འབད་བརྩོན་ཆེན་པོར་འབྲས་བུ་སྨིན།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23




མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་རགས་བཀོད
      མཛོད་དགེ་རྫོང་གི་2018ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》ལས་རྒྱུས་ལོན་པ་ལྟར་ན། 2018ལོར། སྔོན་རྩིས་བྱས་པའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་18.51ཟིན་ཏེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆ་4.2འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་6350ཟིན་ཏེ་བརྒྱ་ཆ་3.6འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་34212ཟིན་ཏེ་བརྒྱ་ཆ་10.4འཕར། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12903ཟིན་ཏེ་བརྒྱ་ཆ་10.3འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་སྒོར་དུང་ཕྱུར་11.92ཟིན་ཏེ་བརྒྱ་ཆ་3འཕར་བ་སོགས་གྲུབ་འབྲས་གཡུར་དུ་ཟ་བ་མང་དུ་བླངས།བསྟར་ལ་བརྒྱུས་པའི་གྲངས་ཀ་འདི་དག་གིས། མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་ཐོད་བརྒལ་དང་། གོམ་སྟབས་མགྱོགས་པའི་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་འོད་སྟོང་འབར་བ་དག་གསལ་བོར་མཚོན་ཡོད།

     ཉེ་བའི་ལོ་ཤས་རིང་ལ། མཛོད་དགེ་རྫོང་གིས་གཡུལ་འགྱེད་རྣམ་གསུམ་ལ་མངོན་པར་མཐོ་བའི་གྲུབ་འབྲས་ལེན་པ་དང་། ཐོན་ལས་རྣམ་གསུམ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་སོགས་ལ་དམིགས་ནས་འཛུགས་སྐྲུན་ལྟེ་བར་བཟུང་སྟེ་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་བརྩོན་པས། དམངས་འཚོའི་བདེ་སྐྱིད་མུ་མཐུད་ངང་འཕེལ་རྒྱས་སུ་ཕྱིན་ཏེ་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། མི་རིགས་སོ་སོའི་མི་དམངས་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སོགས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ།

       ཉེ་སྔོན། གསར་འགོད་པ་མཛོད་དགེ་རྫོང་གི་རྨེ་ཆུ་ཡུལ་ཚོའི་བུབ་བོ་སྡེ་བའི་ཡིག་ཚགས་སུ་བཀོད་ཀྱང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མཁའ་འགྲོ་མཚོ་ཚང་ལ་ཐོན་པ་ན། ཁང་བའི་ནང་དུ་གཙང་ཞིང་གྲལ་དག་ལ། ཁྱིམ་ཆས་མཛེས་ལ་ཡིད་དུ་འོང་བས། ཁྱིམ་ཚང་གང་བོར་སྐྱིད་ཀྱི་ཕྱྭ་གཡང་ཞིག་མངོན་པར་ཆགས་འདུག ངེད་ཚང་ལ་བཟའ་མི་མང་ཞིང་ཕྱུགས་ཟོག་ཉུང་ལ་རྩྭ་ས་ཡང་ཆུང་བས་འཚོ་བ་ངན་ངོན་ཡིན། ད་སྐབས། སྲིད་གཞུང་གིས་རོགས་རམ་བྱས་མཐར་ཁང་བ་གསར་བ་བསྐྲུན་ཡོད་ལ། ཟ་ཁང་ཆུང་བ་ཞིག་དང་སིལ་ཟས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད་པས། འཚོ་བ་ཉིན་བཞིན་ཇེ་སྐྱིད་རེད་ཅེས་མཁའ་འགྲོ་མཚོས་གསར་འགོད་པར་བཤད་ཅིང་། མོས་བཤད་པར། ན་ནིང་ཟླ་8པའི་བར། ཁོང་ཚང་ལ་ཟ་ཁང་དང་ཚོང་ཁང་གི་ཡོང་འབབ་སྒོར་ཁྲི་5ལྷག་ཡོད་ཟེར།

       མཁའ་འགྲོ་མཚོ་ཚང་གི་འཚོ་བའི་འགྱུར་ལྡོག་ནི་མཛོད་དགེ་རྫོང་གིས་ཕྱོགས་ཡོངས་ནས་དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ལས་ཐོབ་པའི་ཕན་འབྲས་ཀྱི་མཚོན་བྱེད་རེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་སྲིད་ཇུས་ཀྱི་སྣེ་ཁྲིད་འོག 2018ལོར་མཛོད་དགེ་རྫོང་གི་དབུལ་ཕོངས་སྡེ་བ་21དང་ཁྱིམ་ཚང་120། མི་འབོར་737དབུལ་ཕོངས་ལས་ཐར། མཛོད་དགེ་རྫོང་གིས་དབུལ་ཞྭ་ཕུད་པ་རེད།
       ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་དབུལ་སྐྱོར་གསར་སྤེལ་གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་རིགས་35དང་སྒོར་དུང་ཕྱུར་1.83སྡེབ་སྒྲིག་བྱས་ཡོད་པ་དང་ཞིང་འབྲེལ་རྣམ་གྲངས་538ལག་བསྟར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཁྱིམ་ཚང་དང་མི་སྒེར་ལ་སྤྲད་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དང་སྡེ་བ་དབུལ་པོའི་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་བསྡོམས་པས་སྒོར་ཁྲི་8227.5ལ་བསླེབས། གཞན་མཛོད་དགེ་རྫོང་གི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལྟེ་གནས་བཙུགས་པ་དང་གྲོང་གསེབ་ཀྱི་ཐུན་མོང་ཆེད་དོན་མཉམ་ལས་ཁང་39གསར་དུ་སྐྱེད་སྲིང་བྱས་ཏེ། དབུལ་ཕོངས་སྡེ་བ་ཚང་མར་ཐུན་མོང་དཔལ་འབྱོར་ཡོད་པ་དང་དབུལ་སྐྱོར་ཐོན་ལས་སྔར་བས་དར་ཞིང་རྒྱས་པར་བཏང་།
     དབུལ་སྐྱོར་གྱི་སྔོན་ལ་སློབ་གསོ་གོང་འཕེལ་གཏོང་དགོས་པ་དང་། སློབ་གསོ་ནི་དམངས་འཚོའི་ལས་དོན་ཆེས་གལ་ཆེན་དེ་ཡིན། ཉེ་བའི་ལོ་གསུམ་རིང་། མཛོད་དགེ་རྫོང་གིས་ཆེད་དོན་མ་དངུལ་སྣ་ཚོགས་བསྡོམས་པས་སྒོར་དུང་ཕྱུར་4.43དང་རིམ་པ་སོ་སོའི་ནོར་སྲིད་ཀྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་7.29བཏང་ནས། བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ་ཆུང་འབྲིང་29ཡི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་། ཚོད་ལྟའི་ཐོག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བསྒྱུར་བཀོད་བྱས་ཤིང་། ཆུང་འབྲིང་སློབ་མའི་གཟིགས་སྐྱོང་སྲིད་ཇུས་དག་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སློབ་མའི་རོགས་དངུལ་སྒོར་ཁྲི་4292སྤྲད་པ་དང་སློབ་མ་ཁྲི་4.8ལྷག་ལ་ཕན་ཐོགས། མཛོད་དགེ་རྫོང་གི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཞིབ་བཤེར་རྩིས་ལེན་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་པའི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གནད་དོན་མེད་པའི་རྫོང་གི་གྲས་སུ་ཚུད།
      ཕྱུག་པོར་འགྱུར་འདོད་ན་སྔོན་ལ་ལམ་བསྐྲུན་དགོས་ཤིང་། འགྲིམ་འགྲུལ་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ལས་དོན་ཡིན་ལ། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་འགྲིམ་འགྲུལ་རིམ་སྤོར་ནི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཁ་ཕྱོགས་གཙོ་བོ་བྱས་ཏེ། འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྣམ་གྲངས་144ལག་བསྟར་བྱས།
      ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱས་ནས། རླན་ས་སྲུང་སྐྱོང་དང་བྱེ་འགྱུར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤང་ལྗོངས་སླར་གསོ་ཐུབ་ཚད་མངོན་གསལ་ངང་ཇེ་མཐོ་རུ་ཕྱིན་ཡོད་པ་དང་། འབྲོག་པ་མང་ཚོགས་ལ་རང་རྟོགས་ཀྱིས་རྩྭ་ཐང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཆགས་ཡོད། དེ་བས་རྩྭ་ཕྲན་རེ་རེའི་སྟོབས་ཤུགས་ལས་བྱེ་འགྱུར་གྱི་ས་རྒོད་མང་པོར་སྔོ་ལྗང་གི་གསོན་ཤུགས་བསྩལ་བས། མུ་མཐའ་མངོན་པའི་རྩྭ་ཐང་དང་སྐར་ཚོགས་བཞིན་དུ་བཀྲ་བའི་ནོར་ལུག་སོགས་གདོད་མའི་མཛེས་ཉམས་མང་པོ་སླར་ཡང་འཇིག་རྟེན་གྱི་མཐོང་ལམ་དུ་མངོན་བྱུང་།
      དེ་དང་ཆབས་ཅིག་ཏུ་མཛོད་དགེ་རྫོང་གིས་ནུས་ཤུགས་ཡོད་རྒུས་ལྗང་སྲུང་ལྗང་འཛུགས་ལ་ཤུགས་སྣོན་བྱས་ཤིང་། མཛོད་དགེ་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དང་ཡིག་སྐུར་གྱོད་དོན་211དག་ཐེར་དང་ལེགས་བཅོས་བྱས། ཡུལ་ཚོ་དང་གྲོང་རྡལ་11གི་འཐུང་ཆུའི་སྲུང་སྐྱོང་ཁུལ་དབྱེ་མཚམས་བཅད་པ་དང་། བྱེ་རྡོའི་ར་བ་དང་ས་ལེན་ས། འབྲོག་ལམ། གསར་དུ་བཙུགས་པའི་རླན་སའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་བཅོས་སྒྲིག་བྱས་ཤིང་། རྫོང་མཁར་གྱི་ཆུ་སྙིགས་དྭངས་བཟོའི་བཟོ་གྲྭ་དང་གད་སྙིགས་ཐག་གཅོད་བྱེད་ས་བཅས་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། རླན་ས་སླར་གསོ་དང་བྱེ་འགོག་བྱེ་བཅོས། ནགས་ཚལ་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་དོན་སོགས་བརྟན་བརླིང་ངང་སྤེལ་བས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ་དམངས་ཀྱི་འཚོ་བར་ཕན་པ་ཆེན་པོ་ཐོབ།
     ད་སྐབས། དམངས་འཚོའི་བཟོ་བཀོད་རེ་རེ་བཞིན་སྤེལ་བ་དང་བསྟུན་ནས། མཛོད་དགེ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་སྡོད་ཁང་ཡག་པོའི་ནང་བསྡད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ། གསར་འགོད་པས་བཅར་འདྲིའི་ཁྲོད་དུ་ཐོས་པ་མང་ཤོས་ནི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་མཚོན་པའི་སྐད་ཆ་དང་། མཐོང་བ་མང་ཤོས་ནི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཛུམ་མདངས་ཡིན།
      བཀྲ་ཤིས་མཚན་མས་ཡོངས་སུ་རྫོགས་པའི་མགོ་ཚུགས་ས་གསར་བ་འདི་རུ། མཛོད་དགེ་རྫོང་ལ་སྐྱེ་སྟོབས་ཀྱི་དཔལ་གྱིས་མངོན་པར་བརྒྱན་ཅིང་འབྱུང་འགྱུར་ཡིད་ཆེས་ཀྱིས་རབ་ཏུ་ཕྱུག་པར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་གྱི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བགྲོད་ལམ་ཁྲོད་དུ། དམངས་འཚོ་བཅོས་སྒྱུར་དང་དམངས་ཕན་སྐྱེ་ཁམས་ཀྱི་མཛོད་དགེའི་ཚན་པ་ཞིག་འབྲི་བར་བརྩོན་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1