༄༅།། བྱིས་པའི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐབས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-28


        དགུན་རྒྱ་སྟག་འདྲ་མོ་ཐོན་ལ་ཉེ་བའི་སྐབས་འདིར།གནམ་གཤིས་ཉིན་རེ་ལས་ཉིན་རེར་ཇེ་འཁྱགས་ཡིན་པས།དུས་སྐབས་འདི་ནི་བྱིས་པ་རྣམས་ལ་ཆམ་རིམས་ཆེས་འབྱུང་སླ་བའི་སྐབས་རེད།དགུན་ཁར་བྱིས་པར་ཆམ་རིམས་མི་འབྱུང་བ་ནི་ཁྱིམ་བདག་རྣམས་ཀྱི་རེ་བའི་སྨོན་འདུན་ཡིན་པས།རིམས་འགོག་ནུས་པ་ཇེ་མཐོར་བཏང་ནས།ཆམ་པ་འབྱུང་སླ་བའི་དུས་རིམ་འདི་བདེ་བླག་ངང་བརྒལ་དགོས།
        སེམས་ཞིབ་མོ་ཡིན་པའི་ཕ་མ་རྣམས་ཀྱིས་བྱིས་པར་ཆམ་རིམས་ཕོག་པར་ཡང་དུས་རིམ་ཞིག་ཡོད་པ་ཤེས་ཡོད་ལ།དུས་རིམ་དེའི་ནང་དུ་བྱིས་པར་ཆམ་རིམས་ཧ་ཅང་འབྱུང་སླ་བས།དེ་ནི་བྱིས་པར་རིམས་འགོག་ནུས་པ་མེད་པའི་སྐབས་རེད།
        ཀོང་ཏུང་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་གི་ཀྲུའུ་རེན་ཝུའུ་ཅེ་ལིང་གིས་མཚམས་སྦྱོར་བྱས་པ་ལྟར་ན།བཙས་མ་ཐག་པའི་ཕྲུ་གུའི་རིམས་འགོག་ནུས་པར་ཕོག་ཐུག་གང་ཡང་ཐེབས་མེད་པས།རང་སྟེང་དུ་ལྷུན་གྱིས་གྲུབ་པའི་རིམས་འགོག་ནུས་པ་དེ་ནི་ཤོག་བུ་དཀར་པོ་ཞིག་དང་མཚུངས།ཕྲུ་གུ་བཙས་རྗེས་ཨ་མས་ཕྲུ་གུ་ལ་རིམས་འགོག་ནུས་པ་ཇེ་དྲག་ཏུ་འགྲོ་བའི་དངོས་པོ་མང་པོ་བསྩལ་ངེས་པས།ཟླ་ངོ་བཞི་ནས་ཟླ་ངོ་དྲུག་བར་གྱི་ཕྲུ་གུའི་རིམས་འགོག་ནུས་པ་ནི་བཙས་མ་ཐག་པའི་ཕྲུ་གུ་ལས་ཅུང་ཙམ་མཐོ་བ་རེད།
        ཡིན་ནའང་ཕྲུ་གུ་ཟླ་ངོ་དྲུག་ཡན་ལ་བུད་རྗེས།ཨ་མའི་ལུས་སྟེང་ནས་ཐོབ་པའི་རིམས་འགོག་ནུས་པ་དེ་ཟད་ཚར་བས།རྗེས་ཕྱོགས་ཀྱི་རིམས་འགོག་ནུས་པ་ནི་ཕྲུ་གུ་རང་སྟེང་གི་གསོག་འཇོག་ལ་བརྟེན་དགོས།རྒྱུན་ལྡན་ཡིན་ན་གསོག་འཇོག་གི་དུས་ཡུན་དེ་ནི་ཟླ་དྲུག་ཡས་མས་ཡིན་པས།ཟླ་ངོ་དྲུག་ཡས་མས་ཀྱི་བྱིས་པ་ནི་རིམས་འགོག་ནུས་པ་མེད་པའི་སྐབས་ཡིན་ལ།སྔ་སྐྱེས་ཕྲུ་གུ་ཡི་རིམས་འགོག་ནུས་པ་མེད་པའི་དུས་སྐབས་ནི་དེ་ལས་ཀྱང་སྔ་བ་རེད།
        བྱིས་པ་ཆུང་ངུའི་དུས་སུ་རིམས་འགོག་ནུས་པ་ཞན་པའི་དབང་གིས་ནད་རིགས་སྣ་ཚོགས་འབྱུང་སླ་བས།ཁྱིམ་བདག་གིས་གཤམ་གྱི་བྱ་སྤྱོད་འདི་དག་ལ་བརྟེན་ནས་རིམས་འགོག་ནུས་པ་ཆགས་པར་ཡིད་འཇོག་བྱེད་དགོས།

1.ལུས་སྦྱོང་བྱེད་དུ་འཇུག་དགོས།
        རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས་ན་ངེས་པར་དུ་ལུས་སྦྱོང་བྱེད་དགོས།བྱིས་པ་རྒྱུན་པར་པང་དུ་འཛིན་པའམ་འདེད་འཁོར་ནང་དུ་མི་འཇོག་པར་ཐང་ལ་བཞག་ནས་འགུལ་སྐྱོད་བྱེད་དུ་འཇུག་དགོས་པ་དང་།ནང་སྒོས་སུ་ཟླ་དྲུག་ཡས་མས་ཀྱི་བྱིས་པ་མང་ཆེ་ཤོས་ཙོག་ཤེས་པས་ཙོག་ནས་རྩེ་རུ་འཇུག་པ་དང་ཡང་ན་གོག་བགྲོད་བྱེད་དུ་འཇུག་དགོས།ཕ་མ་དང་མཉམ་དུ་རོལ་རྩེད་བྱེད་པ་ནི་བྱིས་པའི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བའི་ཐབས་མཆོག་ཅིག་ཡིན།

2.རིམས་འགོག་ནུས་པར་ཕོག་ཐུག་གཏོང་དགོས།
        རིམས་འགོག་ནུས་པ་ཡོད་དུ་འཇུག་དགོས་ན་ངེས་པར་དུ་རིམས་འགོག་ནུས་པར་ཕོག་ཐུག་གཏོང་དགོས།བྱིས་པས་ནད་སྲིན་དང་ནད་དུག་སོགས་ལ་འགོག་རྒོལ་བྱེད་དགོས་ན།ཡང་ནས་བསྐྱར་དུ་ནད་དུག་དང་ནད་སྲིན་ལ་འོས་འཚམ་སྒོས་འབྲེལ་འདྲིས་བྱེད་དུ་འཇུག་དགོས།དེ་བས་བྱིས་པ་སྙོར་སྐབས་ཚད་ལས་བརྒལ་བའི“གཙང་མ”ཡིན་མི་རུང་།ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་རྩེད་ཆས་གཙང་མར་བཀྲུ་བ་དང་དུག་སེལ་བྱས་རྗེས་ད་གཟོད་བྱིས་པའི་ལག་ཏུ་འཇོག་པ་རེད།དོན་དངོས་སུ་བྱིས་པས་རྩེད་ཆས་ལ་སོ་འདེབས་པ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕོ་རྒྱུ་རྣམས་ནད་སྲིན་དང་འབྲེལ་འདྲིས་བྱས་ན།རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བར་ཕན་ནོ། །

3.དུས་བཅད་ལྟར་འགོག་སྨན་རྒྱག་པ།
        འགོག་སྨན་ལ་རིགས་གཉིས་ཡོད་དེ།རིགས་དང་པོ་ནི་རྒྱལ་ཁབ་ཀྱིས་ལོ་ཚོད་རན་པའི་བྱིས་པར་རིན་མ་བླངས་པར་འདོན་སྤྲོད་བྱེད་བཞིན་ཡོད།ཝུའུ་ཅེ་ལིང་གིས་བཤད་པ་ལྟར་ན།བྱིས་པར་ལུས་ཕུང་གི་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག ངེས་པར་དུ་དུས་བཅད་ལྟར་འགོག་སྨན་རྒྱག་དགོས། ཁྱིམ་བདག་གིས་འགོག་སྨན་རིགས་གང་ཞིག་ཡིན་མིན་ལ་བསམ་བློ་མང་པོ་གཏོང་མི་དགོས་པར་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་བརྒྱག་འོས་པའི་འགོག་སྨན་ཡོངས་རྫོགས་བརྒྱབ་ན་བཟང་ཟེར།

4.ནུ་མ་བསྣུན་པ་རྒྱུན་འཁྱོངས་བྱེད་དགོས།
        ནུ་འོ་ནི་བྱིས་པའི་འགོག་སྨན་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན།རབ་ཡིན་ན་ཟླ་དྲུག་མན་གྱི་བྱིས་པ་ནུ་འོ་རྐྱང་རྐྱང་གིས་གསོས་ན་བཟང་མོད།འོན་ཀྱང་དེ་ཡང་ནུ་འོ་ཡི་ཚད་མང་ཉུང་དང་རྒྱུ་སྤུས་ལ་བལྟས་ནས་ལེགས་སྒྲིག་བྱེད་དགོས།སྤྱིར་བཏང་དུ་ཕྲུ་གུ་བཙས་རྗེས་ཀྱི་ཟླ་གསུམ་གྱི་ནང་ཟླ་རེར་བྱིས་པའི་ལྗིད་ཚད་རྒྱ་མ་གཉིས་རེ་ཇེ་ལྗིད་འགྲོ་བ་དང་།ཟླ་གསུམ་ནས་དྲུག་གི་བར་ལ་ཟླ་རེར་རྒྱ་མ་གང་རེ་ཇེ་ལྗིད་དུ་འགྲོ་བ་རེད།གལ་ཏེ་ཚད་གཞི་དེར་སླེབས་མ་ཐུབ་ན་ཁྱིམ་བདག་གིས་ནུ་འོ་ཡིས་འདང་གིན་ཡོད་མེད་དང་ཟས་རིགས་ཁ་སྣོན་བྱེད་དགོས་མིན་ལ་བསམ་བློ་གཏོང་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1