ས་དེའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་་ཅིན་ནའེ་ནས་མུ་མཐུད་དུ་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་གྲོས་མོལ་མཛད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅུ་གཉིས་ཉིན་ཅིན་ནའེ་ནས་མུ་མཐུད་དུ་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་ཝུའུ་ཧྭན་ནས་གྲོས་མོལ་བྱས་པའི་ཚུན་དུ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་གསར་བར་ཞུགས་པ་དང་། གྲོས་མོལ་གྱི་ཕན་འབྲས་རྒྱུན་མ་ཆད་པར་མངོན་ཡོང་། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་ལ། མི་གྲངས་དུང་ཕྱུར་བཅུ་ལས་བརྒལ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱང་ཡིན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཀྲུང་གོའི་འགྱུར་བ་མེད་པའི་སྲིད་ཇུས་ཡིན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་འཛམ་གླིང་ཧྲིལ་བོའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་འགན་འཁྲི་སྔར་ལས་གལ་ཆེན་ཕྲག་ཏུ་ཁུར་ཡོད། མ་འོངས་པའི་ལོ་འགའ་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། ང་ཚོས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་ཟུར་ངོས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལོ་བརྒྱའི་འཆར་གཞི་འཆར་འགོད་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནང་སྐྱེས་སྒུལ་ཤུགས་ཆེན་པོ་སྣོན་པ་དང་། མཉམ་དུ་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་ཆེན་པོའི་རླབས་ཆེན་གྱི་བསྐྱར་དར་མངོན་འགྱུར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་གཅིག་ནས་ཕན་ཚུན་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། འཐབ་ཇུས་ཡིད་རྟོན་ཇེ་དྲག་ཏུ་གཏོང་དགོས། གཉིས་ནས་དུས་ཐོག་ཏུ་འཐབ་ཇུས་བརྗེ་རེས་སྤེལ་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་དམག་དོན་བདེ་འཇགས་འགྲོ་འོང་དང་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་དགོས། བཞི་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ཕན་གྱི་སྦྲེལ་ཐག་ཇེ་དམ་དུ་གཏོང་དགོས། ལྔ་ནས་མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཛའ་བརྩེའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དྲུག་ནས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་བཅས་ཀྱི་དགོངས་འཆར་འགའ་བཏོན།
མའོ་ཏིས་ཀྱིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་གཉིས་ཀ་དཔལ་ཡོན་དར་བའི་རྒྱལ་ཁབ་ཆེན་པོ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། མིག་སྔའི་གཏན་ཁེལ་མིན་པའི་རང་བཞིན་ལྡན་པའི་རྒྱལ་སྤྱིའི་གནས་བབ་འོག བརྗེ་རེས་དང་མཐུན་སྦྱོར། མཉམ་ལས་ལ་ཤུགས་སྣོན་པ་དང་། འབྲེལ་བ་གཏན་འཇགས་དང་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཕན་ཚུན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། ཕན་ཡོད་པའི་སྒོ་ནས་འགལ་རྩོད་ཚོད་འཛིན་དང་ཐག་གཅོད་པ། འགལ་རྩོད་དེ་རྩོད་གཞི་མི་འགྱུར་བར་བྱེད་པ་དང་། སྔར་ལས་དམ་ཟབ་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་བའི་འགོ་རྩོམ་དགོས་ཟེར།
མའོ་ཏིས་ཀྱིས་ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་གར་གྱིས་ཀྲུང་གོའི་གྲུབ་འབྲས་ཆེན་པོ་བླངས་པར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད་ལ། རྒྱ་གར་དང་ཀྲུང་གོ་གཉིས་ཀས་མི་རིགས་བསྐྱར་བྱེད་ཀྱིན་པའི་སྒང་ཡིན་པས། རྒྱལ་ཁབ་གཉིས་ཀ་གཅིག་འདྲའི་འགྲན་རྩོད་མང་པོ་འཕྲད་ཡོད་པ་དང་། རྒྱ་གར་གྱིས་ཀྲུང་གོ་དང་བརྗེ་རེས་དཔེ་ལྟ་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཅིན་ནའེ་ཡི་གྲོས་མོལ་བརྒྱུད་དེ། ང་དང་ཙུང་ལི་མའོ་ཏིས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཐད་ནས་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་བསམ་འཆར་བརྗེ་རེས་བྱས་པནས། ཕན་ཚུན་གྱི་རྒྱུས་ལོ་ཇེ་ཟབ་ཏུ་བཏང་བ་དང་། དམིགས་འབེན་དང་བསམ་ཕྱོགས་སྔར་ལས་གསལ་བོ་གཏན་ཁེལ་བྱས། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་བྱེད་པར་མཆན་བཀོད་མཛུབ་སྟོན་བཀོད་དེ། ཀྲུང་གོ་དང་རྒྱ་གར་གྱི་མཉམ་ལས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ཡི་མགོ་མཇུག་བར་གསུམ་དུ། ང་ལ་རྒྱ་གར་སྲིད་གཞུང་དང་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ངས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཉམས་སུ་མྱོང་ཐུབ་པ་བྱུང་། ངས་ཙུང་ལི་མའོ་ཏིས་ཡང་བསྐྱར་ཀྲུང་གོར་ཡོང་ནས་གྲོས་མོལ་བྱེད་པའི་གདན་འདྲེན་ཞུས་པ་ཡིན་ཟེར།
ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་བྱ་འགུལ་ལ་ཞུགས།