སྡེ་དགེའི་ཁྲི་ཆེན་སངས་རྒྱས་བསྟན་པ།(1627-1705)
སྡེ་དགེ་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པས། ངོར་ཨེ་ཝཾ་པའི་བླ་མ་གོང་མའི་ཐུགས་དམ་སྐད་གཉིས་ཤན་སྦྱར་གྱི་ཤེར་ཕྱིན་བརྒྱད་སྟོང་པའི་གླེགས་བམ་ཕུལ་བ་པར་དུ་བརྐོས། སྡེ་དགེར་བཀའ་དང་དགོངས་འགྲེལ་ཆོས་སྦྱིན་པར་གྱི་འཕྲུལ་འཁོར་མི་ཟད་པ་འབྱུང་བའི་སྒོ་དང་པོ་དེ་ནས་འགྲིག །
སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་།(1678-1738)
ཆོས་རྒྱལ་བསྟན་པ་ཚེ་རིང་གིས། སྡེ་དགེ་པར་ཁང་གི་རྨང་གཞི་བཀའ་འགྱུར་ལྷ་ཁང་གསར་བཞེངས་བྱས་ཏེ། དམ་པ་ཆོས་ཀྱི་བསྟན་པ་བོད་ཡུལ་འདིར་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་སྔ་བའི་ཆོས་ཀྱི་རྒྱལ་པོ་ཞེས་ཡོངས་སུ་གྲགས། །
ཀུན་དགའ་ཕྲིན་ལས་རྒྱ་མཚོ།(དུས་རབས་18པ།)
ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་ཀུན་དགའ་ཕྲིན་ལས་རྒྱ་མཚོས། ཡབ་སྲས་ཐམས་ཅད་ཞལ་འཛོམས་བཞུགས་པའི་སྐབས་སུ་བཞེངས་པའི་བསྟན་འགྱུར་འཕྲོ་ཆ་ཚང་དང་། གཙུག་ལག་ཁང་བཀྲ་ཤིས་སྒོ་མང་གི་རྟེན་དང་བརྟེན་པ་གསར་བཞེངས་མཛད།
སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོ། (1627-1700)
སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོ་ས་དབང་བདེ་དགའ་བཟང་པོའི་བཙུན་མོར་ཁབ་ཏུ་བཞེས་ཏེ་རྒྱལ་པོ་དགུང་གྲངས་ཉེར་གསུམ་ཐོག་ཞིང་དུ་གཤེགས་ནས་ལྷ་སྲས་སྐུ་ན་མ་སོན་གྱི་བར་སྡེ་དགེའི་རྒྱལ་རབས་བཅུ་བདུན་པའི་རྒྱལ་སྲིད་ཀྱི་གོ་ས་མི་ལོ་བཅུ་དྲུག་ཙམ་ལ་བཟུང་ནས་སྔ་འགྱུར་རྙིང་མ་རྒྱུད་འབུམ་པོ་ཏི་ཉེར་དྲུག་སོགས་པོ་ཏི་ལྔ་བཅུ་ལ་ཉེ་བའི་ཤིང་པར་གསར་དུ་བཞེངས་པར་མཛད། ཀཿཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་དེ་ཡི་དཀར་ཆག་མཛད། །
སངས་རྒྱས་ཕུན་ཚོགས།(1627-1700)
ངོར་མཁན་རབས་ཉེར་བཞི་པ་སངས་རྒྱས་ཕུན་ཚོགས་ཀྱིས། རྒྱལ་བའི་ཆོས་ཀྱི་སྙིང་པོ་ཡིད་བཞིན་ནོར་བུ་སྟོང་ལས་ཆེས་ལྷག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བྱིན་ལྡན་སུམ་ཕབ་གླེགས་བམ་སྔོན་མེད་པར་དུ་བསྒྲུབས་པ་དེ་ཡི་དཀར་ཆག་བསྔོ་བ་སྨོན་ལམ་བཀྲ་ཤིས་ཡོངས་སུ་རྫོགས་པ་བཅས་མཛད། །
སི་ཏུ་ཆོས་ཀྱི་འབྱུང་གནས།(1699-1774)
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་པོ་བོད་འདིར་སྔ་བའི་སྣར་ཐང་བཀའ་འགྱུར་བཅས་སོ་སོ་ཡི་དཔེ་ཁུངས་བཙུན་པ་རྣམས་དང་གོ་བསྡུར་ཞིང་ཞུ་དག་ལེགས་པར་མཛད་པ་དེ་ཡི་དཀར་ཆག་རྒྱས་པར་མཛད། བསྟན་འགྱུར་པར་བརྐོ་བའི་དབུ་བརྩམས། །
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།(1678-1774)
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་ཅོག་ཕྱི་མོར་བཟུང་ཞིང་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་རྣམས་མ་ཕྱི་བགྱིས་ནས་ཞུ་དག་མཐར་ཕྱིན་པའི་ཚུལ་ལེགས་པར་མཛད་ནས་དེ་ཡི་དཀར་ཆག་རྒྱས་པར་མཛད།
དཔལ་ལྡན་ཆོས་སྐྱོང་།(1702-1759)
ངོར་མཁན་རབས་སུམ་ཅུ་སོ་བཞི་པ་དཔལ་ལྡན་ཆོས་སྐྱོང་སྤྱི་ལོ་1730ལོར་སྡེ་དགེ་ཕེབས་ཏེ་ལོ་གྲངས་བཅོ་ལྔ་ཙམ་དུ་བཞུགས། པར་ཁང་ཆོས་མཛོད་ཆེན་མོ་གསར་བཞེངས་ལ་སུས་ཀྱང་ཐག་མ་ཆོད་ནས་ཡོད་སྐབས། ཁོང་ཉིད་ནས་རང་ལ་གང་ལྟར་བརྟགས་དཔྱད་བྱས་པའི་ནུས་པ་མེད་ཀྱང་། དཀོན་མཆོག་ནི་ནམ་ཡང་མི་བསླུ་བ་ཡིན་པས། འཕྲལ་དུ་པར་ཁང་རྙིང་པའི་འགྲམ་དེ་ཉིད་དུ་བཞེངས་དགོས་ཚུལ་གསུངས་ནས་འཆར་བཀོད་གནང་སྟེ་ད་ལྟའི་པར་ཁང་འདི་བཞེངས། །
ཡི་རང་བརྐོས་ལྷ་ཀླུ་དགྱེས། (དུས་རབས་17པ)
ཡི་རང་བརྐོས་ལྷ་ཀླུ་དགྱེས་ནི་ཆོས་རྒྱལ་བསྟན་པ་ཚེ་རིང་ལས་སྔ་ཙམ་དཔལ་ཡུལ་མདུང་ལད་ཚང་གི་བུར་སྐྱེས། རྒྱལ་པོས་ལྷ་དབང་གིས་པར་བརྐོ་ལུགས་ཡག་པ་ལ་བསམ་ན་ལྷའི་ལས་ཀ་འདྲ་བ་དང་། རྐོ་བྱེད་ཀྱི་ལག་ཆ་བཟང་བ་ལ་བལྟས་ན་ཀླུ་ཡང་དགྱེས་པ་འདུག་པས་བརྐོས་ལྷ་ཀླུ་དགྱེས་སུ་བཏགས་པ་ཡིན་གསུངས་པས་དེ་ཕྱིན་ཡི་རང་བརྐོས་ལྷ་ཀླུ་དགྱེས་ཞེས་སུ་གྲགས། ཁོང་ནི་སྡེ་དགེ་ཤིང་པར་བརྐོ་བའི་ལག་རྩལ་སྲོལ་འབྱེད་པ་པོ་ཡིན་ལ་ཁོང་གི་བུ་དུང་མགོ་དང་། ཕྱི་བ་དང་། རྒྱག་ལད་བཅས་གསུམ་དང་། དེ་དག་གི་བུ་ཚ་གཉེན་ཚན་དང་བཅས་པ་སོགས་ཡི་རང་ཚང་གི་མི་རྒྱུད་པར་བརྐོ་བ་རྒྱུན་མ་ཆད་པར་བྱུང་ཚུལ་བཤད་ལ། དེ་དག་གིས་བརྐོས་པའི་བཀའ་འགྱུར་གྱི་པར་ཤིང་འདི་ཤིན་ཏུ་རྩ་ཆེན་པོ་ཡིན། དེའི་ལག་རྒྱུན་ནི་སྡེ་དགེ་རང་ལས་དར་བ་གཞན་དང་ཁྱད་པར་ཡོད་ཅེས་སྔོན་རབས་རྣམས་ཀྱིས་གསུངས་རྒྱུན་ནོ། །