༄༅།། ཏུན་ཧོང་ཡིག་རྙིང་P.T.239Vལས་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་ལ་དཔྱད་པ།

སྟོང་སྐོར་ཀླུ་འབུམ་ཐར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 10-21



སྟོང་སྐོར་ཀླུ་འབུམ་ཐར།
[ནང་དོན་གནད་བསྡུས།] བསྔོ་ཡིག་ཤོག་དྲིལ་འདིར་སྔོན་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོ་བ་ལ་ཧོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་གཏམ་རྒྱུད་ཅིག་དྲངས་ཡོད་ལ། དཔྱད་རྩོམ་འདིར་གཏམ་རྒྱུད་དེའི་ཐོག་མའི་འབྱུང་ཁུངས་དང་། ཕྱིས་སུ་ལོ་རྒྱུས་ཡིག་ཚང་དང་། ཏུན་ཧོང་གི་ཡིག་རྙིང་དང་ལྡེབས་རིས་སོགས་སུ་རིམ་བཞིན་དར་ཚུལ་སྐོར་ལ་ཡིག་ཚང་རིག་པ་དང་བསྡུར་དཔྱོད་རིག་པ་བཅས་ཀྱི་ཐབས་ལམ་སྤྱད་ནས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] བསྔོ་ཡིག མདོ་ཚིག རྟའི་རྒྱལ་པོ། བ་ལ་ཧོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0128-09
              ཏུན་ཏོང་ཡིག་རྙིང་P.T.239Vཞེས་པའི་བསྔོ་ཡིག་འདི་ནི་ཧ་ལམ་དུས་རབས་བརྒྱད་པའི་དུས་སྨད་ནས་དུས་རབས་བཅུ་གཅིག་པའི་དུས་སྟོད་དུ་བྱུང་བའི་ནང་ཆོས་དང་ཡུལ་ཆོས་གཉིས་བར་གྱི་འབྲེལ་བ་མཚོན་བྱེད་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། སྔོན་སྐུ་ཞབས་ཧྲི་ཐེ་ཨན་ (石泰安) དང་ཉི་ཧོང་གི་བོད་རིག་པའི་ཆེད་མཁས་པ་ཡ་མ་གུ་ཆི (山口瑞凤) ། རང་རྒྱལ་གྱི་རྒན་ཁྲུའུ་ཅོན་ཅེ་ (褚俊杰) དང་ཧོ་བེ་ (霍魏) སོགས་ཀྱིས་སྐད་རིགས་མི་འདྲ་བའི་ངོས་ནས་ངོ་སྤྲོད་ཀྱི་ཚུལ་དུ་དཔྱད་པ་བཏང་ཡང་། ཁོང་རྣམས་ནས་ཐུགས་ཉམས་མ་མཛད་པར་ཤོག་དྲིལ་འདི་བོན་གྱི་ཡིག་ཆ་ཞིག་ཏུ་ཁ་མཚོན་བཅད་ཡོད་ཀྱང་དག་པར་མི་སྣང་སྟེ། ལྷག་པར་དུ་བསྔོ་ཡིག་ཤོག་དྲིལ་འདིའི་ཁྲོད་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོ་བ་ལ་ཧོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་གཏམ་རྒྱུད་དེ་གཙིགས་སུ་བཟུང་ནས་དཔྱད་པ་མ་བཏང་བས་གནད་དོན་ཁ་ཤས་ད་དུང་ཡང་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད་པར་བསམ། འདིར་ཁོང་རྣམས་ཀྱིས་ཞིབ་འཇུག་བྱས་པ་ཟུར་ལྟ་བྱས་པ་དང་། རང་ཉིད་ཀྱིས་དཔྱད་གཞིའི་རྒྱུ་ཆ་གསར་པ་བཀླག་སྟེ་ཤོག་དྲིལ་འདི་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་པའི་གཏམ་རྒྱུད་དེར་དཔྱད་པ་བཏང་ཡོད།
དང་པོ། རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་ཀྱི་ཁུངས།
              ཏུན་ཧོང་ཡིག་རྙིང་P.T.239Vཞེས་པའི་ཤོག་དྲིལ་འདིར་“སྀང་ཀ་གླྀང་གྱྀ་གཡུལ་ལས།། རྒྱམ་མཚོ་དབུས་སུ་ནྀ།། དེད་པོན་འཁོར་དང་བཅས་པ་གྲུ་གྱྀ་ནང་དུ་བཞུགས་པ་ལས།། སྲྀན་གྱྀ་བོ་མོ་གནོད་སྤྱྀན་འ༹ཇྀག་པས་བཟུང།། ལྕགས་མཁར་འབར་མ་ནང་དུ་བཅུག་ནས།། བཟའ༹་བར་བཤམ་པ་ལས།། སྤྱན་རས་གཟྀགས་གྱྀ་དབང་ཕྱུག་ཐུགས་རྗེ་ཆེན་པོ་དཔེ་མྱེད་པས།། བདེད་པོན་འ༹ཇྀགས་པ་སྐྱབས་མྱེད་དེ་མཐོང་ནས།། འ༹ཇྀགས་པ་ལས་སྐྱེབ་ཅིང།། སྡུག་སྔལ་ལས་བསྒྲོལ་བའྀ་ཕྱྀར།། ཐབས་ཀྱྀ་རྟ་འྀ༹་རྒྱལ་པོར་སྤྲུལ་པ་ནྀ།། སྙྀང་རྗེ་ལྡན་བ་ཅང་ཤེས་པ་ལ་ཧོ།། མཁའ༹་ལ་བྱ་བཞྀན་ཆུ་བྱ་དང་འདྲ།། འ༹ཇྀགས་མྱེད་མཐུར་ལྡན། ཡོན་ཏན་ཕུན་སུམ་ཚོགས།།” ① ཞེས་གཏམ་རྒྱུད་ཐུང་ངུ་ཞིག་བཀོད་ཡོད་ལ། གཏམ་རྒྱུད་དེ་ནི་སྔོན་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྟའི་རྒྱལ་པོ་བ་ལ་ཧོར་སྤྲུལ་ནས་སིངྒ་ལའི་སྲིན་མོའི་གླིང་ནས་དེད་དཔོན་འཁོར་དང་བཅས་པ་བསྐྱབས་པའི་ཚུལ་དེ་ཡིན། ང་ཚོས་བཀའ་བསྟན་ཁག་དང་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་བཀླགས་པ་ལས་ཤེས་པར། བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་འདི་དང་འདྲ་བ་ཞིག་ནི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་འདུལ་བ་རྣམ་པར་འབྱེད་པ་གཉིས་སུ་བྱུང་ཡོད་པ་དང་། དེ་མིན་འདུལ་བ་གཞི་དང་འཕགས་པ་བསྐལ་བ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་ཕལ་བོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་བཅས་སུའང་ལྷ་རྟའི་རྒྱལ་པོའི་མཚན་ཙམ་བཀོད་ཡོད་ཀྱང་ཚིག་རྐང་རེ་གཉིས་ཙམ་ལས་མེད་པས་དཔྱད་པའི་གནས་སུ་མ་སོང་ངོ་།། དེས་ན་《འདུལ་བ་རྣམ་པར་འབྱེད་པ་》ལས། “རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་” ② ཞེས་བཀོད་ལ། འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། “ལྷ་རྟའི་རྒྱལ་པོ་བ་ལ་ཧ་” ③ཞེས་བཀོད་པ་དང་། ཡང་ཏུན་ཧོང་ཡིག་རྙིང་P.T.239Vརང་ལས། “ཐབས་གྱྀ་རྟ་འྀ༹་རྒྱལ་པོར་སྤྲུལ་པ་ནྀ།། སྙྀང་རྗེ་ལྡན་བ་ཅང་ཤེས་པ་ལ་ཧོ།།”④   ཞེས་ལྷ་རྟའི་རྒྱལ་པོ་ཅང་ཤེས་པ་ལ་ཧོ་ཞེས་བཀོད་ཡོད་ལ། རྟའི་རྒྱལ་པོའི་མཚན་གྱི་བཀོད་སྟངས་དང་གཏམ་རྒྱུད་ཧྲིལ་པོའི་བྱུང་རིམ་དང་ཚིག་འགྲོས་ལ་བརྟག་ན། འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་དང་ཏུན་ཧོང་ཡིག་རྙིང་P.T.239Vལས་བྱུང་བའི་ཐབས་ཀྱི་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་གཉིས་ལ་གཅིག་མཐུན་གྱི་ཆ་ཅུང་མང་བ་དང་།  ལྷ་རྟའི་རྒྱལ་པོའི་མཚན་ཡང་ཧ་ཅང་ཐག་ཉེ་བར་འདུག་པས་ཏུན་ཧོང་ཡིག་རྙིང་P.T.239V ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་འདི་ཡང་མདོ་སྡེ་ཟ་མ་ཏོག་ལས་དྲངས་པར་ཁ་མཚོན་གཅོད་ནུས་སོ།།
              དེས་ན་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་འདིའི་འབྱུང་ཁུངས་མདོ་སྡེ་ཟ་མ་ཏོག་ཅེས་པ་དེ་གང་ཡིན་ནམ་ཞེ་ན། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེའི་ཕྱིར་མདོ་ལ་སྔ་བ་ཟ་མ་ཏོག གཟུངས་ལ་སྔ་བ་ཙིན་ཏ་མ་ཎི་ཞེས་བོད་དུ་གྲགས་པ་ཡིན་ནོ་” ⑤ ཞེས་མདོ་ཟ་མ་ཏོག་ནི་ལྷ་ཐོ་ཐོ་རིའི་དུས་སྐབས་སུ་བོད་དུ་དར་བའི་མདོའི་ཐོག་མ་ཡིན་པར་གསུངས་པ་དང་། ས་སྐྱའི་དཔོན་ཆེན་ཀུན་གཞོན་དང་དུས་མཉམ་དུ་བྱོན་པའི་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་《ལོ་རྒྱུས་ཆོས་འབྱུང་རྩ་ཆེན་སྔོན་གྱི་གཏམ་མེ་ཏོག་གི་ཕྲེང་བ་》ཞེས་པ་ལས་ཀྱང་། “སྐྱེས་བུ་དམ་པ་དེས་རྒྱལ་སྲིད་འཛིན་པའི་ཚེ། ལི་ཐེ་སི་དང་ཐོ་གར་གྱི་ལོ་ཙཱ་བ་བློ་བསམ་མཚོ་གཉིས་ཀྱིས། རྒྱ་གར་པཎྜི་ཏ་མཁས་པ་ལེགས་བྱིན་སྤྱན་དྲངས་ནས་བྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པའི་སྟབས་ཀྱིས་བསླབ་ཏུ་མ་བཏུབ་ནས། ཟ་མ་ཏོག་སྐོད་པ། སྙིང་པོ་ཡི་གེ་དྲུག་མ་གསེར་གྱིས་བྲིས་པ་གཅིག་ལ་མུ་ཏྲའི་ཕྱག་རྒྱས་བཏབ་ནས་རྒྱལ་པོ་ལ་ཕུལ་ཏེ། འདི་ལ་ཕྱག་དང་བསྐོར་བ་བྱས་དང་། མཆོད་པ་བགྱིས་ལ་གསོལ་བ་ཐོབ། གང་འདོད་པའི་བྱིན་རླབས་འབྱུང་གིས། ངས་བོད་དུ་གདད་(བསྡད་)ཅིང་ཕན་མི་ཐོགས་པར་འདུག་གསུངས་ནས་རྒྱ་ནག་དུ་བཞུད་དོ་” ⑥ ཞེས་ལི་ཐེ་སེ་དང་ལོ་ཙཱ་བ་བློ་བསམ་མཚོ་རྣམ་གཉིས་ཀྱིས་རྒྱ་གར་ཡུལ་ནས་པཎྚི་ཏ་མཁས་པ་ལེགས་བྱིན་སྤྱན་དྲངས་ནས་བོད་དུ་ཆོས་མང་དུ་གསུངས་ཀྱང་སྐབས་ཐོག་དེར་བོད་ལ་ད་དུང་ཡི་གེ་དར་མེད་པས་བསླབ་དུ་མ་བཏུབ་ནས་པཎྜི་ཏ་ཕྱིར་རྒྱ་ནག་ཡུལ་དུ་ཕེབས་པ་དང་། ཟ་མ་ཏོག་སྐོད་པ། སྙིང་པོ་ཡི་གེ་དྲུག་མ་གསེར་གྱིས་བྲིས་པ་གཅིག་ལ་མུ་ཏྲའི་ཕྱག་རྒྱས་བཏབ་ནས་རྒྱལ་པོ་ལ་ཕུལ་བར་གསུངས་པ་ལས། ལོ་རྒྱུས་སྤྱི་མཐུན་ལྟར་ནམ་མཁའ་ནས་མར་བབས་པ་མིན་པར་བཀོད་པ་འཐད་ལྡན་དུ་འདོད་དེ། རྒྱལ་དབང་ལྔ་པ་ཆེན་མོས། “ནེལ་པ་པཎྜི་ཏས་ནམ་མཁའ་ལས་བབས་པ་མི་འཐད་པར་སྨྲ་བ་ནི་བློ་ཆུང་གི་གཏམ་སྟེ། བསྟན་པའི་དབུ་བརྙེས་པའི་རྟེན་འབྲེལ་དུ་འཕགས་པའི་གང་ཟག་གི་སྤྲུལ་བ་དང་ཐུགས་རྗེ་བསམ་ལས་འདས་པས་སོ་” ⑦ ཞེས་གསུངས་པའང་དོན་གྱི་གནད་ལ་མི་ཁེལ་བར་སྙམ། ཡིན་ནའང་མཁན་པོ་ལེགས་བྱིན་འདི་བ་ཚང་གི་གནས་ཡུལ་ངོས་འཛིན་ཐད་དུ་དོགས་གཞི་ཅུང་ཟད་ཡོད་དེ། 《ཀློང་ཆེན་ཆོས་འབྱུང་》ལས། “རྒྱལ་པོ་དེའི་རིང་ལ་ཐོ་དཀར་དང་། ལིའི་ལོ་ཙཱ་བ་གཉིས་ཀྱིས་རྒྱ་ནག་གི་མཁན་པོ་ལི་བྱིན་གདན་དྲངས་ཏེ་བྱོན་ནས། རྒྱལ་པོ་ལ་ཆོས་བཤད་ཀྱང་། བོད་ལ་ཡི་གེ་མེད་པས། བསླབ་ཏུ་མ་བཏུབ་ཅིང་དར་བར་མ་ནུས་ནས། སྐུའི་རྟེན་དུ་རིགས་ལྔའི་ལུགས་སྐུ་ཚར་གཅིག གསུང་གི་རྟེན་དུ་སྤང་ཀོང་དང་གཙུག་ཏོར་དྲི་མེད། ཐུགས་ཀྱི་རྟེན་དུ་གསེར་གྱི་མཆོད་རྟེན་བང་རིམ་ལྔ་པ་དང་། དེ་རྣམས་ལ་རིགས་ལྔས་ཕྱག་རྒྱས་བཏབ་ནས་འདི་ལ་མཆོད་པ་གྱིས་གསུངས་ནས་མཁན་པོ་རྒྱ་ནག་ཏུ་བཞུད་” ⑧ཅེས་མཁན་པོ་ལི་བྱིན་ཞེས་པ་རྒྱ་ནག་གི་ཡུལ་གང་རུང་ཞིག་ནས་གདན་དྲངས་པར་གསུངས་ལ། འདོད་པ་འདིའི་རྗེས་སུ་འབྲངས་ནས་སློབ་དཔོན་ལེགས་བྱིན་ནམ་ལི་བྱིན་འདི་ནི་རིག་འཛིན་ཀུ་མ་ར་ཤཱིར་ངོས་འཛིན་བྱེད་མཁན་ཡང་ཡོད་ཀྱང་འཐད་ལྡན་དུ་མི་འདོད་དེ། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “ཆིན་སྔོན་མའི་རྒྱལ་རབས་ཀྱི་རྒྱལ་པོ་ཧྥུ་ཅིའན་གྱི་ཅེན་ཡོན་ (建元) ཁྲི་ལོ་བཅོ་བརྒྱད་པ་(382)ལོར་ལི་ཡུལ་དུ་ཕྱིར་ལོག་ཕེབས་རྗེས་” ⑨ ཞེས་གཞོན་ནུ་ཚེ་རིང་ངམ་རིག་འཛིན་ཀུ་མ་ར་ཤྲི་ཧ་ལམ་སྤྱི་ལོ་382ལོར་ཕྱིར་ལི་ཡུལ་དུ་ཕེབས་པར་གསུངས་པའི་ལོ་ཚིགས་དེ་འཕྱིས་དྲགས་པའི་སྐྱོན་འདུག་སྟེ། རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། “དེ་ལྟར་ན་དེ་ནས་ལོ་གཉིས་ཀྱི་རྗེས་ནས་ལང་གྲུར་སླེབས་པས་ལོ་ཆེན་དེ་ཉིད་རྒྱ་གར་ནས་ཆིག་ཚི་དང་དེ་ནས་གཉེན་སྒྲིག་ཞིང་ཐེག་པ་ཆེན་པོའི་ཆོས་སྤེལ་བ་ནས་ཝུའུ་ཝེ་ལིའང་ཊེའུ་མཁར་དུ་སླེབས་པའི་དབར་ལོ་གཉིས་ཀྱི་ཡུན་ལས་འགོར་མེད་པར་ཁས་ལེན་དགོས་པས་སོ་” ⑩ ཞེས་གསུངས་པ་གནས་ལུགས་དང་ལྡན་པའི་གཏམ་ཡིན་ནོ།། རིག་འཛིན་འདི་བ་ཚང་ནི་སྤྱི་ལོ་344ལོར་ཡབ་རྒྱ་གར་བ་ཀུ་མ་ར་ཡན་ (鸠摩炎) ཙོང་ལ་( 葱林) བརྒྱུད་དེ་ཆིག་ཚིར་ (龟兹) འབྱོར་ནས་ཆིག་ཚི་རྒྱལ་པོའི་སྲིང་མོ་ཆིས་སྤོ་ (耆婆) ཟེར་བ་དེ་ཁབ་ཏུ་བཞེས་པའི་སྲས་སུ་འཁྲུངས་པ་དང་། ⑾ དགུང་ལོ་བདུན་གྱི་ཐོག་ནས་རབ་ཏུ་བྱུང་སྟེ་ཐེག་པ་ཆུང་ངུའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལ་སྦྱངས་པ་དང་།  དགུང་ལོ་དགུ་པའི་དུས་སུ་ཡུམ་གྱིས་ཁྲིད་ནས་ཁ་ཆེར་ཕེབས།དགུང་ལོ་བཅུ་གཉིས་ཏེ་ཧ་ལམ་སྤྱི་ལོ་356ལོར་ཡུམ་གྱིས་ཁྲིད་དེ་ཕྱིར་ཆིག་ཚིར་ལོག་པའི་ལམ་དུ་ཞུགས་པ་ཡིན། ⑿ སྤྱི་ལོ་401ལོར་ཆིན་རྗེས་མའི་ (后秦) སྲིད་དབང་འཛིན་མཁན་ཡའོ་ཞིན་ (姚兴) ཞེས་པས་གདན་འདྲེན་གནང་བ་ལྟར་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་མཁར་དུ་འབྱོར་དེ་ནང་པའི་བསྟན་པ་ཤར་ཕྱོགས་ཐང་རྒྱལ་པོའི་ཁབ་ཏུ་དར་བར་བྱས་རྗེས་བླ་མེད་བཞག་ཡོད་པ་དང་།⒀ གཞན་《དེབ་ཐེར་དམར་པོ་》ལྟར་ན་དེ་ནས་སྤྱི་ལོ་416ལོར་རིག་འཛིན་འདི་བ་ཚང་ཞི་བར་གཤེགས་པས། ལོ་རྒྱུས་སྤྱི་མཐུན་གྱི་ལུགས་ལྟར་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ཧ་ལམ་སྤྱི་ལོ་417ལོར་སྐུ་འཁྲུངས་པ་ལྟར་རྩིས་ན་ལོ་ཚིགས་གཅིག་ཏུ་ཁེལ་དཀའ་བར་འདོད། ལྷག་པར་དུ་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “འདིའི་འཁྲུངས་ལོ་ལ་འགའ་ཞིག་གིས་ཤིང་བྱི་ཡིན་པ་དང་འགའ་ཞིག་གིས་ཤིང་ཁྱི་ཡིན་པ་སོགས་བཤད་ཚུལ་མི་འདྲ་བ་ཡོད། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་《རྒྱ་གར་ཆོས་འབྱུང་》གི་ནང་སློབ་དཔོན་དབྱིག་གཉེན་གྱི་ལོ་རྒྱུས་འཆད་སྐབས་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་སློབ་དཔོན་འདི་གཉིས་དུས་ཐོག་གཅིག་ཡིན་པར་གསུངས།《དེབ་ཐེར་དཀར་པོ་》ལས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་བོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་ཐོག་གཅིག་ཡིན་པར་གསུངས་པ་བཅས་བརྟག་སྐབས་དུས་ཐོག་མི་མཚུངས་པའི་དོགས་གཞི་ཆེན་པོ་འདུག་པས་དཔྱད་པར་ཞུ་” ⒁ ཞེས་གསུངས་པ་ནང་བཞིན་དུས་ཐོག་གཅིག་ཏུ་ཁེལ་འདུག་ཟེར་བའང་གཞི་འཛུགས་ས་མེད་དོ།། དེས་ན་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་གསུངས་པ་ལྟར་ལི་ཐེ་སེ་དང་ཐོ་གར་གྱི་ལོ་ཙཱ་བ་བློ་བསམ་མཚོ་གཉིས་ཀྱིས་རྒྱ་གར་གྱི་པཎྜི་ཏ་མཁས་པ་ལེགས་བྱིན་སྤྱན་དྲངས་ནས་བྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས།བོད་ན་ཡི་གེ་མེད་པའི་སྟབས་ཀྱིས་བསླབ་ཏུ་མ་བཏུབ་ནས།ཟ་མ་ཏོག་སྐོད་པ་སོགས་རྒྱལ་པོར་ཕུལ་ཏེ་སློབ་དཔོན་ལེགས་བྱིན་བོད་ནས་རྒྱ་ནག་ཡུལ་དུ་ཕེབས་པ་ལྟར། མདོ་ཟ་མ་ཏོག་བཀོད་པའང་སློབ་དཔོན་ལེགས་བྱིན་དང་མཉམ་དུ་རྒྱ་གར་ནས་བོད་དུ་དར་བར་བྱས་ན་འགྲིག་གོ།
              དེས་ན་རྒྱ་གར་གྱི་སློབ་དཔོན་ལེགས་བྱིན་འདི་བ་ཚང་གིས་བོད་དུ་སྤྱན་དྲངས་པའི་མདོ་ཟ་མ་ཏོག་དེ་བོད་ཡིག་ཏུ་འགྱུར་རམ་ཞེ་ན། 《སྡེ་དགེ་བསྟན་འགྱུར་དཀར་ཆག་》དང་《བུ་སྟོན་ཆོས་འབྱུང》 《ཐོན་མིའི་ཞལ་ལུང་》སོགས་སུ་ཧ་ལམ་དུས་རབས་བརྒྱད་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མིས་བོད་ཡིག་ཏུ་བསྒྱུར་ཚུལ་གསལ་པོར་བསྟན་ཡོད་ཀྱང་བསྒྱུར་མཁན་སློབ་དཔོན་ཐོན་མིར་ངོས་འཛིན་བྱས་པ་དག་པར་མི་སྣང་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “ཡང་རྒྱལ་པོས་ཐོན་མི་ལ་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློགས་དང་གསུངས་པས་དཔང་ཀོང་ཕྱག་རྒྱ་དང་མདོ་སྡེ་ཟ་མ་ཏོག་བྱུང་སྐད་” ⒂ ཅེས་དང་། ཡང་དེ་ཉིད་ལས། “ལ་ལ་ནས་ཙིནྡ་མ་ཎིའི་གཟུངས། ཟ་མ་ཏོག དཔང་ཀོང་། མདོ་སྡེ་ལས་རྣམ་འབྱེད་དེ་བཞི་བྱུང་ཞེས་ཀྱང་སྣང་” ⒃ཞེས་གསུངས་པའི་ཚིག་ཤུགས་ལས་སློབ་དཔོན་ཐོན་མིས་གཉན་པོ་གསང་བར་ཅི་འདུག་པར་བལྟས་པ་ལས་བསྒྱུར་ཚུལ་བཤད་མེད་པ་དང་།  གཞན་《དེབ་ཐེར་དམར་པོ་》ལས་ཀྱང་། “རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤམ་ཀ་ར་དང་། བལ་པོའི་སློབ་དཔོན་ཤི་ལ་མཉྫུ་དང་། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ་དང་། གྷ་ནུ་ཏ་དང་། རྒྱ་གར་གྱི་མཁན་པོ་ལི་བྱིན་དང་། ཧ་ཤང་མ་ཧ་དེ་བ་སྤྱན་དྲངས་ནས། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་” ⒄ཅེས་གསུངས་པ་ལྟར། སྐབས་ཐོག་དེར་རྒྱ་གར་ནག་དང་། བལ་པོ། ཁ་ཆེ་སོགས་ནས་པཎ་གྲུབ་དུ་མ་སྤྱན་དྲངས་ནས་ཆོས་གཞུང་མང་པོ་བོད་དུ་བསྒྱུར་ཚུལ་བཀོད་ཡོད་པའི་ཤུགས་ལས་སློབ་དཔོན་ཐོན་མི་གཅིག་པས་བསྒྱུར་བ་མིན་པར་ལོ་པཎ་ཚོགས་ཀྱིས་བསྒྱུར་བ་གསལ་པོར་ཤེས་ཐུབ་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས་ཟ་མ་ཏོག་ནི་བོད་དུ་དར་བའི་མདོའི་ཐོག་མ་ཡིན་པར་གསུངས་པའང་བདེན་ཤས་ཆེ་སྙམ། ཕྱིས་སུ་གཉན་པོ་གསང་བ་ལས་བསྒྱུར་བའི་འགྱུར་དེ་དུས་ཀྱི་རྐྱེན་ལམ་དུ་ཤོར་བའམ་གར་སོང་ཆ་མི་འཚལ་བར་གྱུར་པས་དཔྱད་པར་འཚལ་ལོ།། ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་བའི་བཀའ་བསྟན་ཁྲོད་ཀྱི་མདོ་སྡེ་ཟ་མ་ཏོག་འདི་ནི་ཆོས་རྒྱལ་གཉིས་པ་ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པར་བཀའ་བསྟན་རང་ལས་གསལ་ལ། དེ་ནས་བཟུང་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་འདི་ཡང་རྒྱ་གཞུང་དེ་དང་འགྲོགས་ནས་བོད་དུ་ཐོག་མར་འགྱུར་བ་ཡིན་ནོ།།
གཉིས་པ། ལོ་རྒྱུས་ཡིག་ཚང་ལས་བྱུང་བའི་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད།
              བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་ཐེག་པ་ཆེན་པོའི་མདོ་ཚིག་འདི་ནི་སྔར་བཤད་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སོགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། ཕྱིས་སུ་བོད་ཁམས་ཧྲིལ་པོ་སྔར་ལས་གཅིག་གྱུར་སོང་བ་དང་རིག་གནས་འཕེལ་རྒྱས་ཀྱི་དབང་གིས་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུའང་ཧ་ཅང་རྒྱ་ཆེར་དར་བ་ཡིན། ལོ་རྒྱུས་ཡིག་ཚང་དུ་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་ཐེག་པ་ཆེན་པོའི་མདོ་ཚིག་འདི་ཐོག་མར་《མ་ཎི་བཀའ་འབུམ་》གྱི་ཁྲོད་དུ་བྱུང་ལ། ཆོས་རྒྱལ་གྱི་བཀའ་འབུམ་དུ་གྲགས་པ་འདི་ད་ལྟའི་ཆ་ལ་ཆོས་འབྱུང་རྒྱལ་རབས་དང་ལོ་རྒྱུས་སོགས་ལ་བརྟག་པའི་དཔྱད་གཞི་ཤིན་ཏུ་འགངས་ཆེན་ཞིག་ཡིན་ཏེ། སྤྱིར་བཏང་ཕྱིས་སུ་བྱུང་བའི་ལོ་རྒྱུས་དེབ་ཐེར་ཁག་མང་པོར་སྲོང་བཙན་སྐུ་དུས་ཀྱི་ལོ་རྒྱུས་འདི་རང་ཚད་ལྡན་དུ་འཇོག་གནང་གིས་བཀོད་ཡོད་པ།  དཔེར་ན། 《རྒྱལ་རབས་གསལ་བའི་མེ་ལོང་》དང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 《དེབ་ཐེར་དམར་པོ་》སོགས་དུ་མ་ཡོད་ཀྱང་མཐའ་གཅིག་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་བརྩམས་ཞེས་ཁ་མཚོན་གཅོད་དཀའ་བར་བསམ་སྟེ། ཆོས་སྐོར་འདི་ཉིད་གཏེར་ལས་བཞེས་མཁན་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་འདི་ཉིད་ལ་མཚོན་ན། ཁོང་གི་འཁྲུངས་དུས་ཀྱི་ལོ་ཚིགས་གསལ་བར་བཀོད་པའི་ཡིག་ཆ་ཞིག་ལག་སོན་མ་བྱུང་ཡང་། 《པདྨ་བཀའ་ཐང་》ལས། “དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཇིམ་གྱི་བྱ་ར་འདབས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཆེ་འདྲི་བ་འབྱུང༔ གཙང་གི་རི་བོ་ཆེར་སྦས་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང༔” ⒅ ཞེས་བཀོད་པ་ལྟར། ཧ་ལམ་སྤྱི་ལོ་དུས་རབས་བཅུ་གཉིས་ཀྱི་གཡས་གཡོན་ཙམ་དུ་གཙང་གི་ཕྱོགས་ནས་སྐུ་འཁྲུངས་པའི་གཏེར་སྟོན་ཆེན་པོ་ཞིག་ཡིན་ལ། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ལ་འཆི་མེད་ཚེའི་རིག་འཛིན་བརྙེས་ཏེ་འགའ་ཞིག་གིས་དགུང་ལོ་སུམ་བརྒྱ་བཞུགས་པར་ཡང་གསུངས། གང་ལྟར། 《མ་ཎི་བཀའ་འབུམ་》ནི་གྲུབ་ཆེན་འདི་བ་ཚང་གིས་དུས་རབས་བཅུ་གཉིས་པའི་གཡས་གཡོན་དུ་གཏེར་ལས་བཏོན་པ་དང་། བརྩམས་གྲུབ་ཀྱི་ལོ་ཚིགས་ཀྱང་ཆོས་རྒྱལ་གཉིས་པ་ཁྲི་སྲོང་ལྡེ་བཙན་གྱི་མན་ཆད་དུ་བཞག་ན་འགྲིག་པར་བསམ་ལ། གང་གིས་ཤེས་ཤེ་ན། 《མ་ཎི་བཀའ་འབུམ་》གྱི་དེབ་ཐེར་འདིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བརྩམས་པ་ལྟར་དུ་འཕགས་པ་ཟ་མ་ཏོག་བཀོད་པ་ཐེག་པ་ཆེན་པོའི་མདོ་ཞེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་བ་བརྗོད་པའི་མདོ་འདི་ཆ་ཚང་ཞིག་ས་བཅད་གཅིག་གི་ཚུལ་དུ་དྲངས་ཡོད། ང་ཚོས་《མ་ཎི་བཀའ་འབུམ་》ཁྲོད་ཀྱི་མདོ་སྡེ་ཟ་མ་ཏོག་འདི་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སོགས་ཀྱིས་བསྒྱུར་བའི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་གཉིས་ཞིབ་བསྡུར་བྱས་པ་ལས་ཤེས་པར། བསྟན་བཅོས་ཀྱི་མཚན་བྱང་དང་མདོ་ཚིག་ཧྲིལ་པོ་ཞིབ་བསྡུར་བྱས་པ་ལས་ཡིག་འབྲུ་རེ་གཉིས་ཀྱི་ཁྱད་པར་མ་གཏོགས་གཞན་ཅི་ཡང་མེད་པས་མདོ་འདི་གཉིས་ནི་པར་གཞི་གཅིག་ལས་འཁྲུངས་པ་ཤེས་པར་མ་ཟད། 《མ་ཎི་བཀའ་འབུམ་》ལས་བྱུང་བའི་འཕགས་པ་ཟ་མ་ཏོག་བཀོད་པའི་མདོ་འདི་ཡང་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བའི་མདོ་དེ་ཡིན་དགོས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མན་ཆད་ནས་དུས་རབས་བཅུ་གཉིས་པའི་བར་དུ་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་བམ་སྐྱེས་ཆེན་གང་ཞིག་གིས་《མ་ཎི་བཀའ་འབུམ་》བརྩམས་གྲུབ་གནང་དུས་བཀའ་བསྟན་ལས་ཚུར་དྲངས་པའམ་ཕྱི་རབས་པས་བཟོ་བཅོས་བརྒྱབ་པ་ཡིན་པར་གདོད་མི་ཟའོ།། གཞན་ཡང་《མ་ཎི་བཀའ་འབུམ་》གླེགས་བམ་དང་པོ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩའི་ལོ་རྒྱུས་ཆེན་མོ་བཞུགས་སོ་ཞེས་པ་ལས་ཉེར་བདུན་པ་ཐུགས་རྗེ་ཆེན་པོས་ཚོང་པ་རྣམས་སིང་ག་ལའི་སྲིན་མོའི་གླིང་ནས་བཏོན་པའི་ལེའུ་ཞེས་པའང་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་འདི་ཡིན་ལ། བརྗོད་བྱའི་ཆ་ནས་མདོ་འདི་དང་བཀའ་བསྟན་ཁྲོད་ཀྱི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བམ་པོ་གསུམ་པའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་དང་《མ་ཎི་བཀའ་འབུམ་》རང་ལས་བྱུང་བའི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་བམ་པོ་གསུམ་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་སོགས་ཀྱི་བར་ཁྱད་པར་མེད་པ་དང་། ལྷ་རྟའི་རྒྱལ་པོའི་མཚན་གྱི་འབོད་སྟངས་སོགས་ཧ་ལམ་གཅིག་མཚུངས་ཡིན་པར་མ་ཟད།གཏམ་རྒྱུད་ཀྱི་བྱུང་རིམ་དང་སྒྲིག་སྟངས་སོགས་ཀུན་ནས་མཚུངས་པ་ཡིན། རྗོད་བྱེད་ཚིག་གི་ཆ་ནས་མདོ་ཚིག་འདི་ནི་《བཀའ་བསྟན་》དང་《མ་ཎི་བཀའ་འབུམ་》ཁྲོད་ཀྱི་མདོ་གཞན་པ་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་དང་གཞི་ནས་མི་འདྲ་བར་ཚིག་ཧ་ཅང་ལྷུག་པར་བྲིས་ཡོད་ནའང་ཆོས་གཞུང་དང་ལོ་རྒྱུས་ཡིག་ཚང་གི་རྣམ་པ་མི་འདྲ་བར་གྱུར་བ་ལས་འགལ་བ་གཞན་མེད་དོ།།  དེས་ན་《མ་ཎི་བཀའ་འབུམ་》གཅིག་པོའི་ཁྲོད་དུ་པར་གཞི་མི་འདྲ་བ་གཉིས་བྱུང་དོན་གང་ཡིན་ཞེ་ན། 《མ་ཎི་བཀའ་འབུམ་》བརྩམས་གྲུབ་གནང་དུས་ཁ་ཤས་མཛད་མཁན་རང་གིས་སྔོན་གྱི་མདོ་ཚིག་སོགས་ལ་གཞི་བཅོལ་ཏེ་རང་གིས་ཚིག་གི་ཕྲེང་བ་སྤེལ་ནས་ལོ་རྒྱུས་ཀྱི་རྣམ་པར་མཛད་པ་དང་ཁ་ཤས་《བཀའ་བསྟན་》སོགས་ལས་ཐད་ཀར་དྲངས་པ་ཡིན་པར་བསམ་སྟེ། མཁས་པའི་དབང་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་“ཡང་རང་རེའི་ལོ་རྒྱུས་ཁག་ཏུ་རྒྱལ་པོ་འདིའི་སྐུ་དུས་སུ་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊས་སུམ་རྟགས་སོགས་སྒྲའི་བསྟན་བཅོས་བརྒྱད་བརྩམས་པ་དང་། སྤྱན་རས་གཟིགས་མདོ་རྒྱུད་ཉེར་གཅིག་སོགས་བཀའ་བསྒྱུར་བ་དང་། རྒྱལ་པོ་རང་ཉིད་ཀྱིས་ཀྱང་མ་ཎི་བཀའ་འབུམ་བརྩམས་པར་གསལ་བ་སོགས་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་ཡིད་ཆེས་བསྐྱེད་ཕྱིར་ཐབས་མཁས་མཛད་པ་ཙམ་ལས་བདེན་པ་མིན་” ⒆ཞེས་གསུངས་པ་བཞིན། ཆོས་རྒྱལ་རང་ཉིད་ཀྱིས་བརྩམས་པ་མིན་པར་བཤད་པ་ནི་བདེན་པའི་གཏམ་དུ་སྣང་ངོ་།།
              གཞན་སྤྱི་ལོའི་དུས་རབས་བཅུ་བཞི་བའི་ནང་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་གྲུབ་གནང་པའི་《རྒྱལ་རབས་གསལ་བའི་མེ་ལོང་》ལས་ཀྱང་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་ལེའུ་ཞེས་དོན་ཚན་གཅིག་ཏུ་དགར་ནས་ཚིག་བཅད་ལྷུག་སྤེལ་མའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་འདི་དྲངས་ཡོད་དེ། རྗོད་བྱེད་ཀྱི་ཚིག་གི་རྣམ་པ་མི་འདྲ་བ་ཙམ་ལས་བརྗོད་བྱའི་ཆ་ནས་《བཀའ་བསྟན་》དང་《མ་ཎི་བཀའ་འབུམ་》ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་གཉིས་དང་གཅིག་མཚུངས་ཡིན་པར་མ་ཟད། 《རྒྱལ་རབས་གསལ་བའི་མེ་ལོང་》རང་ཉིད་ལས་ཀྱང་། “མདོ་སྡེ་ཟ་མ་ཏོག་ལས་” ⒇ཞེས་མདོ་འདི་ཁུངས་གང་ཞིག་ཡིན་པ་ཧ་ཅང་གསལ་ཐག་ཆོད་པའི་སྒོ་ནས་བཀོད་ཡོད། དེ་བས་ང་ཚོས་རིག་འདེད་བྱས་པ་ལས་ཤེས་པར། 《མ་ཎི་བཀའ་འབུམ་》གླེགས་བམ་དང་པོ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩའི་ལོ་རྒྱུས་ཆེན་མོ་བཞུགས་སོ་ཞེས་པ་ལས་ཉེར་བདུན་པ་ཐུགས་རྗེ་ཆེན་མོའི་མདོ་དང་《རྒྱལ་རབས་གསལ་བའི་མེ་ལོང་》ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་ལེའུ་གཉིས་ནི་ལོ་རྒྱུས་ཡིག་ཚང་གི་ངོ་བོར་གྱུར་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཡིན་པ་དང་།ལོ་རྒྱུས་ཡིག་ཚང་གི་དགོས་དབང་གིས་རྗོད་བྱེད་ཚིག་གི་ཆ་ལ་ཅུང་ཟད་བཟོ་བཅོས་མཛད་པ་ལས། མ་གཞི་བྱང་ཆུབ་སེམས་དཔའ་ཐབས་ཀྱི་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་རང་ཉིད་ཀྱི་བརྗོད་བྱ་དང་འབྱུང་ཁུངས་སོགས་ཀྱི་ཐད་ལ་འགལ་བ་གཞན་ཅི་ཡང་མེད་པར་འདོད་དོ།།
གསུམ་པ། ཏུན་ཧོང་ནས་རྙེད་པའི་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད།
              བོད་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང་བོད་མི་རྣམས་ཀྱིས་ལྷ་གཅིག་ཕྱག་ན་པདྨོའམ་འཕགས་པ་སྤྱན་རས་གཟིགས་ཡི་དམ་དུ་བསྟེན་ཅིང་། གཟུངས་སྔགས་ཡི་གེ་དྲུག་མ་བོད་ཀྱི་ཆོས་སྐལ་ལམ་ཕ་ཆོས་ཞེས་ཡོངས་སུ་གྲགས་ཤིང་། བོད་མི་རིགས་ནི་ཕ་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་ནས་མཆེད་ལ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཙུགས་པ་དང་། ར་ས་འཕྲུལ་སྣང་དང་ར་མོ་ཆེ་གཙུག་ལག་ཁང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ། ཇོ་བོ་ཤཀྱཱ་རྣམ་གཉིས་དང་། ཇོ་བོ་ལོ་ཀེ་ཤྭ་རས་གཙོས་པའི་རྟེན་དང་བརྟེན་པ་གདན་དྲངས་པ་སོགས་བོད་ཡིག་ཏུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཞབས་ཏོག་བླ་ལྷག་ཏུ་མཛད་པ་དེ་ལྟར་བོད་ཡུལ་ལུང་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཆོས་འབྲེལ་གཏིང་ཟབ་མོ་ཡོད་པས། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཧྲིལ་པོ་གཅིག་གྱུར་མཛད་དེ་བཙན་པོ་རང་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་སྤྲུལ་ཡིན་པ་དང་དེར་ཡིད་ཆེས་དང་བཀུར་བཟོ་ཡོང་བའི་ཕྱིར་དུ། སྤྱན་རས་གཟིགས་དབང་ཕྱུག་དང་འབྲེལ་བའི་ཆོས་གཞུང་སྣ་ཚོགས་རྒྱ་གར་ནག་གི་ཡིག་རིགས་ལས་བོད་ཡིག་ཏུ་བསྒྱུར་བར་མ་ཟད། དེ་ནས་བཟུང་བོད་ཀྱི་བཙན་པོའི་གདུང་རྒྱུད་རེ་རེའི་རིང་དུའང་ཡབ་མེས་གོང་མ་ནས་བརྒྱུད་པའི་ལྷ་ཆོས་དཀར་པོ་འདི་ནམ་ཡང་མི་ཞིག་མི་ཉམས་པར་གཙིགས་བཅས་ཏེ་སྤེལ་བ་ཡིན་ལ། ཧ་ལམ་དུས་རབས་བརྒྱད་པར་སླེབས་དུས་བོད་དམག་གི་དཔུང་ཆེན་པོས་བྱང་ངོས་སུ་དམག་གི་དཔུང་དྲངས་ནས་ཧྲ་ཀྲོའུ་སོགས་ས་ཆ་མང་པོ་དབང་དུ་བསྡུས་རྗེས། གཞི་ནས་སྔར་མོས་བཞིན་བོད་ཀྱི་བཙན་པོའི་ཆེ་བ་བརྗོད་པ་དང་གསར་དུ་བསྡུས་པའི་མི་རྣམས་ཀྱི་བློ་ཁ་བོད་ཁམས་ཧྲིལ་པོ་དང་གཅིག་གྱུར་ཡོངས་ཕྱིར་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་ཐེག་པ་ཆེན་པོའི་མདོ་སོགས་སྤྱན་རས་གཟིགས་དབང་ཕྱུག་སྐོར་གྱི་ཆོས་གཞུང་སྣ་ཚོགས་བྱང་ངོས་སམ་ཏུན་ཧོང་ས་ཆར་སྤེལ་བར་འདོད་དོ།། 
              ང་ཚོས་ཐེངས་འདིའི་དཔྱད་གཞིར་བཟུང་བའི་ཏུན་ཧོང་ཡིག་རྙིང་P.T.239Vཞེས་པའི་བསྔོ་ཡིག་རང་ལས། “རྟ་སྔོས་བ།། འ༹དྀ་ལྟ་སྟེ། འ༹དས་པའྀ༹་དུས་ན་།། ངོམ་མཚར་རྨད་དུ་བྱུང།། སྀང་ཀ་གླྀང་གྱྀ་གཡུལ་ལས།། རྒྱམ་མཚོ་དབུས་སུ་ནྀ།། དེད་པོན་འ༹ཁོར་དང་བཅས་པ་གྲུ་གྱྀ་ནང་དུ་བཞུགས་པ་ལས།། སྲྀན་གྱྀ་བོ་མོ་གནོད་སྤྱྀན་འ༹ཇྀག་པས་བཟུང།། ལྕགས་མཁར་འབར་མ་ནང་དུ་བཅུག་ནས།།བཟའ༹་བར་བཤམ་པ་ལས།། སྤྱན་རས་གཟྀགས་གྱྀ་དབང་ཕྱུག་ཐུགས་རྗེ་ཆེན་པོ་དཔེ་མྱེད་པས།། བདེད་པོན་འ༹ཇྀགས་པ་སྐྱབས་མྱེད་དེ་མཐོང་ནས།། འ༹ཇྀགས་པ་ལས་སྐྱེབ་ཅྀང།།སྡུག་སྔལ་ལས་བསྒྲོལ་བའྀ་ཕྱྀར།། ཐབས་གྱྀ་རྟ་འྀ༹་རྒྱལ་པོར་སྤྲུལ་པ་ནྀ།། སྙྀང་རྗེ་ལྡན་བ་ཅང་ཤེས་པ་ལ་ཧོ།། མཁའ༹་ལ་བྱ་བཞྀན་ཆུ་བྱ་དང་འདྲ།། འ༹ཇྀགས་མྱེད་མཐུར་ལྟན།། ཡོན་དན་ཕུན་སུམ་ཚོགས།། ལྕགས་མཁར་དགུ་རྀམ་དུ།། གསེར་གྀ་བྱྀ་མ་ལ་འ༹གྲོ་ཞྀང་སྤྲུག་སྟེ།། ཀུན་ཏུ་སྒྲ་སྐད་བཀང་པས།། སྐྱབས་མྱེད་འ༹ཇྀགས་པ་ལས་ཐར་པར་སུ་འདོད་པ།། མྱྀ་སྔརས་བརྟན་བའྀ༹་སེམས་ཀྱྀས་ང་ཞོན་ན།། དེད་པོན་འ༹ཁོར་བཅས་སྒྲ་སྐད་དེ་ཐོས་ནས།། རབ་ཏུ་དགའ༹་ཞྀང་ཅང་ཤེས་རྟ་ཞོན་དེ།། རྒྱ་མཚོ་ལས་རྒལ་དེ་འ༹ཇྀགས་པ་དེ་ལས་ཐར།།  བླ་ན་མྱེད་པའྀ༹་བྱང་ཅུབ་སེམས་བསྐྱེད་ནས།། དེ་སྐྱིད་གཡུང་དྲུང་ཐར་པ་དེ་བཞྀན་དུ་” (21) ཞེས་བྱང་ཆུབ་སེམས་དཔའ་ཐབས་ཀྱི་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་འདི་ཅུང་བསྡུས་པའི་སྒོ་ནས་དྲངས་ཡོད་ལ། འདི་ཡང་《བཀའ་བསྟན་》ལས་བྱུང་བའི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དྲངས་པ་སྙིང་རྗེ་ལྡན་པ་ཅང་ཤེས་པ་ལ་ཧོ་ཞེས་པའི་རྟའི་རྒྱལ་པོའི་མཚན་ལས་ཀྱང་ཤེས་ཐུབ། གང་ཡིན་ཞེ་ན། བཙན་པོའི་དུས་སྐབས་སུ་རྒྱ་གར་དང་རྒྱ་ནག བལ་པོ། ལི་ཡུལ། ཁ་ཆེ་སོགས་ནས་པཎ་གྲུབ་དུ་མ་སྤྱན་དྲངས་ནས་རྒྱ་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་དུས་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་འདིའི་པར་གཞི་མི་འདྲ་བ་གཉིས་བོད་དུ་དར་ཡོད་དེ། རེ་རེ་བཞིན་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་འདུལ་བ་རྣམ་པར་འབྱེད་པ་གཉིས་ཡིན་ལ། ཆོས་གཞུང་འདི་གཉིས་ལས་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་འདི་ཧ་ཅང་ཆ་ཚང་ཞིང་རྒྱས་པར་བཀོད་ཡོད་ཀྱང་། ལྷ་རྟའི་རྒྱལ་པོའི་མཚན་གྱི་འབོད་སྟངས་མི་གཅིག་པ་སྟེ་འདུལ་བ་རྣམ་པར་འབྱེད་པ་ལས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱུང་བ་དང་འཕགས་པ་ཟ་མ་ཏོག་བཀོད་པ་ལས་རྟའི་རྒྱལ་པོ་བ་ལ་ཧ་ཞེས་ལྷ་རྟའི་རྒྱལ་པོའི་མཚན་གྱི་བཀོད་སྟངས་མི་གཅིག  རྒྱུ་མཚན་འདིར་གཞིགས་ན་ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་དང་ལྡེབས་རིས། བསྔོ་ཡིག་ཤོག་དྲིལ་སོགས་ཀྱི་ཁྲོད་དུ་བྱུང་བའི་མདོ་ཚིག་འདིའི་འབྱུང་ཁུངས་ནི་བཀའ་བསྟན་ཁྲོད་ཀྱི་མདོ་ཟ་མ་ཏོག་བཀོད་པ་དེ་ཡིན་པར་ཧ་ཅང་གསལ་པོར་རྟོགས་ནུས་ལ། དེར་མ་ཟད་འདུལ་བ་རྣམ་པར་འབྱེད་པ་དང་། འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་འདི་གཉིས་གཤིབ་བསྡུར་བྱས་ན། རྗོད་བྱེད་ཀྱི་ཚིག་གི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་ཙམ་ལས་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ཧ་ཅང་གཅིག་མཚུངས་ཡིན་པས་སྤྱི་ཕྱོགས་ནས་ཆོས་གཞུང་ཁག་གཉིས་ལས་བྱུང་བའི་མདོ་ཚིག་འདི་གཉིས་གཏམ་རྒྱུད་གཅིག་ལས་བྱུང་བར་ཐག་གིས་ཆོད་དོ།།
              གཞན་ཏུན་ཧོང་ན་ཡོད་པའི་བྲག་ཕུག་ཨང་རྟགས་ཞེ་ལྔ་པ་ནི་ཧ་ཅང་མཚོན་བྱེད་རང་བཞིན་ལྡན་པའི་ཕུག་པ་ཞིག་ཡིན་ལ། ཕུག་པ་འདི་བཞེངས་པའི་ལོ་ཚིགས་ནི་ཧ་ལམ་རྒྱ་ནག་གི་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་སམ་སྤྱི་ལོ་650ལོ་ནས་སྤྱི་ལོ་820ལོའི་བར་གཞི་ཡིན་པར་བཤད་ཀྱང་། དོན་ལ་དུས་སྐབས་འདིར་ཕུག་པ་བཞེངས་པའི་ལས་ཀའི་འགོ་ཚུགས་ཀྱང་། སྐབས་ཐོག་དེར་བོད་ཐང་གཉིས་བར་དུ་བྱང་ངོས་ས་ཆར་དམག་འཁྲུག་བསྟུད་མར་བརྒྱབ་པས་ཕུག་པའི་ནང་གི་ལྡེབས་རིས་དང་སྐུ་བརྙན་སོགས་ལེགས་འགྲུབ་ཡག་པོ་མ་བྱུང་བར་རེ་ཞིག་ལས་འཕྲོར་གྱུར་བ་དང་། སྤྱི་ལོ་786ལོའི་ཡས་མས་སུ་བྱང་ངོས་ཀྱི་ཧྲ་ཀྲོའུ་སོགས་ཡང་བསྐྱར་བོད་ལ་ཤོར་བའི་རྗེས་སུ་བྲག་ཕུག་འདིའི་ནང་གི་ལྡེབས་རིས་སོགས་བཞེངས་སྐྲུན་གྱི་ལས་ཀའི་འཕྲོ་མཐུད་པར་འདོད་ལ། ཕུག་པའི་ལྷོ་ངོས་ཀྱི་ལྡེབས་རིས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱ་མཚོ་ཆེན་པོའི་ཀློང་དུ་ཚུད་པའི་དེད་དཔོན་འཁོར་དང་བཅས་པ་སྲིན་མོའི་འཇིགས་པ་ལས་སྐྱོབ་པའི་ལྡེབས་རིས་ཤིག་འདུག་པ་ནི་ང་ཚོས་ཐེངས་འདིའི་དཔྱད་གཞིར་བཟུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་མདོ་ཚིག་འདི་ཐོག་མར་ཏུན་ཧོང་ཡུལ་དུ་དར་བའི་རྣམ་པ་ཡིན་པར་འདོད་དེ། ལྡེབས་རིས་ངོས་ཀྱི་གཏམ་རྒྱུད་འདིའི་བྱུང་རིམ་ལ་སོགས་པར་དཔྱད་པ་བཏང་བ་ལས་གཏམ་རྒྱུད་འདི་ཡང་《མ་ཎི་བཀའ་འབུམ་》དང་《རྒྱལ་རབས་གསལ་བའི་མེ་ལོང་》གཉིས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཚིག་དང་ཁུངས་གཅིག་ལ་《བཀའ་བསྟན་》ལས་བྱུང་བའི་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་རིམ་བཞིན་དར་བ་ཡིན་ནོ།། དེ་ལྟར་མིན་ཚེ་ཁུངས་གཏུག་ས་གཞན་མེད། གཞན་ཡང་བསྡོམས་རྩིས་བྱས་པ་ལྟར་ན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ནས་རྙེད་པའི་བོད་ཡིག་གི་ཤོག་དྲིལ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་སྔགས་རྐྱང་རྐྱང་པར་གཞི་མི་འདྲ་བ་བཅུ་དྲུག་ལྷག་ཡོད་པར་བཀོད་པ་ལས་ཀྱང་སྐབས་ཐོག་དེར་ཏུན་ཧོང་སོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འབྲེལ་བའི་ནང་ཆོས་ཀྱི་གཞུང་མང་པོ་དར་ཡོད་པ་རིགས་པས་དཔག་ཐུབ་བོ།།
མཇུག་བསྡུ་བའི་གཏམ།
              ཏུན་ཧོང་ཡིག་རྙིང་P.T.239Vལས་བྱུང་བའི་རྟའི་རྒྱལ་པོར་སྤྲུལ་བའི་གཏམ་རྒྱུད་འདི་ནི་ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སོགས་ཀྱིས་བསྒྱུར་བར་འདོད་པ་དང་། ཐོག་མར་འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་འདུལ་བ་རྣམ་པར་འབྱེད་པ་གཉིས་དང་ཆབས་ཅིག་བོད་དུ་འགྱུར་ཡང་། རྗེ་བདག་ཉིད་ཆེན་པོའི་ཡན་ཆད་དུ་བོད་ལ་འདུལ་བའི་བསྟན་པ་དར་ཡང་དེ་འདྲའི་རྒྱ་ཆེ་བར་དར་མ་ཐུབ་པས་འདུལ་བ་ལས་བྱུང་བའི་མདོ་ཚིག་འདི་དེ་འདྲའི་རྒྱ་ཆེན་པོར་དར་མ་ཐུབ་པ་དང་། འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་བ་བརྗོད་པའི་མདོ་ཞིག་ཡིན་པས་བཙན་པོའི་དུས་སྐབས་སུ་ཧ་ཅང་རྒྱ་ཆེ་བར་དར་ཏེ། རིམ་བཞིན་《མ་ཎི་བཀའ་འབུམ་》དང་《རྒྱལ་རབས་གསལ་བའི་མེ་ལོང་》སོགས་ཆོས་འབྱུང་ལོ་རྒྱུས་དང་། ཏུན་ཧོང་གི་ཡིག་རྙིང་དང་ལྡེབས་རིས་སོགས་སུ་རིམ་བཞིན་དར་བ་གོང་བཀོད་བཞིན་ནོ།། དེས་ན་གཏམ་རྒྱུད་འདིར་ཡིག་ཚང་ཁག་ཏུ་གཅིག་གྱུར་གྱི་མཚན་བྱང་ཞིག་བཀོད་མེད་པས་འདིར་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོར་སྤྲུལ་བའི་མདོ་ཞེས་ཁོ་བོས་བཏགས་པ་དང་། བསྡུས་འབྲི་བྱས་ན་རྟའི་རྒྱལ་པོར་སྤྲུལ་མདོ་ཡིན་ནོ།།
              མཆན་འགྲེལ།
              ①④ Pelliot tibetain Touen-houang 0239V
              ②ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། 《བཀའ་འགྱུར》(5) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ373
              ③ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། 《བཀའ་འགྱུར》(51) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ584
              ⑤དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་3པའི་པར་གཞི་གསུམ་པ། ཤ090
              ⑥ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཕྱོགས་བསྒྲིགས་བྱས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོའི་ཟླ་4པའི་དཔར་གཞི་དང་པོ། ཤ014
              ⑦རྒྱལ་དབང་ལྔ་པ་ཆེན་མོས་བརྩམས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་5པའི་པར་ཐེངས་བཞི་པ། ཤ016
              ⑧ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད། 《ཀློང་ཆེན་ཆོས་འབྱུང》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པའི་པར་ཐེངས་གཉིས་པ། ཤ205
              ⑨དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པའི་པར་ཐེངས་དང་པོ། ཤ055
              ⑩ཁ་སྒང་བཀྲ་ཤིས་ཚེ་རིང་གིས་མཛད། 《བོད་བཙན་པོའི་དུས་ཀྱི་ལུ་ཡུལ་གྱི་རིག་གནས་ལ་དཔྱད་པ་མེས་པའི་བཤུལ་ལམ་མྱུལ་བའི་རྟོག་ཞིབ་ཟིན་ཐོ》 (ལྔ་པ) [J] 《བོད་ལྗོངས་ཞིབ་འཇུག》 2010ལོའི་དུས་དེབ་བཞི་པ། ཤ011
              ⑾⑿龚斌著:《鸠摩罗什》[M],上海世纪出版股份有限公司、上海古籍出版社出版, 2013年8月第1版,2016年5月,第3次印刷,第13页;第47页
              ⒀ཚལ་བ་ཀུན་དགའ་རྡོ་རྗེས་མཛད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད། 《དེབ་ཐེར་དམར་པོ》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པའི་པར་གཞི་དང་པོ། ཤ035 “དུས་ཕྱིས་དམག་དཔོན་དེའི་བརྒྱུད་པའི་ལག་ནས། ཆིང་སང་རྒྱལ་པོ་དེའི་བརྒྱུད་པས་ཇོ་བོ་ཤཱཀྱ་དང་རིང་སྲེལ། པཎྡི་ད་རྣམས་ཀིང་ཅང་ཧུར་གདན་དྲངས། བཀུར་སྟི་བསམ་གྱིས་མི་ཁྱབ་པ་བྱས།”
              ⒁དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པའི་པར་ཐེངས་དང་པོ། ཤ2150
              ⒂⒃དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་3པའི་པར་ཐེངས་གསུམ་པ། ཤ099ཐ23 ཤ099 ཐ25
              ⒄ཚལ་པ་ཀུན་དགའ་རྡོ་རྗེས་མཛད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད། 《དེབ་ཐེར་དམར་པོ》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པའི་པར་གཞི་དང་པོ། ཤ035
              ⒅གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པ། 《པདྨ་བཀའ་ཐང》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་6པའི་པར་ཐེངས་གཉིས་པ། ཤ459
              ⒆ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་བཅུ་པ་བཞུགས་སོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་ཟླ་12པའི་པར་ཐེངས་དང་པོ། ཤ339
              ⒇ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། 《རྒྱལ་རབས་གསལ་བའི་མེ་ལོང》 [M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་4པའི་པར་ཐེངས་བརྒྱད་པ། ཤ042
              (21)Pelliot tibetain Touen-houang 0239V

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1