུར་ཡོད་མོད། ཕྱིས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བསྒྱུར་བར་གསུངས་པ་ནི་བསྟན་པ་ཕྱི་དར་གྱི་དབང་དུ་བྱས་པའི་ཞིབ་ཆ་འབྱེད་དགོས་པར་འདོད་དོ།།
མཆན་འགྲེལ།
①2012ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་གནད་ཆེའི་རྣམ་གྲངས་ལས་གཞི་《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོའི》(12&ZD127) དཔྱད་འབྲས་གྲས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གསར་བཏོད་ཚོགས་པའི་[(2016)ཨང་57པ]དངུལ་གཏོང་ལས་གཞི། ནུབ་བྱང་མི་རིགས་སློབ་ཆེན་ནུབ་བྱང་མི་རིགས་ཡིག་ཚང་ལྟེ་གནས་(西北民族文献研究基地)ཀྱི་དངུལ་གཏོང་ལས་གཞི་བཅས་ཡིན།
②པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་《ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་དགའ་བྱེད། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་པོད་བཅུ་དགུ་པ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2013ལོའི་ཟླ་5པར་པར་དུ་བསྐྲུན། ཤ22
③འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་《དེབ་ཐེར་སྔོན་པོ》(སྟོད་ཆ) [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོའི་ཟླ་1པར་པར་དུ་བསྐྲུན། ཤ97
④དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དང་པོ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2007ལོའི་ཟླ་3པར་པར་དུ་བསྐྲུན། ཤ75
⑤⑥《དཀར་ཆག་འཕང་ཐང་མ》 [G] བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2003ལོའི་ཟླ་12པར་པར་དུ་བསྐྲུན། ཤ47 ཤ43-44
⑦⑧《བསྟན་འགྱུར་དཔེ་བསྡུར་མ》[G] དེབ་གྲངས་116 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2000ལོའི་ཟླ་4པར་པར་དུ་བསྐྲུན། ཤ824 ཤ822-823
⑨ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད་པའི་《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མའི་ལོ་རྒྱུས》 [M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་སྤྱི་ལོ་2004ལོའི་ཟླ་5པའི་ཚེས་15ཉིན་པར་སྐྲུན་བྱས། ཤ236
⑩⑾⑿⒀《སྡེ་དགེ་བསྟན་འགྱུར་ཤིང་པར》[G] ཚད་མ། (ཅེ་པོད) སྤྱི་ལོ་1737ལོ་ནས་སྤྱི་ལོ་1744ལོའི་བར། ཤ151
⒁དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྣམ་འགྲེལ་རྩ་བའི་ཤིང་པར་འགྱུར་བྱང་དུ་ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤཱི་བྷ་དྲ་ལ་སོགས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སླར་ཡང་བསྒྱུར་ཞུས་མཛད་ནས་གཏན་ལ་ཕབ་ཚུལ་ལས་རྨ་ལོའི་འགྱུར་ལ་གཞི་བྱས་ཚུལ་བཀོད་མེད། 《གཞུང་པོ་ཏི་ལྔའི་རྩ་བ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1996ལོའི་ཟླ་11པར་པར་དུ་བསྐྲུན།
⒂ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་《སྡེ་དགེ་བསྟན་འགྱུར་དཀར་ཆག》 [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོའི་ཟླ་12པར་པར་དུ་བསྐྲུན། ཤ822
⒃《སྣར་ཐང་བསྟན་འགྱུར་ཤིང་པར》[G]ཚད་མ། (ཅེ་པོད) ཤ258 དང་། ཡང་ན་《བསྟན་འགྱུར་དཔེ་བསྡུར་མ》 [G] (ཅེ་པོད) ཚད་མ། དེབ་གྲངས་97པ། ཤ600 ཤ612
རྣམས་སུ་གསལ།
⒄རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་《ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ཞེས་བྱ་བ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996.12 ཤ3-7
⒅གསེར་མདོག་པཎ་ཆེན་གྱིས་མཛད་པའི་《རྔོག་ལོ་ཙཱ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་པོད་བཅུ་དྲུག་པ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2013ལོའི་ཟླ་5པར་པར་དུ་བསྐྲུན། ཤ349
⒆འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》 [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1981ལོའི་ཟླ་11པའི་ཚེས་1ཉིན་པར་དུ་བསྐྲུན། ཤ146
⒇མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ》[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ》 ཐ་པོད། དེབ་བཅུ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤ563
(21)(22)དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བསྒྲིགས་པའི་《དུང་དཀར་ཚིག་མཛོད་ཆེན་མོ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2002ལོའི་ཟླ་4པར་པར་དུ་བསྐྲུན། ཤ1694 ཤ1638
(23)ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་ལས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བླ་མ་ལོ་ཚ་བ་ཆེན་པོ་ལ་རིག་པ་གཅན་གྱི་ཁྱེའུ་ལྔ། ཞབས་རྟོག་ཆེ་བ་ལྔ། འཐུགས་ཆེས་པ་ལྔ། བཅོ་ལྔ་ཉེ་གནས་སུ་རྫངས། (ཤ41) ཞེས་དང་། ཡང་དེ་ཉིད་ལས། རིག་པ་ཅན་གྱི་ཁྱེའུ་ལྔ་ལ་གཉིས་ཚད་པས་གྲོངས། གསུམ་ལུས་པ་ནི། མང་ཝེར་ལོ་ཚ་བ་བྱང་ཆུབ་ཤེས་རབ། རྨེ་ལོ་ཚ་པ་དགེ་བ་བློ་གྲོས། འཛང་ལོ་ཚ་བ་རིན་ཆེན་གཞོན་ནུ་དང་གསུམ་མོ།། དེ་གསུམ་ཡང་ལོ་ཚ་བ་ཆེན་པོའི་བུ་ཆེན་ཡིན་པས། མང་ཝེར་ལོ་ཚ་བ་བྱང་ཆུབ་ཤེས་རབ་ལ་སྟི་ཡག་གསལ། རྨེ་ལོ་ཚ་བ་དགེ་བ་བློ་གྲོས་ལ་རི་ཧྲི་གསལ། འཛང་ལོ་ཚ་བ་རིན་ཆེན་གཞོན་ནུ་ལ་ཏིང་མེད་གསལ། (ཤ42—43)ཞེས་གསུངས།
(24)སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་《ཆོས་འབྱུང་དཔག་བསམ་ལྗོན་བཟང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོའི་ཟླ་12པར་པར་དུ་བསྐྲུན། ཤ831
(25)སྤྱི་ལོ་1044ལོར་ལ་སྟོད་ལྷོར་སྐུ་འཁྲུངས། བོད་དང་བལ་ཡུལ། རྒྱ་གར་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་མཛད་ཅིང་། ལེགས་སྦྱར་གྱི་སྐད་ཡིག་ལ་མཁས་པར་སྦྱངས། (འདི་རྒྱ་གར་ཕྱག་ནའི་ཡང་སློབ་ཡིན། རྒྱ་གར་དུ་ཁ་ཆེ་དགོན་པ་བ་དང་། ཨ་བྷ ་ཡཱ་ཀཱ་ར་གུབྷ་ལ་སོགས་པར་གསན་པ་མང་དུ་མཛད་ཅིང་བཞུགས་པ་ན་བླ་མ་དེ་རྣམས་ཀྱིས་ཁྱོད་བོད་དུ་སོང་ལ། འཕགས་མ་སྒྲོལ་མའི་སྤྲུལ་བ་འདི་ལྟ་བུ་ཞིག་ཡོད་པ་ཕྱག་རྒྱར་མཛད་པ་ཡིན་ནོ།། དེ་ནས་རྨ་ལོ་ཙཱ་བས་ཁྱུང་པོའི་ཐད་དུ་རབ་ཏུ་བྱུང་ཞེས་གསུངས།) དེ་ནས་དགུང་ལོ་ཞེ་དྲུག་པ་སྤྱི་ལོ་1089ལོར་ཕེབས་སྐབས་འཁོན་ཕུ་བ་ཉེ་གནས་སུ་ཁྲིད་དེ་ཤབ་ཏུ་བྱོན་པའི་ཚེ་གཞན་གྱིས་དུག་དྲངས་ནས་གྲོངས། འདི་ཉིད་ཀྱི་འགྱུར་ལ། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། དཔལ་ཧེ་རུ་ཀའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་མན་ངགདཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞལ་གཉིས་མ་ཆུང་བ། དབུ་བཅད་མའི་ཐབས་ཆེ་བ། ཕྱིར་བཟློག་གི་འཁོར་ལོ། དངོས་པོ་སྦྱོང་བ། ལྷ་མོ་དབྱངས་ཅན་གྱི་བསྟོད་པ། སེམས་བརྟག་པ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་རིན་པོ་ཆེ་གསལ་བ་ཞེས་བྱ་བ་སོགས་བཞུགས་སོ།།
(26)ལོ་ཆེན་རིན་ཆེན་བཟང་པོའི་མཚན་ཡིན་ཏེ། ཁོང་ནི་སྤྱི་ལོ་958ལོར་མངའ་རིས་གུ་གེའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་ཞིང་། མངའ་རིས་གུ་གེའི་རྒྱལ་པོས་བཀའ་མངགས་ལྟར་རྒྱ་གར་དུ་ཕེབས་ཏེ་པཎ་གྲུབ་མང་པོར་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཛད། རྒྱ་གར་དང་ཁ་ཆེའི་པཎྜི་ཏ་མང་པོ་བོད་དུ་གདན་དྲངས་ནས་བཀའ་འགྱུར་དང་བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། ལོ་རྒྱུས་ཐོག་ཏུ་ལོ་ཙཱ་བ་འདི་བའི་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང་། རྗེས་སུ་བསྒྱུར་བ་ལ་གསང་སྔགས་གསར་མ་ཞེས་གྲགས། དགུང་ལོ་གྱ་ལྔ་པར་ཇོ་བོ་རྗེ་ལས་བདེ་མཆོག་སོགས་གསན། མངའ་རིས་སུ་དགོན་པ་དང་གཙུག་ལག་ཁང་འགའ་བཞེངས་ཤིང་། རྒྱལ་པོ་ལྷ་ལྡེ་ཁྲིར་འཁོད་རྗེས་ཁོང་ལ་རྡོ་རྗེ་སློབ་དཔོན་ཞེས་པའི་མཚན་གསོལ་ཞིང་མཆོད་གཞིས་ཕུལ་བས་ལོ་རྒྱུས་ཐོག་ཏུ་བླ་མ་དང་དགོན་པར་གཞིས་ཀ་ཕུལ་བའི་སྲོལ་ཚུགས། སློབ་མ་གྲགས་ཆེ་བ་ནི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་སོགས་དང་། བསྒྱུར་རྩོམ་ལ་བཀའ་འགྱུར་གྱི་སྐོར་པོ་ཏི་བཅུ་བདུན་དང་། བསྟན་འགྱུར་གྱི་སྐོར་པོ་ཏི་སོ་གསུམ། གསང་སྔགས་ཀྱི་སྐོར་པོ་ཏི་བརྒྱ་རྩ་བརྒྱད། བཟོ་གསོ་རིག་པའི་སྐོར་ལ་པོ་ཏི་དུ་མ་བཞུགས། དེ་མིན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་བའི་བསྟན་བཅོས་མང་ཆེ་བར་ཞུ་དག་མཛད། སྤྱི་ལོ་1055ལོར་སྐུ་གཤེགས།
(27)(28)[意] 图齐著;《梵天佛地》第二卷,上海古籍出版社,2009年,第133—162页。
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1