༄༅།།ཨ་མདོའི་མདོ་ལ་ཡུལ་གྱི་གཉེན་སྲོལ་ལས་བུ་མོ་བཅོལ་གདམས་སྐོར་རགས་ཙམ་གླེང་བ།

གནམ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-28



གནམ་མཚོ། བོད་ལྗོངས་སློབ་གྲྭ་ཆེན་མོ།
གླེང་གཞི།
        དེང་གི་ཆར་བོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་རྒྱུན་སྤྱོད་ཀྱི་འཚོ་བའི་ནང་གནས་རྒྱུ་ལྟ་ཅི་ཤེས་མཁན་ཡང་ཉིན་མོའི་སྐར་མ་ལྟར་ཧ་ཅང་དཀོན་ལ། ཕྱོགས་ཙམ་ཤེས་ནའང་དུས་ཆེན་ལྟ་བུའི་སྐབས་འགྲེམ་སྟོན་གྱི་དངོས་རྫས་ལྟ་བུ་ལས་བེད་སྤྱོད་མེད་པར་གྱུར་འདུག་པས། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་སམ་རིག་གནས་བླ་མེད་ཅིག་འཐོར་ཞིག་ཏུ་འགྲོ་བཞིན་པར་བརྟེན། ཐེངས་འདིར་ཆེད་དུ་ཕ་ཡུལ་མདོ་ལ་གཙོས་མཚོ་སྔོན་གྱི་འབྲོག་ཕྱོགས་ཁ་ཤས་ཤིག་ཏུ་བཅར་འདྲིར་སོང་ནས། རྒན་རབས་ཚོའི་ངག་ན་ལྷག་པའི་རིན་ཐང་བྲལ་བའི་རང་ཅག་གི་དམངས་སྲོལ་རིག་གནས་སྤྱི་དང་། དེ་ལས་ཀྱང་ངག་ཐོག་དམངས་རྩོམ་བུ་མོ་བཅོལ་གདམས་ཞེས་པའི་ཐད་ལ་ཅི་ཤེས་ཀྱིས་དཔྱད་རྩོམ་ཞིག་སྤེལ་བ་ཡིན། བུ་མོའི་བཅོལ་གདམས་ནི་མཚོ་སྔོན་གྱི་འབྲོག་པའི་ས་ཆ་གང་མང་ཞིག་ལ་དར་སྔ་བའི་གཉེན་སྟོན་གྱི་ཆོ་ག་ཞིག་ཡིན་ནའང་། དེ་སྔ་དམངས་སྲོལ་ཞིབ་འཇུག་པ་དག་གིས་བཅོལ་གདམས་ལ་ཆེད་དུ་དཔྱད་པ་དང་ངོ་སྤྲོད་སོགས་གསལ་ཞིབ་ཅིག་གནང་མེད་ལ། རེ་ཟུང་རེ་ཡོད་པའང་རགས་བཤད་ཙམ་ལས་སྲོལ་འདིའི་ཐད་ཀྱི་གསལ་ཞིབ་ཀྱི་ཡིག་ཆ་ཤིན་ཏུ་ཉུང་། ཕ་ཡུལ་མདོ་ལ་གཙོས་པའི་མཚོ་སྔོན་གྱི་འབྲོག་ཁུལ་མང་ཆེ་བར་གཉེན་སྟོན་གྱི་ཆོ་ག་འདི་ཕྱོགས་ཡོངས་ན་ཉམས་མེད་པའི་ཁར་ཧ་ཅང་འཐུས་ཚང་བ་ཞིག་རེད། དེ་བས་ངག་སྒོ་ཙམ་ན་གནས་པའི་རིག་གནས་འདི་མ་ཉམས་རྒྱུན་འཛིན་གྱི་ཀུན་སློང་གཙང་མས་འདིའི་སྐོར་ནས་ཅུང་ཟད་གླེང་བར་བྱ་སྟེ།

དང་པོ། བུ་མོ་བཅོལ་གདམས་ཀྱི་གོ་དོན་དང་ཆོ་ག

1. བུ་མོའི་བཅོལ་གདམས་ཀྱི་གོ་དོན།
        བུ་མོ་བཅོལ་གདམས་ཞེས་པ་ནི་གཉེན་སྟོན་གྱི་ཆོ་ག་ཞིག་གི་མིང་ཡིན་ལ། 《དག་ཡིག་གསར་བསྒྲིགས》ལས། བཅོལ་གདམས་ནི་ལས་བཅོལ་བྱེད་པར་གདམས་པའི་དོན་ཏེ། སློབ་མ་དགེ་རྒན་ལ་བཅོལ་གདམས་བྱས། བུ་མོ་བག་མར་འགྲོ་ཁར་བཅོལ་གདམས་བཟང་བོ་བྱས་ལྟ་བུ་ཞེས་དང་། 《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ》ཞེས་པར་བཅོལ་གདམས་ནི་བཅོལ་དམ་དང་དོན་གཅིག་སྟེ་གདམས་ངག་སྨྲ་བའམ་གདམས་པ་དང་མན་ངག་གདམས་པའི་དོན་ཞེས་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོའི》སྟོད་ཆ་ལས་བཅོལ་གདམས་ནི་བཅོལ་གཏམས་དང་དོན་གཅིག་སྟེ་དོན་གནད་མངགས་པ་དང་བཅོལ་བ་ཞེས་བཀོལ་འདུག དེ་ལས་བཅོལ་གདམས་ཞེས་པ་ནི་བྱ་དངོས་གང་ཞིག་མི་གཞན་ཞིག་ལ་བཅོལ་བའམ་གདམས་པའི་དོན་དང་། བུ་མོ་བཅོལ་གདམས་ཞེས་པ་ནི་བཅོལ་བྱ་བུ་མོ་གནས་འགྲོ་མ་དེ་བཅོལ་ཡུལ་གཉེན་ཚང་ལ། བཅོལ་མཁན་གྲལ་མགོའི་ཨ་ཞང་རྒན་པོ་དེས། བུ་མོ་དེར་སྨད་པའི་ཚུལ་གྱིས་གཉེན་ཚང་ལ་བཅོལ་ནས་བུ་མོ་འདི་ཉམ་ཆུང་བ། འདི་ལ་ཁ་གང་ཐོག་གིས་བཤད་མི་ཆོག ལག་གང་ཐོག་གིས་རྒྱག་མི་ཆོག འདི་ལ་ཁ་ཏ་སློབ་གསོ་གཏོང་དགོས་ཚུལ་སོགས་གཏམ་གྱི་ལམ་ནས་གཉེན་ཚང་ལ་བཅོལ་བར་གདམས་པའི་གཉེན་བཤད་ཅིག་ལ་བུ་མོ་བཅོལ་གདམས་ཞེས་བྱའོ། །

2.བུ་མོ་བཅོལ་གདམས་ཀྱི་ཆོ་ག
        བུ་མོ་གནས་ལ་བསྐྱལ་བའི་གཉེན་སྟོན་གྱི་ཉིན་མོར་ཨ་ཞང་རྒད་པོས་སྐད་ཆའི་སྒྱུ་རྩལ་ཆེས་ཕུན་སུམ་ཚོགས་པའི་གཏམ་གྱི་ལམ་ནས་བུ་མོ་དེ་གཉེན་ཚང་ལ་བཅོལ་བར་གདམས་པ་དང་། བུ་མོ་དེའི་མིང་པོ་ཞིག་གིས་ཀྱང་སྙན་འཇེབས་གླུ་ཡི་འགྱུར་ཁུག་གི་གདངས་དབྱངས་ལས་བུ་མོ་དེ་བཅོལ་བར་གདམས་པ་སྟེ་བཅོལ་ཚུལ་རྣམ་པ་གཉིས་ཡོད།
        དེ་ཡང་གཉེན་སྟོན་གྱི་ཉིན་མོར་ཇ་མཆོད་ཆང་མཆོད་ཕངས་རྗེས་གྲལ་མགོའི་ཨ་ཞང་ཚང་དང་གཉེན་ཚང་རྒད་པོ་ཚོས་གཉེན་སྟོན་གྱི་མགོ་ནས་བཟུང་རྟགས་རྟེན་འབྲེལ་འགྲིག་ཚུལ། ཕན་ཚུན་བར་གྱི་བར་བ་རྒན་པོའི་དོན་དག་འཁྱོངས་ཡོད་ཚུལ། ཕན་ཚུན་གྱི་ཉེ་རིང་རྩ་གསུམ་ཚང་མས་གཅིག་གཅིག་ལ་འདང་བརྒྱབ་ཡོད་ཚུལ་གྱི་སྐད་ཆ་དག་སྙན་མོ་གཏམ་གྱི་དཔེ་ལ་དྲངས་ནས་ཡུན་ཙམ་བརྗོད་རྗེས་བུ་མོ་བཅོལ་གདམས་ཀྱི་ཆོ་ག་འདི་སྤེལ་བ་རེད། དེ་ཡང་དྲིན་ཆེན་གྱི་ཕ་མ་གང་དེ་ཉིད་ཀྱི་ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ལྟར་གཅེས་ཆེ་བའི་བུ་མོ་གཅེས་ཕྲུག་མ་དེ་གནས་ལ་བསྐྱལ་སྐབས། གཉེན་བྲལ་གྱི་སྐྱོ་གདུང་དང་བུ་མོའི་མ་འོངས་འཚོ་གནས་ལ་སེམས་ཁུར་རྒྱ་ཆེན་བྱེད་བཞིན་ཡོད་པ་མཚོན་པར་ཨ་ཞང་རྒད་པོས་བུ་མོ་དེ་རང་གི་ཕ་མ་གཉིས་ཀྱི་གཅེས་ཕྲུག་ཡིན་ཚུལ་དང་། འདིས་ནུ་བཞི་ནུ་མ་འཐེན་མ་མྱོང་། འཛུག་གསུམ་གྱི་ཐབ་ཀ་རྩོང་མ་མྱོང་ཞེས་ལབ་ནས་བུ་མོ་དེས་དེ་སྔ་ཡན་ཆད་ལ་རང་གི་ཕ་མའི་ཟུར་ནས་སྐྱིད་བརྒྱབ་ནས་བསྡད་དེ་ལག་ལས་ཀ་སོགས་ལས་མ་མྱོང་ཚུལ་བསྟན་པ་དང་། དེ་བཞིན་དུ“འདིར་ལག་གང་ཐོགས་གིས་རྒྱབ་ན་མི་ཆོག ཁ་གང་ཐོགས་གིས་བཤད་ན་མི་ཆོག”ཅེས་བུ་མོ་དེ་ཁྱེད་གཉེན་ཚང་གིས་མནར་གཅོད་སོགས་བཏང་མི་ཆོག་ཚུལ་གྱི་སྔོན་བརྡ་བཏང་ནས་ལས་བཅོལ་ཞུས་ནས། གཉེན་ཚང་གིས་དེ་རིང་ཉིན་མོའི་ཕན་ཆད་ནས་ངའི་ཚ་ངན་མ་འདིའི་འགྲོ་འདུག་སྤྱོད་གསུམ་སྨྲ་བརྗོད་དང་བཅས་ཕྱོགས་མང་པོ་ཞིག་ནས་ལྟ་སྐྱོང་གང་ལེགས་བྱ་དགོས་ཞེས་བཅོལ་བར་གདམས་པ་དང་། བུ་མོའི་མིང་པོ་ཞིག་གིས་ཀྱང་གཉེན་སྟོན་གྱི་ཉིན་དེར་ཨ་ཞང་ཚང་གི་གྲས་ནས་སྐད་སྙན་མོའི་གདངས་དབྱངས་ལ་བཀུག་སྟེ། “དགུང་ཨ་སྔོན་ཚང་ལ་བཅོལ་རྒྱུ་ཡོད། །འདི་འབྲུག་ཆུང་ད་རུང་ལོ་ཆུང་ཡིན། །དབྱར་ཆར་ཆུའི་ཕྱོགས་ནས་མཉམ་རེ་ཞོག །རྫ་ཁྲ་ཡག་ཚང་ལ་བཅོལ་རྒྱུ་ཡོད། །འདི་འབྲོང་ཆུང་ད་རུང་ལོ་ཆུང་ཡིན། །རྫ་གོ་རོའི་བར་ནས་མཉམ་རེ་ཞོག །ཁྱེད་གཉེན་ཚང་ཚང་ང་བཅོལ་རྒྱུ་ཡོད། །ངའི་སྲིང་ཆུང་ད་རུང་ལོ་ཆུང་ཡིན། །ལག་ལས་ཀའི་ཕྱོགས་ནས་མཉམ་རེ་ཞོག །”ཅེས་ཧ་ཅང་སེམས་བརྩེ་བ་ཆེན་པོའི་ངང་ནས་ཡིད་འགུག་ཐེབས་པའི་དམངས་གླུ་ཞིག་བླངས་ཏེ། རང་ཉིད་ཀྱི་སྲིང་ཆུང་མར་རབ་ཏུ་བརྩེ་བ་མཚོན་པའི་བཅོལ་བར་གདམས་པའི་གླུ་ཞིག་བླངས་ནས་བཅོལ་ཡུལ་གཉེན་ཚང་ཚང་གི་ཉེ་རིང་རྩ་གསུམ་ལས་གཙོ་བོ་གཉེན་ཚང་ཨ་ནེ་དང་སྙིད་མོ་བཅས་མ་སྲི་ཚང་ལ་བཅོལ་བ་ཞིག་རེད།

གཉིས་པ། བུ་མོ་བཅོལ་གདམས་ཀྱི་བསམ་བློའི་ནང་དོན།
        བོད་ཀྱི་དམངས་སྲོལ་རིག་གནས་ལས་གཉེན་སྟོན་ཙམ་ལ་མཚོན་ན་ཡང་མགོ་གཉེན་སློང་ཚུལ་ནས་མཇུག་གཉེན་བསྡུ་བའི་བར་གྱི་གཉེན་བཤད་ཚན་པ་རེ་རེ་ལ་ཞིབ་མོ་བློ་ཡིས་དཔྱད་ན། དེའི་ནང་དུ་བསམ་བློའི་གོ་རྟོགས་ཀྱི་ཆ་མི་དམན་པ་ཞིག་ཡོད་དེ། བུ་མོའི་བཅོལ་གཏམ་དང་བཅོལ་གླུ་གང་གི་ཐད་ནས་དཔྱད་ན། འཇིག་རྟེན་མི་ཆོས་ལ་ཧ་ཅང་ཉམས་མྱོང་དང་རྒྱུས་མངའ་ཡོད་ལ་དམ་པ་ལྷ་ཆོས་ལའང་མཐུན་པའི་ཆ་མཐུན་གྱི་བསམ་བློ་ཤ་སྟག་གིས་ཟིན་ཡོད། བཅོལ་གདམས་ཀྱི་བསམ་བློ་གཏོང་ཕྱོགས་ཀྱི་ཐད་ནས། བཅོལ་བྱ་བུ་མོ་གང་དེའི་ཁེ་དབང་དང་བུ་མོའི་ཐོབ་ཐང་ལ་བསམ་གཞིག་གནང་ཡོད་ལ། གཉེན་ཉེ་འབྲེལ་ཕྱོགས་གཉིས་ནས་ཆ་མཐུན་དང་ཡང་ན་ཁྲིམས་མཐུན་གྱིས་བུ་མོ་དེ་གནས་ལ་བྱིན་པ་ཞིག་ཡིན་པའི་ཆ་ནས་བུ་མོ་དེའི་རྗེས་ཕྱོགས་ཀྱི་འཚོ་བའི་ཐད་ཀྱི་སྐྱིད་སྡུག་ལེགས་ཉེ་གང་གི་ཐད་ལ་ཐེ་གཏོགས་བྱེད་པའི་འགན་འཁྲི་ལྡན་པའི་བུ་མོ་རང་གི་ཨ་ཞང་དང་མིང་པོ་གཉིས་ཀྱིས་གཏམ་དང་གླུ་ཡི་ལམ་ནས་གཉེན་ཚང་ཨ་ཁུ་དང་མ་སྲིའི་སྡེ་ལ་ནན་ཏན་གྱིས་བཅོལ་བ་ལ། ཕྱོགས་གཉིས་ནས་བུ་མོ་དེར་ཐུགས་ཁུར་རྒྱ་ཆེན་པོ་བྱེད་པའི་བསམ་བློ་དེ་མཚོན་ཡོད།
        བུ་མོ་གནས་འགྲོ་མ་ཞིག་ལ་མཚོན་ན་ཁོ་མོར་ཁོ་མོའི་ཁེ་དབང་དགོས་པ་དང་། བུ་མོ་གནས་ལ་བརྫངས་མཁན་གྱི་ཕ་མ་ཡིན་ནའང་གནས་འགྲོ་མ་དེ་ནོར་ལུག་བཞིན་བཙོང་བ་ལྟ་བུ་ཞིག་དང་། མནའ་མར་བསུ་མཁན་གཉེན་ཚང་གིས་ཀྱང་ཁྱིམ་གཡོག་མ་ཞིག་གླས་པ་ལྟ་བུ་མ་ཡིན་པར། བུ་མོ་བསྐྱལ་བའི་ཨ་ཞང་རྒན་པོས་བརྗོད་པ་ལྟར། བུ་མོ་གནས་འགྲོ་མ་དེ་“གཉའ་ཅོ་འབུམ་གྱིས་བཟུང་ནས་བྱིན་ནོ་མ་རེད་ད། ཁྱེད་ཚང་བཙལ་ཀི་འོང་ནས་རྙེད་ནོ་རེད། འདི་གཙོ་བོ་ཁྱེད་ཚང་གི་ཁྲ་ཁྲ་ཕྱུགས་ཀྱི་མགོ་རྫི་ཨེ་ཉན་ན། མཐིང་སྨུག་སྦྲ་ཡི་ནང་འཛིན་ཨེ་ཉན་ན་བསམ་ནས་བུ་མོ་བྱིན་པ་རེད།”ཅེས་པ་དང་། བུ་མོ་གནས་ལ་འགྲོ་བ་དེ་ཕ་མས་བཙན་གྱིས་བུ་མོ་རྒྱུ་ནོར་དང་ནུ་རིན་ལ་བརྗེས་པ་ཞིག་མིན་པ་དང་། གཉེན་ཚང་གིས་ཀྱང་བུ་མོ་མནའ་མར་བསུས་པ་ཡང་ཁྱིམ་ལས་མ་བཟའ་བཏུང་གཡོ་སྐོལ་བྱེད་མཁན་ཞིག་དགོས་པར་དམིགས་པ་མིན་པར། ཡོད་ཚད་བུ་བུ་མོ་དེ་གཉིས་ཀྱི་བདེ་སྐྱིད་ཀྱི་དོན་དུ་ཡིན་པ་དེ་རྒྱུ་མཚན་དང་གནས་ལུགས་ལྡན་པར་བརྗོད་པ་ནི། གཉེན་སྒྲིག་བཅའ་ཁྲིམས་དང་མཐུན་ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པ་བུ་མོའི་བཅོལ་གདམས་ཀྱི་གལ་ཆེན་རང་བཞིན་ཞིག་ཀྱང་ཡིན་པར་བསམ།

གསུམ་པ། བུ་མོ་བཅོལ་གདམས་ཀྱི་སྒྱུ་རྩལ་ཁྱད་ཆོས།
        བུ་མོ་བཅོལ་གདམས་ནི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཆོ་ག་ཞིག་ལ། བུ་མོ་བཅོལ་གཏམ་ནི་བོད་མི་རིགས་རང་གི་མར་དྲི་དང་རྩམ་དྲི་འཐུལ་བའི་སྐད་ཆའི་སྤྱི་འགྲོས་ལ། ཚིག་འབྲུ་ཉུང་ཡང་དོན་གནད་ཟབ་པའི་ཕ་སྐད་དག་མའི་ཐ་སྙད་ཀྱིས་རབ་ཏུ་ཕྱུག་པ། མི་རིགས་གཞན་གྱི་སྐད་ཆས་ཤན་གང་ཡང་མ་ཞུགས་པའི་ཐུན་མིན་བོད་རང་གི་མི་རབས་ནས་མི་རབས་ལ་ངག་ནས་ངག་ཏུ་བརྒྱུད་འོང་བའི་དམངས་ཁྲོད་ངག་རྩོམ་རིང་མོའི་སྒྱུ་རྩལ་གྱིས་བཅིངས་པ་ཤ་སྟག་ཅིག་ཡིན་སྟབས། སྐད་ཆ་དེའི་སྒྱུ་རྩལ་གྱི་མཛེས་པ་དག་གཞན་སྐད་ལ་བསྒྱུར་ཐབས་མེད་པ་ཞིག་ཡིན་ཏེ། དཔེ་མཚོན་ཙམ་དྲངས་ན། ཐ་སྙད་ཀྱི་ཆ་ནས“འདོ་རིག་རྟ་དང་མགོ་ནག་མྱི། ཁྲ་ཡག་རྫ། ཁྲ་ཁྲ་ཕྱུགས། མཐིང་སྨུག་སྦྲ”ཞེས་པ་ལ་སོགས་བོད་པ་རང་ཁོ་ནའི་སྐད་ཡིག་གི་ངོས་ནས་མ་གཏོགས་མཛེས་པ་དང་སྙན་ཆ། ཁྱད་ཆོས་སོགས་རྙེད་དུ་མེད་ལ་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྐད་ཆའི་ནུས་པ་ཞིག་ཡིན། “ད་ནངས་ནམ་ལངས་ཀྱི་དང་པོ། ཉི་ཤར་གྱི་རྩེ་མོར། ང་ཨ་ཞང་ཚང་ལམ་ལ་མ་ཆས་དུས་ནས་བཟུང་། བུ་མོའི་ཨ་ཡེས་ཨ་མྱེས་ཡིན་ན། ཨ་ཕ་ཨ་མ་ཡིན་ན། སེམས་སྡུག་ལ་ཤོར་ནས། མྱིག་མཆི་མ་འཁོར་ནས། དེ་རིང་འུ་ཚང་གི་ཞི་མོ་འདི་ཕར་ལ་སོང་ན་ལས་བཅོལ་ཞིག་བྱེད་དགོས་ཟེར་བ། ཚིག་ཨ་སྣོན་སྟེང་ལ་ཡང་སྣོན་བྱས་ནས། ཡོབ་ཆེན་སྟེང་ལ་དགུ་སྣོན་ཞིག་བྱེད་ཀི། དེའི་རྒྱུ་མཚན་ཀྱིས་བུ་མོའི་ཐད་ནས་ངས་ཁྱེད་གཉེན་ཚང་ཚང་ལ་ཇ་ཁ་ཆང་ཁ་འདི་རུ་ད་བཅོལ་གདམས་ཤིག་བྱེད།”ཅེས་པ་འདི་ལྟ་བུ་ཚིག་བཅད་ལྷུག་སྤེལ་མའི་ལམ་ནས་དབྱངས་འགྲོས་དང་གཅོད་མཚམས་མི་འདྲ་བ་ཞིག་གི་སྒོ་ནས་བརྗོད་བྱ་གང་ཡིན་པ་དེ་དག་གོ་རིམ་ལྡན་པ་རྒྱས་བསྡུས་འཚམ་པར་མ་ཟད། སྐད་ཆ་དེར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་འཚོ་གནས་ལས་རྙེད་པའི་སྙན་ངག་གི་ཁྱད་ཆོས་ལྡན་པ། ཉམས་མྱོང་རང་བཞིན་གྱི་གཏམ་དཔེ་ཚིག་བཅད་དུམ་ཚན་རེ་མེད་མི་སྲིད་པ་དེས། སྐད་ཆ་དེར་ཐུན་མོང་མ་ཡིན་པ་གཞན་སྐད་ལ་འོང་དཀའ་བའི་བྲོ་བ་ཞིག་དང་རིན་ཐང་ཞིག གོ་གནས་ངེས་ཅན་ཞིག་ཟིན་པར་བྱེད་དེ། “ཕར་རིའི་ནགས་ལ་མ་བརྒྱབ་ནོ། ཚུར་རིའི་བྲག་ལ་མ་བརྡབ་ནོའི་ཐད་ནས།”ཞེས་པ་དང་། “ཚིག་ཨ་སྣོན་སྟེང་ལ་ཡང་སྣོན་བྱས་ནས། ཡོབ་ཆེན་སྟེང་ལ་དགུ་སྣོན་ཞིག་བྱེད་ཀི”ཞེས་པ། “ཚིག་གོང་བུའི་ནང་ན་བཤད་རྒྱུ་མེད་ནས། ཚོང་ཕུ་རུང་ནང་ན་གཏམ་རྒྱུ་མེད་ནི་བྱེད་དགོས་ནོ།”ཞེས་བཀོད་པ་དེ་ལྟ་བུ་དཔེ་འཇོག་རང་བཞིན་གྱི་གཏམ་སྙན་མོས་སྐད་ཆའི་མགོ་རྔ་མ་དང་བར་སྐེད་པ་གང་གི་ཆ་ལ་མཚོན་ན་ཡང་ཚགས་དམ་ལ་འགྲོས་འགྲིག་པོ། དོན་ཟབ་ལ་ཉམས་དང་ལྡན་པ་སོགས་སྐད་ཆའི་སྒྱུ་རྩལ་མང་པོ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1