༄༅།། རྗེ་ཙོང་ཁ་པ་ཆེན་པོའི་མཛད་འཕྲིན་ལས་གྲྭ་སྐོར་མཛད་རིམ་གཉིས་རགས་ཙམ་གླེང་བ།

བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 10-21



བཀྲ་ཤིས་ཚེ་རིང་།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་རྗེ་ཙོང་ཁ་པ་ཆེན་པོས་ནང་བསྟན་གཞུང་ལུགས་ལ་སློབ་གཉེར་བྱེད་པའི་གོ་རིམ་ཁྲོད་སྐབས་དེའི་དབུས་གཙང་གི་གདན་ས་ཆེ་ཁག་རྣམས་སུ་གྲྭ་སྐོར་ལན་གཉིས་ཇི་ལྟར་མཛད་ཡོད་པ་ལས་འཕྲོས་ཏེ། གྲྭ་སྐོར་ལ་ཕེབས་པའི་གདན་ས་དག་ལ་ཡུལ་དངོས་བརྟག་དཔྱད་དང་། འབྲེལ་ཡོད་རྒྱུ་ཆ་ལ་གཞི་བྱས་ཏེ་གྲྭ་སྐོར་མཛད་རིམ་གཉིས་ཀྱི་ལམ་ཐིག་དང་། ལོ་དུས་ལ་བརྟག་དཔྱད་བྱས་ཡོད་པར་མ་ཟད། གྲྭ་སྐོར་མཛད་རིམ་འདི་གཉིས་ཀྱིས་མཚོན་པའི་རྗེའི་སློབ་གཉེར་གྱི་སྙིང་སྟོབས་ལ་དཔྱད་བརྗོད་དང་། གྲྭ་སྐོར་གྱིས་ཁོང་གི་སྐུ་ཚེའི་མཛད་འཕྲིན་ལ་ཐོན་པའི་ནུས་པ་སོགས་གླེང་བར་བྱས་ཡོད།
[བརྡ་ཆད་གཙོ་བོ།] རྗེ་ཙོང་ཁ་པ་ཆེན་པོ། གྲྭ་སྐོར། སློབ་གཉེར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0137-09
            གྲྭ་སྐོར་ཞེས་པ་ནི་གང་ཞིག་བསླབས་པའི་གཞུང་དོན་གྱི་དོགས་གཞི་སོགས་ལ་བརྡར་ཤ་གཅོད་ཕྱིར་གྲྭ་ས་ཁག་ཏུ་སོང་སྟེ་དམ་བཅའ་འཇོག་པའི་སློབ་གཉེར་ལམ་ལུགས་ཤིག་སྟེ། དེ་ཡང་རྩོད་ཚུལ་དངོས་ནི་སྔ་རྒོལ་དང་ཕྱི་རྒོལ་གཉིས་སུ་ཕྱེས་ནས་ཚད་མའི་རིགས་ལམ་ལ་བརྟེན་ཏེ་གང་ཞིག་དོན་དེ་ཡིན་མིན་སོགས་སྒྲོ་འདོགས་གཅོད་པ་ལ་ཟེར། འདི་ནི་བོད་བརྒྱུད་ནང་བསྟན་ལས་རྒྱ་བརྒྱུད་དང་ལྷོ་བརྒྱུད་ནང་བསྟན་གང་ལའང་ཡོད་པར་མི་སྣང་ལ། འཛམ་གླིང་གི་ཆོས་ལུགས་ཆེ་ཆུང་གང་གི་ལྟ་གྲུབ་ཀྱང་འདི་བཞིན་རིགས་ལམ་གྱི་སྟེང་ནས་གཏན་ལ་འབེབས་པ་མེད་པར་གྲགས་པས། འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་སློབ་གཉེར་གྱི་རྣམ་པ་ཞིག་སྟེ། དེ་ཡང་ཡོངས་གྲགས་སུ་གསང་ཕུའི་མཁན་ཐོག་དྲུག་པ་བོད་ཀྱི་དགོན་སྡེའི་སློབ་གསོའི་སྒྲིག་གཞི་ལ་བཅོས་སྒྱུར་གསར་གཏོད་མཛད་མཁན་གྱི་སློབ་གསོ་པ་ཆེན་མོ་ཕྱྭ་བ་ཆོས་ཀྱི་སེང་གེ་(1109-1179)ཡི་དུས་ནས་འགོ་ཚུགས་པར་བཤད།
            དེ་ནས་ལོ་ཉིས་བརྒྱ་ལྷག་འགོར་རྗེས་ཀྱི་རྗེ་ཙོང་ཁ་པ་ཆེན་པོ་(1357-1419)དབུས་གཙང་དུ་བྱོན་སྐབས་སུ་དབུས་ཕྱོགས་ཀྱི་བཀའ་གདམས་པའི་གདན་ས་ཆེན་པོ་དྲུག་དང་། གཙང་ཕྱོགས་ཀྱི་ས་སྐྱས་གཙོས་པའི་དགོན་སྡེ་ཁག་ལ་འཆད་ཉན་ཧ་ཅང་དར་ཆེ་ཞིང་། སློབ་གཉེར་རྩེ་ཕུད་རྣམས་གྲྭ་སྐོར་ལ་ཕེབས་པའང་ཧ་ཅང་རྒྱུགས་ཆེ་ལ། གྲྭ་སྐོར་ལས་གྲུབ་འབྲས་གཟེངས་སུ་ཐོན་པ་རྣམས་ལ་དཀའ་བཞི་བ་སོགས་རང་རང་ལུགས་ཀྱི་མཚན་གནས་སྤྲོད་པའི་སྲོལ་ཡང་དར་ཡོད་པ་རེད། དེ་ལྟ་བུའི་སློབ་གཉེར་གྱི་ལམ་ལུགས་དང་ཁོར་ཡུག་ཡོད་པ་དེས་“དགུང་ལོ་བཅུ་དྲུག་པའི་ཚེ། བླ་མའི་བཀས་ཀྱང་བསྐུལ་ཞིང༌། བདག་ཉིད་ཀྱང་སྤྲོ་ཤུགས་དྲག་པོས་དབུས་གཙང་གི་ཕྱོགས་ལ་འབྱོན་པར་བརྩམས་”①པའི་རྗེ་འདི་ལ་མཚོན་ནའང་གྲྭ་སྐོར་སློབ་གཉེར་གྱི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད་པར་གདོན་མི་ཟ།
            སྤྱི་ལོ་1373ལོར་②རྗེ་ཙོང་ཁ་པ་ཆེན་པོ་མདོ་སྨད་ནས་ཆས་ཤིང་འབྲི་ཁུང་དང་ཚལ་གུང་ཐང་བརྒྱུད་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན་ཏེ་སྔར་གྱི་རྨང་གཞིའི་སྟེང་ལོ་གཉིས་ཙམ་གྱི་རིང་ལ་སྦྱངས་བརྩོན་ལྷོད་མེད་མཛད་པས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་པ་དང་། དགུང་ལོ་བཅུ་དགུའི་སྟེང་ནས་གྲྭ་སྐོར་ལ་བྱོན་ཐུབ་པའི་ཚད་དུ་སླེབས་ཏེ། དགུང་ལོ་ཉེར་ལྔ་པའི་བར་སྔ་གཞུག་ཏུ་གསང་ཕུ་དང་བདེ་བ་ཅན། ས་སྐྱ་ལ་སོགས་པའི་གྲྭ་ས་ཆེན་པོ་བཅུ་གཅིག་ཏུ་སྔ་ཕྱིར་གྲྭ་སྐོར་ཐེངས་བཅུ་གསུམ་མཛད་པའི་ལོ་རྒྱུས་སྐོར་ལ་རྣམ་ཐར་དག་③ཁ་མཚུངས་ལ། འདིར་དུས་དང་རྩོད་བྱའི་སྒོ་ནས་གྲྭ་སྐོར་མཛད་རིམ་གཉིས་སུ་ཕྱེས་ཏེ་གླེང་བར་བྱའོ།།
གཅིག གྲྭ་སྐོར་མཛད་རིམ་དང་པོ་སྟེ་ཕར་ཕྱིན་གྱི་གྲྭ་སྐོར། 
            རྗེ་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་བདེ་བ་ཅན་ནས་འགོ་བརྩམས་ཏེ་ས་སྐྱ་སོགས་སུ་གྲྭ་སྐོར་གྱི་འགྲུལ་བཞུད་མཛད་པ་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གྲྭ་སྐོར་མཛད་རིམ་དང་པོ་ཞེས་འབོད་པར་བྱ་སྟེ། ཐེངས་འདིའི་གྲྭ་སྐོར་གྱི་དམ་བཅའ་གཙོ་བོ་ནི་ཕར་ཕྱིན་ཡིན་པས་ན་འདི་ལ་རྗེ་ཙོང་ཁ་པ་ཆེན་པོའི་མཛད་པའི་ཕར་ཕྱིན་གྱི་གྲྭ་སྐོར་ཞེས་ཀྱང་ཟེར་ཆོག་པར་སྙམ།
            1.གྲྭ་སྐོར་མཛད་རིམ་དང་པོའི་ལམ་ཐིག་བརྟག་དཔྱད། རྗེ་ཙོང་ཁ་པ་ཆེན་པོ་“དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན།”④ཞེས་རྗེ་ཁོང་གི་གྲྭ་སྐོར་མཛད་རིམ་དང་པོའི་འགོ་འཛུགས་ས་ནི་གསང་ཕུ་ཡིན་པ་ལྟར་འབྱུང་མོད། སྐབས་དེའི་གསང་ཕུ་དང་བདེ་བ་ཅན་གཉིས་ལས་རྩོད་པའི་སྟེགས་བུ་ཆེ་ཤོས་ནི་གསང་ཕུ་ཡིན་པས་ན་དེ་ལྟར་བྲིས་པ་མ་གཏོགས་དོན་དངོས་ཐོག་དེ་སྔ་རྗེ་རང་ཉིད་ཀྱི་སློབ་གཉེར་བྱེད་ས་སྟེ། བདེ་བ་ཅན་དུ་གྲྭ་སྐོར་དམ་བཅའ་བཞག་ཐོག་གསང་ཕུར་གྲྭ་སྐོར་མཛད་པ་དུས་ཚོད་ཀྱི་ཆ་ནས་ཀྱང་ར་སྤྲོད་བྱེད་ཐུབ་བོ།། དེ་ནས་རྗེ་འདིས་གཞུང་ལམ་བསྲངས་ནས་ཐད་ཀར་ས་སྐྱ་ལ་འབྱོན་པར་བཞེད་པ་ལ་ལམ་གྲོགས་ཇོ་གདན་ཞིག་ཡོད་པའི་སྟབས་ཀྱིས། “རིན་སྤུངས་ཀྱི་རྒྱང་མཁར་ཕུའི་ལ་ལ་བྱོན། ཉང་སྟོད་མཁར་ཁ་ལ་མཛད་ནས་ཞ་ལུར་ཕེབས། ……དེ་ནས་སྣར་ཐང་ལ་བྱོན།དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། ས་སྐྱའི་དུས་ཆོས་མ་ཚུགས་ཀྱི་རིང་ལ་ས་བཟང་དུ་བྱོན……ཆོས་ཚུགས་ནས་ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། .....དེ་ཀའི་འཕྲོ་འཐུད་པ་ལ། ལ་སྟོད་བྱང་ལ་བྱོན། འདར་བཟང་ལྡན།ངམ་རིང་འགའ་རོང་ཆོས་སྡེ་རྣམས་སུའང་གྲྭ་སྐོར་མཛད་ནས་ཇོ་མོ་ནང་དུ་ཕེབས། .....དེ་ནས་བོ་དོང་ལ་བྱོན། མར་རེས་སྤྱི་བོ་ལྷས་སུ་ཕེབས.....དེ་ནས་ཆོས་གྲྭ་ཆེན་པོ་ཨེར་གྲྭ་སྐོར་མཛད་ནས་སྣར་ཐང་དུ་ཕེབས། .....ཉང་སྟོད་དུ་ཕྱགས་ཕབ། གནས་རྙིང་དུ་ཐོགས་ཙམ་ཞིག་བཞུགས། གནས་རྙིང་པའི་གཟུངས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད།”⑤ཅེས་བཀོད་ཡོད་དེ། དེ་དག་ལས་གནས་མང་ཆེ་ཤོས་ནི་ད་ལྟའང་ངོས་འཛིན་ཐུབ་ལ། དེ་ཡང་ལམ་ཐག་དང་བཅས་གཟིགས་བདེ་བར་བསྡུས་ཏེ་བཀོད་ན་གཤམ་གསལ་ལྟར།
            བདེ་བ་ཅན—43KM—གསང་ཕུ—170KM—རིན་སྤུངས—105KM—ཉང་སྟོད་མཁར་ཁ—70KM—ཞ་ལུ—43KM—སྣར་ཐང—130KM—ས་སྐྱ—?60KM—ས་བཟང—?60KM—ས་སྐྱ—?90KM—འདར་བཟང་ལྡན—35KM—ངམ་རིང་ཆོས་སྡེ—?77KM—འགའ་རོང་ཆོས་སྡེ—?130KM—ཇོ་མོ་ནང—?50KM—སྤྱི་བོ་ལྷས—? 20KM— ཨེར—47KM—སྣར་ཐང—110KM—ཉང་སྟོད—20KM —གནས་རྙིང་། ⑥
            རྗེ་འདི་ཉིད་ཐེངས་འདིའི་གྲྭ་སྐོར་ཁྲོད་མ་མཐར་ཡང་སྤྱི་ལེ་1200ལྷག་བརྒྱུད་དེ་སྡོམ་པའི་དགོན་སྡེ་མི་འདྲ་བ་བཅུ་གསུམ་དུ་ཕེབས་ཡོད་པ་གསལ་ཞིང་། དེ་དག་ལས་བདེ་བ་ཅན་དང་གསང་ཕུ། ས་སྐྱ། འདར་བཟང་ལྡན། ངམ་རིང་ཆོས་སྡེ། འགའ་རོང་ཆོས་སྡེ། ཨེར། གནས་རྙིང་བཅས་དགོན་སྡེ་བརྒྱད་དུ་ཕར་ཕྱིན་གྱི་གྲྭ་སྐོར་དམ་བཅའ་དངོས་སུ་མཛད་པ་གསལ་ལ། གཞན་ལྔ་སྟེ་ཞ་ལུ་དང་ས་བཟང། ཇོ་མོ་ནང་། སྤྱི་བོ་ལྷས། སྣར་ཐང་སོགས་སུ་དབང་ལུང་དང་བཀའ་ཆོས་སོགས་ལ་གསན་པ་ལས་གྲྭ་སྐོར་དམ་བཅའ་མཛད་པའི་ལོ་རྒྱུས་ཁ་གསལ་དུ་བྱུང་མེད་དོ།།
            2.གྲྭ་སྐོར་མཛད་རིམ་དང་པོའི་དུས་ཚོད་བརྟག་དཔྱད། དེ་ཡང་དུས་ཀྱི་ཆ་ནས་བཤད་ན་རྗེ་ཙོང་ཁ་པ་ཆེན་པོས་གྲྭ་སྐོར་མཛད་རིམ་དང་པོ་འགོ་བརྩམས་ཚུལ་ནི་“དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན་”⑦ཞེས་གསལ་པོར་བཀོད་ཡོད་པ་འདི་ལྟ་སྟེ། སྤྱི་ལོ་ལྟར་བརྩིས་ན་རྗེ་ཁོང་དགུང་ལོ་བཅུ་དགུ་པ་ཤིང་ཡོས་ལོ་ནི་སྤྱི་ལོ་1375ལོ་ཡིན་འདུག་ལ། དེ་ཡང་གསང་ཕུ་དགོན་པའི་མདུན་གྱི་རྡོ་རིང་དུ་“ལོ་རེའི་བོད་ཟླ་བཞི་བའི་གསང་ཕུ་དབྱར་ཆོས་སྐབས་གྲྭ་ཚང་བཅུ་གཅིག་འཛོམས་ནས་ཕར་ཚད་བསྡུས་གསུམ་གྱི་འཆད་ཉན་གནང་བ་དང་། ཆོས་ཁྲི་སེར་པོའི་མདུན་དུ་དམ་བཅའ་བཞག་སྟེ་དགེ་བཤེས་ཀྱི་མཚན་གནས་བཞེས་སྲོལ་ཡོད།” ཅེས་བཀོད་ཡོད་པ་མ་ཟད། ད་ལྟའང་གསང་ཕུ་བླ་ཁག་བཅུ་ཡི་དབྱར་ཆོས་རྒྱུན་མ་ཆད་བར་བོད་ཟླ་བཞི་པར་འཚོགས་བཞིན་ཡོད་པར་གཞིགས་ན་གསང་ཕུ་དགོན་པའི་དབྱར་ཆོས་ནི་བོད་ཟླ་བཞི་པ་ཡིན་པ་ཤེས་ཐུབ།
            ཡིན་ནའང་བདེ་བ་ཅན་གྱི་དཔྱིད་ཆོས་ཆེན་མོ་ནི་བོད་ཟླ་གཉིས་པ་ནས་གསུམ་པའི་ནང་ཡིན་ལ་རིག་གསར་མ་བྱུང་བར་རྒྱུན་མ་ཆད་པར་ཡོད་པར་བཤད་དོ།། དེ་མིན་ད་དུང་བདེ་བ་ཅན་ནི་གསང་ཕུ་བླ་ཁག་བཅུའི་ཡ་གྱལ་ཡིན་ལ་བོད་ཟླ་བཞི་པའི་གསང་ཕུའི་དབྱར་ཆོས་སུ་དགོན་སྡེ་འདིའི་གྲྭ་པ་རྣམས་ཀྱང་ཞུགས་དགོས་པར་གཞིགས་ན། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གྲྭ་སྐོར་མཛད་རིམ་དང་པོ་འགོ་རྩོམ་ས་ནི་བདེ་བ་ཅན་གྱི་དཔྱིད་ཆོས་ཆེན་མོ་ཡིན་དགོས་ལ། དེ་སྔར་རྗེ་རང་ཉིད་ཀྱིས་སློབ་གཉེར་གནང་ས་སྟེ་བདེ་བ་ཅན་དུ་གྲྭ་སྐོར་དམ་བཅའ་བཞག་ཅིང་དེ་ནས་དེ་ལས་གཞི་རྒྱ་ཆེ་བའི་ཆོས་ར་སྟེ་གྲྭ་པ་ཁྲི་ཕྲག་འདུ་སའི་གསང་ཕུ་དབྱར་ཆོས་སུ་གྲྭ་སྐོར་མཛད་ཟེར་ན་ཧ་ཅང་འགལ་མེད་ལུགས་མཐུན་དུ་སྣང་།
            རྗེ་ཙོང་ཁ་པ་ཆེན་པོས་ཐེངས་འདིའི་ཆེས་མཐའ་མཇུག་གི་གྲྭ་སྐོར་དམ་བཅའ་ནི་གནས་རྙིང་པའི་གཟུངས་སྒྲུབ་ཏུ་མཛད་པ་རྣམ་ཐར་ཁག་ཏུ་གསལ། དེ་ཡང་གནས་རྙིང་གཟུངས་སྒྲུབ་ནི་བོད་ཟླ་བཞི་པའི་ཚེས་ལྔ་ནས་ཉེར་ལྔའི་བར་ཡིན་པ་《གནས་རྙིང་གྱེན་ཐོ་》 ⑤རུ་གསལ་བས་ན། གྲྭ་སྐོར་མཛད་རིམ་དང་པོ་མཇུག་སྒྲིལ་བའི་དུས་ནི་སྤྱི་ལོ་1376ལོའི་བོད་ཟླ་བཞི་པའི་ནང་ཡིན་པ་ཤེས་ཐུབ།
            དེ་བས་ན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གྲྭ་སྐོར་མཛད་རིམ་དང་པོ་ནི་སྤྱི་ལོ་1375ལོའི་བོད་ཟླ་གཉིས་པ་ནས་བརྩམས་ཏེ་ལོ་རྗེས་མའི་བོད་ཟླ་བཞི་པའི་བར་ཡིན་པར་འདོད་དོ།།
གཉིས། གྲྭ་སྐོར་མཛད་རིམ་གཉིས་པ་སྟེ་དཀའ་ཆེན་བཞིའི་གྲྭ་སྐོར། 
            རྗེ་དགུང་ལོ་ཉེར་བཞིའི་སྟེང་སྣར་ཐང་ནས་བརྩམས་ཏེ་ཆོས་གྲྭ་ཆེན་པོ་ལྔ་རུ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་པ་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གྲྭ་སྐོར་མཛད་རིམ་གཉིས་པ་ཞེས་འབོད་པར་བྱ་སྟེ། ཐེངས་འདིའི་གྲྭ་སྐོར་གྱི་བརྩད་བྱ་ནི་དཀའ་ཆེན་བཞི་ཡིན་པས་ན་འདི་ལ་རྗེ་ཙོང་ཁ་པ་ཆེན་པོའི་མཛད་པའི་གཞུང་དཀའ་ཆེན་བཞིའི་གྲྭ་སྐོར་ཞེས་ཀྱང་ཟེར་ཆོག་པར་སྙམ།
            1.གྲྭ་སྐོར་མཛད་རིམ་གཉིས་པའི་ལམ་ཐིག་བརྟག་དཔྱད།  རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཉེར་བཞི་པའི་སྐབས་ཏེ་“དབྱར་ཆོས་དེ་སྣར་ཐང་དུ་རྣམ་འགྲེལ་མངོན་པ་གོང་འོག་མདོ་རྩ་དང་བཅས་པའི་གྲྭ་སྐོར་མཛད.....དེ་ནས་སྟོན་ཆོས་ལ། ....བླ་མ་རྗེ་བཙུན་ཆེན་པོ་བོ་དོང་ན་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། …དེ་ནས་དཔོན་སློབ་གཉིས་ཀ་ཐབས་ཅིག་ཏུ་ས་སྐྱར་བྱོན། རྗེ་ཙོང་ཁ་པ་ཆེན་པོ་འདིས། དེའི་ཚེ་ས་སྐྱར་གོང་དུ་སྨོས་པའི་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། ….དེ་ནས་དེ་འཕྲལ་ལ་དབུས་ལ་བྱོན་ནས། སོས་ཀ་གུང་ཐང་ཚེས་བཅུའི་གནས་སྐབས་ནས་བརྩམས་ཏེ། རིམ་པ་བཞིན་དུ་གསང་ཕུ་དང་རྩེས་ཐང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ། ཕར་ཕྱིན་སྔར་ནས་མཛད་ཚར་བས། དེ་མ་གཏོགས་པ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་” ⑧ཅེས་བཀོད་ཡོད་དེ། དེ་ཡང་གོང་དང་འདྲ་བར་ལམ་ཐག་དང་བཅས་གཟིགས་བདེ་བར་བསྡུས་ཏེ་བཀོད་ན་གཤམ་གསལ་ལྟར།
            སྣར་ཐང—35KM—ཨེར—120KM—ས་སྐྱར—370KM—ཚལ་གུང་ཐང—20KM—གསང་ཕུ—140KM—རྩེས་ཐང་། ⑨རྗེ་འདི་ཉིད་ཐེངས་འདིའི་གྲྭ་སྐོར་ཁྲོད་སྤྱི་ལེ་700ཙམ་བརྒྱུད་དེ་དགོན་སྡེ་དྲུག་ཏུ་ཕེབས་ཡོད་པ་གསལ་ཞིང་། དེ་དག་ལས་སྣར་ཐང་དང་ས་སྐྱ། ཚལ་གུང་ཐང་། གསང་ཕུ་དང་རྩེད་ཐང་བཅས་ཆོས་གྲྭ་ཆེན་པོ་ལྔ་རུ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་དངོས་སུ་མཛད་པ་གསལ། ཆོས་གྲྭ་ཨེ་རུ་སློར་གཉེར་མཛད་པ་ལས་གྲྭ་སྐོར་དམ་བཅའ་མཛད་པའི་ལོ་རྒྱུས་ཁ་གསལ་མེད་དོ།།
            2.གྲྭ་སྐོར་མཛད་རིམ་གཉིས་པའི་དུས་ཚོད་བརྟག་དཔྱད།  རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ་1376ལོའི་བོད་ཟླ་བཞི་པའི་ནང་གྲྭ་སྐོར་མཛད་རིམ་དང་པོ་མཛད་ཚར་རྗེས་ལོ་གཉིས་ལྷག་རིང་ལ་རྗེ་བཙུན་རེད་འདའ་བ་སོགས་ཀྱི་མདུན་དུ་སློབ་གཉེར་རྡོ་རུས་ཐུག་པ་གནང་། དགུང་ལོ་ཉེར་གཉིས་པ་ས་རྟ་སྟེ་སྤྱི་ལོ་1378ལོའི་སྟོན་ཁར་རེ་ཞིག་མདོ་སྨད་ལ་འབྱོན་པར་བཞེད་པ་འཁྲུངས་མོད་མ་ཕེབས། ལོ་རྗེས་མར་“དཔྱིད་ཆོས་སྔོན་མ་ལ་གྲྭ་སྐོར་མཛད་བཞེད་པའི་པོ་ཏི་འགའ་གཟིགས་རྟོག་མཛད་ནས་གཙང་ལ་བྱོན། སྣར་ཐང་དུ་ཕེབས། བླ་མ་ལོ་ཙཱ་བ་དོན་བཟང་པས་ཚད་མའི་ཊཱིཀ་ཞིག་མཛད་འདུག་པ་དེ་ཚར་གཅིག་ཅིས་ཀྱང་ཉོན། ཞེས་བཀའ་གནང་ནས་གསན་དགོས་པ་བྱུང་” ⑩ ཞེས་འབྱུང་བས་རྗེ་འདིས་གྲྭ་སྐོར་མཛད་རིམ་གཉིས་པ་མཛད་སྒོ་དངོས་སུ་ཚུགས་པ་ནི་དགུང་ལོ་ཉེར་གསུམ་པ་ས་ལུག་ལོ་སྟེ་སྤྱི་ལོ་1379ལོའི་“དབྱར་ཆོས་དེ་སྣར་ཐང་དུ་རྣམ་འགྲེལ་མངོན་པ་གོང་འོག་མདོ་རྩ་དང་བཅས་པའི་གྲྭ་སྐོར་མཛད་”⑾པ་འདི་ཡིན་དགོས་ལ། དེ་ནས་ས་སྐྱར་གྲྭ་སྐོར་མཛད་དེ་དབུས་ལ་བྱོན་ཏེ། དགུང་ལོ་ཉེར་བཞི་པ་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ་1380ལོའི་ལོ་གསར་ཚེས་བཅུའི་སྐབས་སུ་ཚལ་གུང་ཐང་དང་བོད་ཟླ་བཞི་པར་གསང་ཕུ་རུ་གྲྭ་སྐོར་མཛད་རྗེས་རྩེད་ཐང་དུ་ཕེབས་ནས་གྲྭ་སྐོར་མཛད་པ་གསལ། ཡིན་ནའང་རྩེད་ཐང་དུ་དུས་ཆོས་སོགས་ག་འདྲ་ཡོད་མེད་རྩད་མ་ཆོད་མོད། བོད་ཟླ་བཞི་པའི་གསང་ཕུའི་དབྱར་ཆོས་སུ་གྲྭ་སྐོར་མཛད་དེ་རྩེད་ཐང་དུ་ཕེབས་པར་གཞིགས་ན་ཕལ་ཆེར་ལོ་དེའི་དབྱར་སྨད་སྟོན་མགོ་ཙམ་དུ་འཁེལ་འདུག་པར་མངོན། གལ་སྲིད་དེ་ལྟ་ན་རྗེ་ཙོང་ཁ་པ་ཆེན་པོ་ཡིས་མཛད་པའི་གྲྭ་སྐོར་མཛད་རིམ་གཉིས་པ་ནི་སྤྱི་ལོ་1379ལོའི་དབྱར་སྟོད་ནས་ལོ་རྗེས་མའི་དབྱར་སྨད་སྟོན་མགོ་ཡི་ལོ་གཅིག་ལྷག་ཙམ་གྱི་རིང་ཡིན་པར་ངེས།
            གྲྭ་སྐོར་མཛད་རིམ་འདི་མཇུག་རྫོགས་རྗེས་ཡར་ལུང་རྣམ་རྒྱལ་དུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཤིང་འཆད་འཁྲིད་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་འགོ་བརྩམས་པ་ལས་གྲྭ་སྐོར་དམ་བཅའ་མཛད་པའི་ལོ་རྒྱུས་མེད། དེས་ན་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཉེར་བཞི་པ་སྟེ་སྤྱི་ལོ་1380ལོར་རྩེད་ཐང་དུ་མཛད་པའི་གྲྭ་སྐོར་དམ་བཅའ་ནི་ཁོང་གི་སྐུ་ཚེ་གང་པོའི་ནང་མཛད་པའི་ཆེས་མཐའ་མཇུག་གི་གྲྭ་སྐོར་ཡིན་པ་ཤེས་ཐུབ་བོ།།
གསུམ། གྲྭ་སྐོར་མཛད་རིམ་གཉིས་ཀྱིས་མཚོན་པའི་རྗེ་ཙོང་ཁ་པ་ཆེན་པོའི་སྙིང་སྟོབས།
            རྗེ་ཙོང་ཁ་པ་ཆེན་པོས་གྲྭ་སྐོར་མཛད་པའི་དགོས་པ་ནི་ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱིས་“དེ་ལྟར་གཞུང་གི་དོན་ལ་མཁས་པ་རྣམས་ཕན་ཚུན་དུ་བགྲོས་པས་མ་རྟོགས་པ་རྟོགས་པ་དང་དཀའ་བའི་གནས་ལ་རྟོག་དཔྱོད་ཞུགས་པ་དང་། རིག་པ་འཕེལ་བའི་ཆེད་ཡིན་”⑿ཞེས་གསུངས་ཡོད་པ་ཇི་བཞིན་ཏེ། ཚིག་གཅིག་གིས་བཤད་ན་དེ་སྔོན་གསན་སྦྱོང་མཛད་པའི་ཐོས་དོན་ལ་སྒྲོ་འདོགས་གཅོད་ཕྱིར་གྲྭ་སྐོར་མཛད་རིམ་གཉིས་གནང་པ་ཡིན་པར་འདོད།
            དེ་ཡང་གྲྭ་སྐོར་མཛད་རིམ་དང་པོ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པའི་རྒྱུ་མཚན་ནི་རྗེ་འདི་ཉིད་མདོ་སྨད་ནས་ཆས་ཏེ་འབྲི་ཁུང་དང་ཚལ་གུང་ཐང་བརྒྱུད་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན་ནས་“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལ་ལེགས་པར་ཐུགས་སྦྱོང་མཛད། ཞག་བཅོ་བརྒྱད་ཙམ་གྱིས་གཞུང་གི་ཚིག་མཐའ་དག་ཤིན་ཏུ་བྱང་བར་ཐུགས་སུ་ཆུད་དེ། འཇམ་སྐྱའི་ཊཱི་ཀའི་སྟེང་ནས་ཆོས་གསན་ཞིང་དོན་ཀུན་ཆུབ་པར་མཛད་དེ། སྦྱོར་བ་བརྩི་བ་སོགས་ཀྱི་ཐུགས་རྩོལ་ཆེར་མ་མཛད་པར་ཡང༌། རིང་པོ་མ་ལོན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་” ⒀ པས་ན། ལོ་གཉིས་རིང་ཐུགས་སྦྱོང་མཛད་པའི་ཕར་ཕྱིན་གྱི་གཞུང་དེ་ལས་མ་རྟོགས་པ་རྟོགས་པ་དང་དཀའ་གནད་ལ་སྒྲོ་འདོགས་གཅོད་ཆེད་སྤྱི་ལེ་1200ལྷག་གི་ལམ་ཀ་བརྒྱུད་དེ་སྐབས་དེའི་དབུས་གཙང་གི་ཆོས་སྡེ་གྲགས་ཅན་དག་ཏུ་མཁས་པ་རྣམས་དང་ཕར་ཕྱིན་གྱི་གྲྭ་སྐོར་དམ་བཅའ་ལན་བརྒྱད་དུ་མཛད་ཚུལ་གོང་གསལ་ལྟར་རོ།། 
            དེས་ཀྱང་ཐུགས་མ་ཚིམས་པ་ཡིན་ལོས་ཆེ། གྲྭ་སྐོར་མཛད་རིམ་དང་པོ་ཡོངས་སུ་མཇུག་རྫོགས་རྗེས་དབྱར་ཆོས་ལ་རྩེ་ཆེན་དུ་ཕེབས་ནས་ཉ་དབོན་པོ་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་ཡང་བསྐྱར་གསན་པ་མ་ཟད། གྲྭ་སྐོར་མཛད་རིམ་གཉིས་པའི་སྐབས་སུའང་ཆོས་གྲྭ་ཆེན་པོ་ཨེར་ནས་རང་གི་བླ་མ་གཙོ་བོ་རྗེ་བཙུན་རེད་འདའ་བའི་དྲུང་དུ་རྟེན་འབྲེལ་ཁྱད་པར་བ་འོང་བའི་རེ་བ་དང་བཅས་ཕར་ཕྱིན་ལ་ཡང་བསྐྱར་ཚར་གཅིག་གསན་པ་རེད།
            དེ་ལྟར་གྲྭ་སྐོར་མཛད་རིམ་དང་པོ་རེ་ཞིག་མཇུག་སྒྲིལ་རྗེས་སླར་ཡང་ཐུགས་མནལ་དུ་ཕབས་ཏེ་གསན་སྦྱོང་ལྷུར་ལེན་གྱི་ཐོས་པ་འཚོལ་བའི་ལས་ལ་ཞུགས་ཤིང། ཕལ་ཆེར་ལོ་གསུམ་ཙམ་གྱི་དུས་ཡུན་ནང་སྔ་གཞུག་ཏུ་མངོན་པ་མཛོད།མངོན་པ་ཀུན་བཏུས། དབུ་མ། ཚད་མ་རྣམ་འགྲེལ། ལམ་འབྲས། མངོན་རྟོགས་རྒྱན་རྩ་འགྲེལ། འཇམ་སྐྱའི་ཊིཀབརྟག་གཉིས་ས་ལུགས་ཀྱི་བཤད་པ། འདུལ་བ་མདོ་རྩ་བ་འགྲེལ་བ་ཆ་ལག་དང་བཅས་པ། མཛོད་ཀྱི་བཤད་པ། བཀའ་གདམས་ལམ་རིམ། ཡན་ལག་དྲུག་གི་འཁྲིད་སོགས་གསན་སྦྱོང་གནང་བ་མ་ཟད་སྐུ་མཚམས་བཅད་ནས་ཐུགས་དམ་མཛད་དེ་རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད་ལ་གཟིགས་རྟོག་མཛད། གཞན་ཡང་ད་དུང་བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་སོགས་གསན་ཞིང་། སྙན་ངག་མེ་ལོང་གི་བཤད་པ་སོགས་ལའང་སློབ་གཉེར་མཛད།
            དེ་ཡང་གང་ཞིག་ལོ་དེ་གའི་རིང་ལ་ཐུགས་སྦྱོང་གནང་བའི་གཞུང་འདི་དག་ལ་སྔར་བཞིན་ཐོས་དོན་ལ་སྒྲོ་འདོགས་གཅོད་ཕྱིར་སླར་ཡང་སྤྱི་ལེ་700ལྷག་གི་ལམ་ཐག་བརྒྱུད་ནས་ཞུགས་ཏེ་གྲྭ་སྐོར་མཛད་རིམ་གཉིས་པ་མཛད། ཐེངས་འདིར་སྡོམ་པའི་དགོན་སྡེ་ལྔ་རུ་“ཕར་ཕྱིན་སྔར་ནས་མཛད་ཚར་བས་དེ་མ་གཏོགས་པ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་” ⒁ཅེས་འབྱུང་བ་བཞིན། ཚད་མ་རྣམ་འགྲེལ་དང་མངོན་པ་ཀུན་བཏུས། མངོན་པ་མཛོད་དང་འདུལ་བ་བཅས་པའི་གཞུང་དཀའ་ཆེན་བཞིའི་གྲྭ་སྐོར་དམ་བཅའ་མཛད་པ་རེད། གཞན་ཡང་ད་དུང་“དེ་དུས་ ⒂ པོ་ཏི་གཞན་བཅུ་ལྷག་ཙམ་གྱི་གྲྭ་སྐོར་ཡང་མཛད་པས་ཆོག་པ་ཡོད་ཀྱང༌། དེ་དུས་ཀྱི་གྲྭ་ས་རྣམས་ན་པོ་ཏི་གཞན་རྣམས་ཀྱི་གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུང་ངོ་” ⒃ ཞེས་ཀྱང་འབྱུང་བ་ལས་རྗེ་འདི་ཉིད་གང་ཞིག་གསན་སྦྱོང་གནང་པ་དེ་རྩོད་པའི་ལམ་ནས་བརྡར་ཤ་གཅོད་རྒྱུར་ཐུགས་མཉེས་པོ་ཡོད་པ་ཤེས་ཐུབ།
            དེ་བས་ན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གྲྭ་སྐོར་མཛད་རིམ་གཉིས་ཀྱིས་རྗེ་འདི་ཡི་གང་ཞིག་ཐོས་དོན་དེ་ལ་རྩོད་པའི་ལམ་ནས་སྒྲོ་འདོགས་ཡང་ཡང་བཅད་དེ་ནང་བྱན་ཆུད་པར་བྱེད་པའི་ཐོས་རྩོད་ཟུང་འབྲེལ་གྱི་སློབ་གཉེར་ཕྱག་ལེན་དེ་ཇི་བཞིན་མཚོན་ཡོད་ལ། སློབ་གཉེར་ཕྱག་ལེན་འདིས་རྗེ་གང་དེས་རྒྱ་ཆེན་ཐོས་པ་མང་དུ་བཙལ་བ་ཁོ་ན་ཙམ་མ་ཡིན་པར། གང་ཞིག་ཐོས་པ་དེའི་དོན་ལ་སྒྲོ་འདོགས་གཅོད་ཕྱིར་གང་ན་བཤད་གྲྭ་ཡོད་པ་དེར་ངལ་བ་སྣང་མེད་དུ་བཞག་སྟེ་ཕེབས་ནས་གྲྭ་ས་སོ་སོའི་མཁས་ཆེན་དག་དང་བརྒལ་བརྟག་རྩོད་པའི་སྒོ་ནས་དམ་བཅའ་ཡང་ཡང་གནང་སྟེ་མ་རྟོགས་པ་རྟོགས་པ་དང་། དོགས་གཞི་ལ་བརྡར་ཤ་བཅད་ནས་གནས་ལུགས་མཐར་ཐུག་འཚོལ་རྒྱུའི་སྙིང་སྟོབས་དེ་མཚོན་ཡོད།  
རྗེའི་རང་རྣམ་《རྟོགས་བརྗོད་འདུན་ལེགས་མ་》རུ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱང་ཚད་མའི་རིགས་ལམ་འདི་ཡིན་ལ། རང་ཉིད་ཀྱིས་ཀྱང་རིགས་པ་འདི་ལ་བརྟེན་ནས་ཐར་འདོད་ངེས་པ་གཏིང་ནས་རྙེད་པ་དང་། རིགས་ལམ་འདིས་ལམ་གྱི་གནད་ཀུན་ཕྱོགས་གཅིག་ཏུ་འདྲིལ་ཐུབ་པ་བྱུང་བས་ན་དགའ་བ་ལྷག་པར་རྙེད་དོ་ཞེས་རྗེ་རང་གིས་སྐུ་ཚེ་གང་པོའི་ནང་མཛད་པའི་རྩོད་པ་དང་གྲྭ་སྐོར་གྱི་མྱོང་སྣང་དང་སྦྱར་ཏེ་ནང་དོན་རིག་པའི་གནས་ལུགས་མཐར་ཐུག་ཤེས་རྟོགས་པ་བྱེད་པ་ལ་ཚད་མའི་རིགས་ལམ་ལ་བརྟེན་བརྡར་ཤ་གཅོད་དགོས་པའི་གལ་ཆེན་རང་བཞིན་གསུངས་པ་ ⒄ ཡིན་པར་འདོད་ལ། གྲྭ་སྐོར་ནི་ཚད་མའི་རིགས་ལམ་གྱི་སྟེང་ནས་གནང་དགོས་པ་བསྙོན་དུ་མེད་པས་ན། གསུང་ཚིག་འདིས་གྲྭ་སྐོར་གྱི་དགོས་མཚན་ལ་ཕྱོགས་སྡོམ་མཛད་ཡོད་པར་འདོད་དོ།།
བཞི། གྲྭ་སྐོར་མཛད་རིམ་གཉིས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་མཛད་འཕྲིན་ལ་ཐོན་པའི་ནུས་པ། 
            དེ་ལྟར་རྗེ་ཙོང་ཁ་པ་ཆེན་པོས་སྐུ་ན་གཞོན་དུས་ངལ་བ་དང་ལེན་གྱིས་གྲྭ་སྐོར་མཛད་རིམ་གཉིས་མཛད་པ་ནི་གང་ཞིག་ཐོས་པའི་དོན་དེ་སྒྲོ་འདོགས་གཅོད་པའི་རང་བཞིན་གྱི་གྲྭ་སྐོར་དཀྱུས་མ་ཞིག་མ་ཡིན་པར་མ་མཐའ་ཡང་རྗེས་ཕྱོགས་སུ་ཁོང་གི་སྐུ་ཚེའི་མཛད་འཕྲིན་རྒྱས་པ་ལ་གཤམ་གྱི་ཕྱོགས་བཞི་ནས་ནུས་པ་ཐོན་ཡོད་པར་འདོད་དེ།
            1.གྲུབ་མཐའ་རིས་མེད་སློབ་གཉེར་མཛད་དེ་རང་ལུགས་ཐུན་མོང་མ་ཡིན་པ་ཆགས་འགོ་ཚུགས་པ། རྗེ་ཙོང་ཁ་པ་ཆེན་པོས་གྲྭ་སྐོར་སྔ་ཕྱི་གཉིས་ཀྱི་དུས་ཡུན་ནང་གྲུབ་མཐའ་རིས་མེད་ཀྱིས་བླ་མར་བསྟེན་ཞིང་སོ་སོའི་བཞེད་ལུགས་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་པའང་རྗེ་འདིའི་སློབ་གཉེར་གྱི་ཁྱད་ཆོས་ཞིག་ཏུ་མངོན་ཏེ།སྐབས་དེར་སྔ་གཞུག་ཏུ་བསྟེན་པའི་བླ་མ་དག་ལས། བདེ་བ་ཅན་པའི་རིན་པོ་ཆེ་སྙེ་ཐང་པ་བཀྲ་ཤིས་སེངྒེ་དང༌་གདན་ས་པ་དགེ་བསྐོངས་པ། སློབ་དཔོན་ཆེན་པོ་ཡོན་ཏན་རྒྱ་མཚོ།སློབ་དཔོན་ཆེན་པོ་ཨུ་རྒྱན་པ། སྣར་ཐང་གི་བླ་མ་ལོ་ཙཱ་བ་དོན་བཟང་པ། སྤྱི་བོ་ལྷས་ཀྱི་མཁན་ཆེན་པ། མལ་གྲོ་ལྷ་ལུང་བའི་བླ་མ་བསོད་གྲགས་སོགས་ནི་བཀའ་གདམས་པ་དང་། རྗེ་བཙུན་རེད་མདའ་པ་དང་སྐྱོར་མོ་ལུང་པའི་མཁན་པོ་དཀའ་བཞི་བ་བློ་གསལ་བ་དང་ས་བཟང་པཎ་ཆེན་མ་ཏི་བ་སོགས་ནི་ས་སྐྱ་པ། ཉ་དབོན་པོ་ཀུན་དགའ་དཔལ་དང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་སོགས་ནི་ཇོ་ནང་པ་ཡིན་ལ།གཞན་ཡང་ད་དུང་བུ་སྟོན་གྱི་ལུགས་འཛིན་པ་ཞ་ལུ་མཁན་ཆེན་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་། བོ་དོང་བའི་ལུགས་འཛིན་པ་གདན་ས་ཨེ་ཡི་བླ་མ་ལོ་ཙཱ་བ་ནམ་མཁའ་བཟང་པོ་སོགས་ཀྱང་བསྟེན་པ་གསལ།
            བླ་མ་དེ་དག་ནི་སྐབས་དེའི་གྲུབ་མཐའ་སོ་སོའི་ཚབ་བྱེད་ཐུབ་པ་ལྟ་བུའི་མཁས་པ་དག་ཡིན་ལ། སོ་སོ་ལས་ཕར་ཕྱིན་དང་དཀའ་ཆེན་བཞི་གཙོས་པའི་ནང་དོན་རིག་པའི་སྲོག་ཤིང་ལྟ་བུའི་གཞུང་ཆེན་དག་གི་མ་ལག་དང་བཅས་པ་རང་རང་གི་བཞེད་ལུགས་ལྟར་གསན་སྦྱོང་མཛད་པ་མ་ཟད།  གྲུབ་མཐའ་དེ་དག་གི་རང་ག་བའི་རིག་གཞུང་སྐོར་ཞིག་ལའང་ཐུགས་སྦྱོངས་གནང་བས་ན། ཕྱོགས་ཡོངས་ནས་ཡོན་ཏན་གྱི་འདབ་ལག་རྒྱས་ཏེ་རང་ལུགས་ཐུན་མོང་མ་ཡིན་པ་ཆགས་འགོ་ཚུགས་ཤིང་མི་འགྱང་བར་མིང་དོན་མཚུངས་པའི་གངས་ཅན་མཁས་པའི་གཙུག་རྒྱན་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
            དེ་བས་ན་གྲྭ་སྐོར་མཛད་རིམ་གཉིས་པ་རྫོགས་ནས་ཅུང་མ་འགོར་བའི་དུས་སུ་རྗེ་འདི་ཡིས་མོན་མཁར་བཀྲ་ཤིས་གདོང་དུ་དགེ་བཤེས་ཤ་སྟོན་ལ་སོགས་པས་ད་བར་དུ་བོད་ཀྱི་མཁས་པའི་ནང་ན་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་པ་ནི་དཀའ་བཞི་པ་ཤེར་སེང་ལས་མ་བྱུང་བས་འདི་ནས་ཀྱང་དེ་ཙམ་ཞིག་དུས་གཅིག་ཏུ་ཅིས་ཀྱང་གསུང་འཚལ་ནན་ཞུ་བྱས་པས། རྗེ་འདིས་ཉིན་ཉི་ཤུ་ལྷག་ལ་སྟ་གོན་མཛད་རྗེས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས་ཟླ་བ་གསུམ་གྱི་རིང་། ཉིན་རེར་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་ཚད་མ་རྣམ་འགྲེལ། ཕར་ཕྱིན། མངོན་པ་གོང་འོག་གཉིས།འདུལ་བ་མདོ་རྩ་བ། བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་པའི་ཚོགས་ལྔ། འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དགག་སྒྲུབ་དང་བཅས་ཐུགས་བཤད་མཛད་ ⒅ ཐུབ་པ་བྱུང་བ་རེད།
            2.རྩོད་པའི་འབྲས་བུ་གཟེངས་སུ་ཐོན་ཞིང་མཁས་པའི་སྙན་གྲགས་ཡོངས་སུ་རྒྱས་འགོ་ཚུགས་པ། དེ་ཡང་རྗེ་ཉིད་ཀྱིས་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་བདེ་བ་ཅན་སོགས་སུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་རིམ་དང་པོ་མཛད་དུས་“བློ་གྲོས་དང་ཆོས་སྐད་ཕུན་སུམ་ཚོགས་པའི་སྙན་པ་རིང་དུ་སོང་ཞིང༌། བཤེས་གཉེན་མཁས་པ་དག་གི་ཡིད་ཀྱི་དབང་པོ་རྣམ་པར་དཔྱོད་པའི་ལྕགས་ཀྱུས་དྲངས་པར་གྱུར་”⒆ ཞེས་སྙན་གྲགས་རྒྱས་འགོ་ཚུགས་ལ། གསང་ཕུ་དང་རྩེད་ཐང་ལ་སོགས་སུ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་རིམ་གཉིས་པ་མཛད་དུས་“དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང༌། དམ་པ་འདིའི་བློ་གྲོས་ཀྱི་བང་མཛོད་ལས་འོངས་པའི་ལེགས་བཤད་གསར་པའི་དུས་སྟོན་ཉམས་སུ་མྱོང་བས་ནི་ཡིད་ཚིམས། རྣམ་དཔྱོད་འདབ་བཟང་དབང་པོའི་སྤར་ཁྱིམ་ལས་ཐོན་པའི་དངོས་སྟོབས་རིགས་པའི་སྡེར་མོ་མི་བཟད་པས་བསྡིགས་པས་ནི་སྙིང་འདར། མཁྱེན་རབ་གཏིང་མཐའ་ཡངས་པའི་ཆུ་གཏེར་ཆེན་པོ་ང་རྒྱལ་ཁེངས་པའི་རླབས་ཕྲེང་ཞི་བས་དུལ་བའི་དཔལ་གྱིས་ནི་དད་པའི་སྤུ་ལོང་ཀུན་ནས་གཡོས་ཏེ། འཇིག་རྟེན་མ་ལུས་པ་ངོ་མཚར་བའི་གཏམ་གྱི་དགའ་སྟོན་ལ་རོལ་བར་བྱེད་པས་དུས་འདའ་ཞིང༌། ས་གསུམ་ན་སྙན་པའི་བ་དན་བཙུགས་པར་གྱུར་ཏོ་” ⒇ ཞེས་བཀོད་ཡོད་པ་བཞིན་རྩོད་པའི་འབྲས་བུ་གཟེངས་སུ་ཐོན་པས་དཀའ་བཞི་པ་ཙོང་ཁ་པ་ཞེས་མཁས་པའི་སྙན་གྲགས་ཡོངས་སུ་རྒྱས་འགོ་ཚུགས་པ་ཤེས་ཐུབ།
            གཞན་ཡང་རྗེ་འདི་ཡི་བླ་མ་སྟེ་སྐབས་དེའི་དུས་རབས་ཀྱི་ཚབ་བྱེད་ལྟ་བུའི་མཁས་ཆེན་རྗེ་བཙུན་རེད་འདའ་བའི་ཞལ་ནས་ཀྱང་“ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ལེགས་པར་བསྒྲིམ་དགོས་པ་འདུག་” (21)སོགས་གསུངས་ཏེ་རྗེ་འདིའི་ཐུགས་ཀྱི་ཡོན་ཏན་ལ་གདེངས་འཇོག་ཚད་མཐོ་བ་གནང་བས་ཀྱང་སྙན་པའི་དར་ལ་དྲི་བཞོན་རླུང་གི་ནུས་པ་ཐོན་ཡོད་པར་འདོད།
            3.རང་ལུགས་འཛིན་སྐྱོང་སྤེལ་བའི་ཞབས་འབྲིང་སྡེ་སྣོད་འཛིན་པའི་དཔུང་སྡེ་ཚུགས་འགོ་བརྩམས་པ། དེ་ལྟར་རྩོད་པའི་འབྲས་བུ་གཟེངས་སུ་ཐོན་ཞིང་མཁས་ཆེན་རྣམས་ཀྱི་གདེང་འཇོག་ཐོབ་པས་མཁས་པའི་སྙན་གྲགས་ཕྱོགས་བཞིར་རྒྱས་པས་ན་“བདག་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ། ལེགས་སུ་འདོད་པ་དག་ནི། འདི་འདྲ་བའི་དམ་པའི་མགོན་ལ་བརྟེན་པ་ལས་འདོད་པའི་གནས་འཐོབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་སྙམ་དུ་བསམས་ནས་བདག་ཉིད་ཆེན་པོ་འདིའི་ཞབས་འབྲིང་དུ་ཁས་ལེན་པར་ཡང་བྱེད་དོ།།” (22) ཞེས་འབྱུང་ལ། དེ་ཡང་གྲྭ་སྐོར་མཛད་རིམ་དང་པོ་རྫོགས་ནས་ལོ་གཅིག་ལྷག་གི་རྗེས་སུ་རྗེ་ཁོང་གིས་སྐུ་བསྙུང་བཞེས་ཏེ་བདེ་བ་ཅན་དུ་བྱོན་པ་ན་དེ་གའི་འཁྲུག་ལོང་གིས་ཐུགས་སྐྱོ་བར་གྱུར་ཏེ། “དཔོན་སློབ་འགའ་ཞིག་གིས་དགུན་གཙང་ཕྱོགས་ལ་བྱོན། ས་སྐྱར་འབྱོན་བཞེད་པ་ལ་” (23) ཞེས་འབྱུང་བ་ལས་སྐབས་དེར་རྗེ་འདི་ལ་སྐུ་འཁོར་བྱུང་འགོ་ཚུགས་ཡོད་པ་ཤེས་པར་མ་ཟད། གནས་རྙིང་དུ་“དོན་གཉེར་བ་དང་ཕྱག་ཕྱི་ལ་བྱོན་པ་འགའ་ཞིག་གིས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས། དེ་གོང་མངོན་པ་ཀུན་ལས་བཏུས་ལ་ཆེད་དུ་གཏད་པའི་གཟིགས་རྟོག་མ་མཛད་ཀྱང......མངོན་པ་ཀུན་ལས་བཏུས་ཚར་གཅིག་རྩལ་བཤད་མཛད་དོ་” (24)ཞེས་འབྱུང་བ་ལས་སྐབས་དེར་ཁོང་གིས་འཁོར་གྱི་སློབ་མ་ལ་འཆད་འཁྲིད་ཀྱི་འཕྲིན་ལས་ཀྱང་སྤེལ་འགོ་ཚུགས་ཐུབ་ཡོད་པ་ཤེས་ཐུབ། 
            གཞན་ཡང་རྗེ་འདིས་གྲྭ་སྐོར་མཛད་རིམ་གཉིས་རྫོགས་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་གདན་ས་མཐིལ་དུ་སྤྱན་སྔ་རིན་པོ་ཆེའི་དྲུང་དུ་མཇལ། དེ་ནས་ཅུང་མ་འགོར་བར་“ཚ་གོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད། དེའི་དུས་ནུབ་གཅིག་གི་ཚེ། དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་” (25)སོགས་བཀོད་ཡོད་པར་གཞིགས་ན་ཚ་གོ་དབོན་པོའང་སྐབས་དེའི་རྗེ་ཁོང་གི་འཁོར་གྱི་ཐོག་མའི་གྲས་ཡིན་པར་འདོད་ལ། ཚ་གོ་དབོན་གྱི་མཚན་དེའི་མནལ་ལམ་ནི“ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ་” (26) ཞེས་འབྱུང་བ་ལས་གསལ་བ་ལྟར། སྐབས་དེར་འཁོར་གྱི་ཁྲོད་དུ་ཚ་གོ་དབོན་ལྟ་བུའི་རྗེ་འདིའི་རང་ལུགས་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་ཆེན་པོ་འཇོག་མཁན་གྱི་དཔུང་སྡེ་ཚུགས་འགོ་བརྩམས་ཡོད་པར་འདོད། 
            4.ཡུལ་དངོས་བརྟག་དཔྱད་ཀྱིས་རང་ལུགས་སྲོལ་འབྱེད་ལ་རྨང་གཞི་བསྐྲུན་པ། རྗེ་འདི་ཡིས་དབུས་ནས་བརྩམས་ཏེ་གཙང་ཕྱོགས་དང་། དེ་ནས་ལྷོ་ཁ་ཡི་རྩེད་ཐང་བར་བསྡོམས་པས་ལམ་ཐག་སྤྱི་ལེ་2000ལྷག་བརྒྱུད་དེ་སྐབས་དེའི་བོད་ཀྱི་དགོན་སྡེ་ཆེ་གྲགས་བཅུ་གྲངས་ལྷག་ཏུ་ཕེབས་ཏེ་གྲྭ་སྐོར་འགྲུལ་བཞུད་ལན་གཉིས་མཛད་ཡོད་ལ། དེ་དག་ལས་གྲྭ་སྐོར་དངོས་སུ་མཛད་པའི་དགོན་སྡེ་སྟེ། བདེ་བ་ཅན་དང་གསང་ཕུ། སྣར་ཐང་། ཚལ་གུང་ཐང་བཅས་ནི་སྐབས་དེར་བཀའ་གདམས་པའི་དགོན་པ་ཡིན་ལ། ས་སྐྱ་དང་འདར་བཟང་ལྡན། ངམ་རིང་ཆོས་སྡེ། གནས་རྙིང་། རྩེད་ཐང་བཅས་ནི་ས་སྐྱ་པ་དང་འགའ་རོང་ཆོས་སྡེ་ཇོ་ནང་པའི་གྲུབ་མཐའ་རེད། གཞན་དུ་ཡང་གྲྭ་སྐོར་དངོས་སུ་མ་མཛད་ཀྱང་བོ་དོང་པའི་གདན་ས་ཨེར་དགོན་པ་དང་བུ་སྟོན་པའི་གདན་ས་ཞ་ལུ་དགོན་པ། ཇོ་ནང་བའི་ཇོ་མོ་ནང་དགོན་པ་སོགས་སུའང་རྗེ་འདིས་སློབ་གཉེར་དང་དབང་ལུང་བཀའ་ཆོས་ཅི་རིགས་གསན་ཅིང་མཇལ་སྐོར་མཛད་པ་གསལ།
            དེ་བས་ན་གྲྭ་སྐོར་མཛད་རིམ་འདི་གཉིས་ཀྱི་ཁྲོད་རྗེ་ཙོང་ཁ་པ་ཆེན་པོས་སྐབས་དེའི་བོད་ཀྱི་ས་གནས་ཁག་ན་དར་བའི་གྲུབ་མཐའ་སོ་སོའི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་དང་དེའི་སྒྲིག་གཞི། འཆད་ཉན་བྱེད་ལུགས་དང་། བླ་མ་དང་མཁས་པ། གསུང་འབུམ་གང་བཞུགས་སོགས་ཀྱི་གནས་སྟངས་ལ་ཡུལ་དངོས་བརྟག་དཔྱད་མཐིལ་ཕྱིན་མཛད་ཐུབ་པ་བྱུང་ཡོད་པར་འདོད་དེ། དེ་བས་ན་གྲྭ་སྐོར་མཛད་རིམ་གཉིས་བརྒྱུད་རྗེ་འདིས་རྒྱུ་ཆ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཤིང་རྗེས་ཕྱོགས་སུ་རང་ལུགས་རི་བོ་དགེ་ལྡན་པའི་གྲུབ་མཐའ་གསར་གཏོད་མཛད་པ་ལ་ཆ་རྐྱེན་བསྐྲུན་པར་འདོད་དོ།།
ལྔ། མཇུག་བསྡུ་བ། 
            རྗེ་ཙོང་ཁ་པ་ཆེན་པོས་སྐུ་ན་གཞོན་དུས་ཀྱི་དགུང་ལོ་བཅུ་དགུ་པར་བདེ་བ་ཅན་ནས་བརྩམས་ཏེ་ལོ་གཅིག་ལྷག་གི་ནང་ཕར་ཕྱིན་གྱི་གྲྭ་སྐོར་དམ་བཅའ་གདན་ས་བརྒྱད་ནས་གནང་སྟེ་གང་དེར་ནང་བྱན་ཆུད་པར་མཛད་ལ། དེ་ནས་ལོ་གསུམ་ཙམ་གྱི་རིང་གཞུང་གཞན་དག་ལ་སློབ་གཉེར་གང་ལེགས་མཛད་དེ་དགུང་ལོ་ཉེར་གསུམ་པར་སླར་ཡང་གང་ཞིག་ཐོས་དོན་ལ་སྒྲོ་འདོགས་གཅོད་ཕྱིར་ལོ་གཅིག་ལྷག་གི་ནང་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་ཡོད་དེ། ཐོག་མཐའ་བར་གསུམ་དུ་མཐོང་ཐུབ་པ་ནི་རྗེ་འདི་ཡི་ཐོས་རྩོད་ཟུང་འབྲེལ་གྱིས་སློབ་གཉེར་རྡོ་རུས་ཐུག་པ་གནང་སྟེ་ནང་དོན་རིག་པའི་གནས་ལུགས་མཐར་ཐུག་འཚོལ་རྒྱུའི་སྙིང་སྟོབས་དེ་རེད།
གྲྭ་སྐོར་མཛད་རིམ་གཉིས་བརྒྱུད་རྗེ་འདིས་སྐབས་དེའི་གྲུབ་མཐའ་སོ་སོའི་ཚབ་བྱེད་ཐུབ་པའི་མཁས་པ་རྣམས་དང་མཇལ་བའི་སྐལ་བ་བྱུང་ཞིང་། གྲུབ་མཐའ་སོ་སོའི་བཞེད་ལུགས་མ་ལག་དང་བཅས་པ་གསན་སྦྱོང་ཞིབ་ཏུ་གནང་བས་རྗེ་འདིའི་ཐུགས་ལ་རང་ལུགས་ཐུན་མོང་མ་ཡིན་པ་འཁྲུངས་འགོ་ཚུགས་པ་དང་། རྩོད་པའི་འབྲས་བུ་གཟེངས་སུ་ཐོན་པས་མཁས་པའི་སྙན་གྲགས་ཡོངས་སུ་རྒྱས་ཤིང་ཞབས་འབྲིང་སྡེ་སྣོད་འཛིན་པ་མང་དུ་བྱུང་སྟེ་རང་ལུགས་འཛིན་སྐྱོང་སྤེལ་བའི་དཔུང་སྡེ་ཡང་ཚུགས་འགོ་བརྩམས་ཤིང་། རྗེ་ཁོང་གི་སྐུ་ཚེའི་མཛད་འཕྲིན་རྒྱས་པར་ཐོག་མའི་རྨང་གཞི་ཡོངས་སུ་བཏིང་པ་ལས་གཞན། གྲྭ་སྐོར་མཛད་རིམ་འདི་གཉིས་བརྒྱུད་རྗེ་འདི་ཡིས་སྐབས་དེའི་བོད་ཀྱི་ས་གནས་ཁག་ན་དར་བའི་གྲུབ་མཐའ་སོ་སོའི་གནས་སྟངས་ལ་ཡུལ་དངོས་བརྟག་དཔྱད་ཐུབ་པ་བྱུང་ཞིང་རྒྱུ་ཆ་དང་ཉམས་མྱོང་མང་དུ་བསགས་པས་ན་རྗེས་ཕྱོགས་སུ་རང་ལུགས་རི་བོ་དགེ་ལྡན་པའི་གྲུབ་མཐའ་གསར་གཏོད་མཛད་པ་ལའང་རྨང་གཞི་བརྟན་པོ་བཏིང་བར་འདོད་དོ།།
            མཆན་འགྲེལ།
            ①④མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》 དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་22དང་ཤོག་ངོས་24རུ་གསལ།
            ②རྩོམ་འདིའི་སྤྱི་ལོའི་ལོ་ཚིགས་ནི་ཆ་ཧར་དགེ་བཤེས་ཚང་གི་བཞེད་ལུགས་ལ་གཞི་བྱས་ཏེ་《དག་ཡིག་གསར་བསྒྲིགས་》 ཀྱི་སྤྱི་ལོ་དང་རབ་བྱུང་གི་རེའུ་མིག་ལྟར་རྩིས་པ་ཡིན།
            ③མཁས་གྲུབ་རྗེས་མཛད་པའི་《རྣམ་ཐར་དད་པའི་འཇུག་ངོགས་》 དང་། འབྲུག་རྒྱལ་དབང་གིས་མཛད་པའི་《རྣམ་ཐར་ཐུབ་བསྟན་མཛེས་རྒྱན》 ཆ་ཧར་དགེ་བཤེས་ཚང་གིས་མཛད་པའི་《རྣམ་ཐར་བདེ་ལེགས་ཀུན་འབྱུང་》བཅས་ལ་གོ།
            ⑤⑦མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》 དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་24-26དང་ཤོག་ངོས་24དུ་གསལ།
            ⑥ལམ་ཐག་ནི་ད་ལྟའི་གཞུང་ལམ་གྱི་ཐད་ཀའི་བར་ཐག་ལྟར་རྩིས་བརྒྱབ་པ་ཡིན། རྟགས?འདི་ཡོད་པ་ནི་དགོན་པ་དེ་གར་ཡོད་ས་ཕྱོགས་ཙམ་ངོས་འཛིན་ཐུབ་པ་ལས་ལམ་ཐག་སོགས་གསལ་པོར་རྩད་མ་ཆོད་པའི་དོན་ཡིན།
            ⑤བདེ་ལེགས་ག་པ་དཔོན་པོ་ནམ་མཁའ་སོགས། 《གནས་རྙིང་གྱེན་ཐོ》གངས་ཅན་རིག་མཛོད་58། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་387-388དུ་གསལ།
            ⑧⑩མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་34-35དུ་གསལ།
            ⑨ད་ལྟ་རྩེད་ཐང་ཞེས་འབྲི་མོད། 《 རྣམ་ཐར་དད་པའི་འཇུག་ངོགས》 སུ་འདི་ལྟར་འབྱུང་བས་སོར་བཞག་བྱས་པའོ།།
            ⑾མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་34བཅས་སུ་གསལ།
            ⑿⒀མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་49དང་ཤོག་ངོས་24བཅས་སུ་གསལ།
            ⒁⒃མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་35དུ་གསལ།
            ⒂གྲྭ་སྐོར་སྐོར་ཐེངས་གཉིས་པའི་སྐབས་སུ་རྗེ་བཙུན་རེད་མདའ་བ་དང་ལྷན་དུ་ས་སྐྱར་བྱོན་ནས་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད་སྐབས་ལ་གོ།
            ⒄མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་》དེབ་དང་པོའི་《རྟོགས་བརྗོད་འདུན་ལེགས་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་3-4ཡི་“བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།.....ལེགས་པར་ཐོན་པས་དགའ་བ་ལྷག་ཏུ་རྙེད་”བར་གྱི་དོན་བསྡུས་ཏེ་བཀོད་པའོ།།
            ⒅མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་40བཅས་སུ་གསལ།
            ⒆⒇(21)(22)(23)(24)(25)(26)མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཆེན་པོ་ཞིབ་འཇུག་གླིང་། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས》དེབ་དང་པོའི་《རྣམ་ཐར་དད་པའི་འཇུག་ངོགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་40དང་ཤོག་ངོས་24 35 26 36 30 30-31 30-31 38བཅས་སུ་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1