ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་འདུ་སྤྱི་ཚེས་16ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་ཀའི་འབྲེལ་ཡོད་ཕྱོགས་ཀྱི་སྐུ་ཚབ་དང་མཛའ་བརྩེའི་ངང་ནས་མཇལ་འཕྲད་གནང་ནས། ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ། ལས་དོན་ཁྲོད་ཁོང་རྣམ་པར་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ། ཚང་མར་འབད་འབུངས་ཡར་བརྩོན་དང་སླར་ཡང་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་ཡང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་མཇལ་འཕྲད་ནང་བཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་གནང་བ་མ་ཟད། ཕྱོགས་བསྡོམས་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་ཡོད།
སྤྱི་ཚེས་16ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་གློག་འོད་རབ་ཏུ་འཕྲོ་ཞིང་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཆུ་ཚོད་10པར་ཞི་ཅིན་ཕིང་སོགས་ཚོགས་ར་དངོས་སུ་ཕེབས་པ་དང་དེ་གར་ཐལ་མོའི་རྡེབ་སྒྲ་ཚ་ཚ་འུར་འུར་ངང་གྲགས་ཡོད། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ཕྱག་བཏང་གནང་བ་དང་གླེང་མོལ་ཡང་ཡང་གནང་བ་མ་ཟད། དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
ཉེ་དུས། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཆེད་མངགས་རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་སྙན་ཞུ་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཐེངས་འདིའི་རྟེན་འབྲེལ་བྱེད་སྒོ་ནི་རྒྱལ་ཁབ་ཀྱི་མཛད་སྒོ་ཆེ་གྲས་ཤིག་ཡིན་ཞིང་། རྣམ་པ་ནི་བརྗིད་ཉམས་ཆེ་ལ། གཞི་རྒྱ་ཆེ་བ། གོ་རིམ་དང་ལྡན་པ། གུས་ལུགས་དང་རོལ་མོ་མཉམ་འདྲེས་བཅས་བྱུང་བས། དེ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མངོན་པ་མ་ཟད། རྒྱལ་ཁབ་ཀྱི་བརྗིད་ཉམས་དང་དམག་དཔུང་གི་རྔམ་བརྗིད་གང་ལེགས་མངོན་ཡོད་པ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གང་ལེགས་ཐུབ་ཡོད་ཅེས་བསྟན་གནང་ཡོད།
རྟེན་འབྲེལ་བྱེད་སྒོ་ནི་ལོ་བརྒྱ་དང་པོ་འཆར་ཉེའི་མཚམས་སུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀུན་སེམས་གཅིག་སྒྲིལ་གྱིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ཀྱི་ཕྱོགས་སུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་ཞིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་གི་ཕུགས་བསམ་ཐད་གནང་བའི་བརྗིད་ཉམས་ལྡན་པའི་གསལ་བསྒྲགས་ཤིག དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བའི་གནས་བབ་འོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་པ་མ་ཟད། དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྔར་བས་སྟོབས་ལྡན་དུ་འགྱུར་བའི་རྣམ་པ་མངོན་པ་བཅས་ཡིན།
ཞི་ཅིན་ཕིང་གིས། རྟེན་འབྲེལ་བྱེད་སྒོ་དེ་ཚན་པ་མང་བ་དང་། དེའི་ནང་ཞུགས་མཁན་མང་བ། དུས་ཚོད་རིང་བ། རྩ་འཛུགས་ཀྱི་ལས་འགན་ལྕི་བ་བཅས་ཡོད། བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བའི་རྩ་བ་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྟེན་འབྲེལ་བྱེད་སྒོ་ནི་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་གཅིག་སྡུད་མངོན་ཚུལ་ཞིག་ཡིན་པས། གོ་སྐབས་དམ་འཛིན་གྱིས་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། རྟེན་འབྲེལ་བྱེད་སྒོས་རྒྱུད་འཛིན་དང་གསར་གཏོད་གཅིག་གྱུར་ནུས་ལྡན་ཐུབ་པ་མཚོན་ཡོད་པས། བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་གྱིས་སླད་ཕྱིན་གྱི་རྟེན་འབྲེལ་བྱེད་སྒོ་ཆེ་གྲས་ལ་མཛུབ་ཁྲིད་བྱེད་དགོས། རྟེན་འབྲེལ་བྱེད་སྒོས་ང་ཚོར་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱས་ཡོད་པས། བསམ་པའི་རྒྱགས་ཕྱེ་དེ་དག་སྔོག་འདོན་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་མི་དམངས་དུང་ཕྱུར་མང་པོས་འབད་འཐབ་ཆེན་པོས་དུས་རབས་གསར་པར་སྐྱོད་པའི་འགུལ་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་ཞུ་གནང་ཡོད།
ཝང་ཧུའུ་ཉིང་གིས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལེགས་པར་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྟེན་འབྲེལ་བྱེད་སྒོའི་གྲབས་གཉེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས་རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། རྟེན་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག མི་དམངས་མང་ཚོགས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ། ལས་དོན་སྒྲིག་གཞི་ཁག་དང་དེའི་ནང་ཞུགས་མཁན་མི་སྣ་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་བཅས་ཡིན་པས། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ནས་རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྟོན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། རྗེས་མཐུད་ཀྱི་འབྲེལ་ཡོད་རྟེན་འབྲེལ་བྱེད་སྒོ་ཏན་ཏིག་ངང་ཡག་པོ་གཉེར་བ། རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྟེན་འབྲེལ་བྱེད་སྒོས་སྐུལ་སློང་བྱས་པའི་སྙིང་སྟོབས་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་ཐོག་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད།
རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཏིང་ཞུའེ་ཞང་དང་། ཞུས་ཆི་ལེའང་། ཧོང་ཁུན་མིང་། ཚའེ་ཆི། ཤའོ་ཅེ། ཀྲའོ་ཁེ་ཀྲི། ཧོ་ལི་ཧྥེང་། ལི་ཙུའོ་ཁྲེང་བཅས་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་འདུར་ཞུགས་པ་རེད། རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལས་དོན་སྒྲིག་གཞི་ཁག་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ལས་དོན་མི་སྣ་དང་། དམག་གཟིགས་དང་ལེན་དཔུང་སྡེའི་དཔོན་དམག ཁྲོམ་སྐོར་མཉམ་སྤྲོའི་མང་ཚོགས། ཞབས་ཞུ་འགན་ལེན་མི་སྣ། དང་བླངས་པ། འཁྲབ་སྟོན་མི་སྣ། བདེ་སྲུང་འཐབ་ས་དང་པོའི་ལས་སྒྲུབ་མི་སྣའི་འཐུས་མི་སོགས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།