མཚེའུ་གཉིས་ཀྱི་དགུན་ཁ་ནི་གཞན་ལས་སླེབས་སྔ་ཞིང་། ཟླ་10བའི་ཟླ་དཀྱིལ་དུ་འཁྱགས་རོམ་གྱིས་ཁེངས་ཤིང་ཁ་བས་གཡོགས་པ་དང་། ཕྱོགས་བཞིའི་རྩྭ་རྣམས་སྐྱ་བོར་འགྱུར།
བོད་བྱང་ཐང་ས་མཐོ་དང་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བར་གནས་པའི་བོད་ལྗོངས་མཚེའུ་གཉིས་རྫོང་གི་རྒྱ་ཁྱོན་ནི་ཀྲེང་ཅང་ཞིང་ཆེན་ལས་ཆེ་ཞིང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་5000ཡན་ཡོད་ཅིང་། ས་མཐོའི་གྲང་རྒྱུད་ཀྱི་སྐམ་ཤམ་ཆེ་བའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ། ལོ་ཧྲིལ་པོའི་སད་མེད་ནམ་དུས་ཉིན་60ཡང་ཟིན་གྱི་མེད། ས་འཁྱགས་རྒྱག་པའི་དུས་ཡུན་ཉིན་280ལས་བརྒལ་ཞིང་། ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་5℃ཡིན་པ་རེད།
མཚེའུ་གཉིས་རྫོང་གི་2/3རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ནི་“མི་མེད་ཁུལ་”ཡིན་པས་ཕྱུགས་འཚོ་བ་དང་ཡུལ་སྐོར་སོགས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཆོག་གི་མེད། སྐད་ཆ་བཤད་དུས་ཀྱང་དབུགས་ཧལ་བའི་"བཀག་རྒྱའི་ཁུལ་"འདི་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགའ་ཚལ་ཞིག་ཡིན། མཚེའུ་གཉིས་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གུ་རུ་ཚེ་རིང་གིས། མཚེའུ་གཉིས་ནང་ཁོངས་སུ་འཚོ་སྡོད་བྱེད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བདག་ཏུ་མ་བཟུང་བའི་སྲུང་སྐྱོང་སྲོག་ཆགས་གཙོད་ཁྲི་10ཡས་མས་དང་། འབྲོང་ཁྲི་2ཙམ་ཡོད་ཅེས་བརྗོད་པ་དང་།
“རང་རྒྱལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་མ་བྱས་གོང་། འདིར་ཡོད་པའི་གཙོད་དང་འབྲོང་ཕལ་ཆེར་སྟོངས་ལ་ཉེ་བར་འགྱུར་ཡོད། ཡིན་ནའང་། ད་ཆ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གང་ས་གང་ནས་མཐོང་རྒྱུ་ཡོད”མིག་སྔར། མཚེའུ་གཉིས་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ལས་དོན་པ་200ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས་ནས་བཤད།