རིག་གནས་ཐོན་ལས་གཉེར་ཏེ་ཕྱུག་འགྱུར་ལམ་ལ་སྐྱོད།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-24


      ཉེ་བའི་ལོ་འགའི་རིང་། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་མཐའ་རུ་འཁྱོལ་བའི་ཆེད་དང་། དབུལ་ཞྭ་གཏན་ཕུད་ཐུབ་པའི་ཆེད། འཛམ་ཐང་རྫོང་གིས་ཕྱོགས་གཅིག་ཁོ་ན་མ་ཡིན་པར་ཕྱོགས་གཉིས་ལེགས་པོར་འགྲུབ་པའི་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་རྟེན་གཞི་མང་པོ་བཙུགས་པས། གཅིག་ཏུ་ཡ་མེས་གོང་མ་རྣམས་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ལག་རྩལ་རྒྱུད་འཛིན་ཐུབ་པ་དང་། གཉིས་སུ་རིག་གནས་ཀྱི་ཐོན་ལས་གཉེར་ཏེ་དབུལ་བྲལ་གནས་སྒྲོལ་གྱི་ལས་གཞི་ལམ་འགྲོ་ཡོང་བར་རྨང་བཏང་།

      རི་མཐོ་ཞིང་གྲོག་རོང་ཟབ་པའི་ཤུགས་རྐྱེན་གྱི་དབང་གིས་འཛམ་ཐང་གི་རོང་འབྲོག་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཞན་པས། 2014ལོར། འཛམ་ཐང་རྫོང་གིས་གྲོང་ཚོ་དབུལ་པོ་44དང་། དུད་ཚང་དབུལ་པོ་2150། མི་དབུལ་པོ་9583བཅས་དབྱེ་འབྱེད་ངོས་འཛིན་བྱས་ཤིང་། དབུལ་བྲལ་གནད་སྒྲོལ་གྱི་ལས་གཞི་ལམ་འགྲོ་ཡོང་བར་རིག་གནས་ཐོན་ལས་གཉེར་དགོས་པའི་ངོས་འཛིན་ཐོབ།

      འཛམ་ཐང་རྫོང་ལ་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཁྱོན་41ཡོད་པ་དང་། དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་63ཡོད། དེར་བརྟེན་འཛམ་ཐང་རྫོང་གིས་སི་ཁྲོན་དང་ཀན་སུས། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ཆོས་ལུགས་རིག་གནས་ཀྱི་ལྗོངས་སྐོར་གནས་ཡུལ་བཟང་པོ་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གཤིན་ས་འཛུགས་སྐྲུན་བྱེད་པའི་དམིགས་བཙུགས་ཏེ། 《འཛམ་ཐང་རྫོང་གི་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ནས་རིག་གནས་ནི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་རུ་བཟུང་བར་མ་ཟད། 《རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད(2018—2025)》བཟོས་ཏེ་རྒྱུད་འཛིན་པར་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་རྟེན་གཞི་གཉེར་བར་སྐུལ་ལྕག་དང་རོགས་སྐྱོར་བྱས། 

      མིག་སྔར་འཛམ་ཐང་རྫོང་གིས་རྫོང་ནང་ཁུལ་དུ་ཁྲིད་སྦྱོང་སུའོ་27བཙུགས་པ་དང་། ཧྲང་ཧའེ་དང་ཧྲེན་ཀྲེན་དུ་ཁྲིད་སྦྱོང་རྟེན་གཞི་18བཙུགས་པའི་ནང་བོད་སྤོས་དང་། བོད་ཇ། བོད་སྨན་སོགས་ཀྱི་ལག་རྩལ་ཚུད་ཡོད་པ་དང་། ད་དུང་མ་དངུལ་སྒོར་དུང་ཕྱུར་2.7བཏང་ནས་ཛམ་བྷ་ལ་རིག་གནས་ཐོན་ལས་གླིང་བསྐྲུན་ཡོད་པ་དང་། དེར་སྤྱི་པའི་འཛུགས་སྐྲུན་དང་། སོ་སོས་བསྐྲུན་པའི་སྡོད་ཁང་། རྨང་གཞིའི་སྒྲིག་བཀོད་བཅས་ཁག་གསུམ་ཚུད་ཡོད། སྤྱི་པའི་འཛུགས་སྐྲུན་ལ་སྨི་གྲུ་བཞི་མ་ཁྲི་2.7ཡོད་པ་དང་། འཆར་འགོད་ཁྲིད་སྦྱོང་དང་། གསར་རྩོམ། སྤེལ་རེས། འགྲེམས་སྟོན་སོགས་ལྟེ་གནས་12འདུག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1