ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་སྤྱི་ཚེས་28ཉིན་གྱི་ཐོ་རེངས་སུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་། སྤྱི་ཚེས་28ཉིན་གྱི་དགོང་མོའི་བར། མི་21ལ་རྨས་སྐྱོན་ཕོག་པ་དང་མི་3ཁྲི་6སྟོང་ལྷག་ཙམ་ཉེན་གཡོལ་གནས་སྤོ་བྱས་ཡོད་པ་རེད། མིག་སྔར། རྫོང་དེ་ཡོངས་ཀྱི་གནོད་སེལ་གུར་180ཚང་མ་ཕུབ་ཟིན་པ་དང་བརླན་འགོག་གདན་དང་སྲིང་བལ་གྱོན་གོས་ཀྱང་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད་པ་རེད།
གསར་འགོད་པར་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་བསང་ཆུ་རྫོང་ཐང་དཀར་ནང་ཤང་རོང་བར་མདོ་སྲིད་འཛིན་གྲོང་ཚོའི་དཔོན་སྐོར་ཀླད་གྲོང་ཚོ་ནས་མཐོང་བར། མིག་སྔར་ཕྱོགས་ཁག་གི་འགན་སྲུང་དམིགས་སར་འབྱོར་ཡོད་པ་དང་གཞི་རྩའི་འཚོ་བར་སེམས་ཁྲལ་མེད་པ་རེད། ས་ཡོམ་བརྒྱབ་རྗེས། ཀན་ལྷོ་ཁུལ་སྲིད་གཞུང་གིས་རིམ་པ་གསུམ་པའི་འཕྲལ་སྒྲུབ་ལན་ཆ་བྱས་ཏེ་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་བཙུགས་པ་དང་། མང་ཚོགས་སྒྲིག་འཛུགས་བྱས་ནས་ཛ་དྲག་ངང་བདེ་འཇགས་ཉེན་གཡོལ་གྱིས་ཡོམ་ལྷག་ལ་དོགས་ཟོན་བྱས་པ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཁག་གིས་སློབ་མ་བདེ་འཇགས་ཁུལ་དུ་གནས་སྤོ་བཀོད་སྒྲིག་བྱས་ཡོད་པ་རེད།
སྤྱི་ཚེས་28ཉིན་གྱི་དགོང་མོའི་བར། ས་ཡོམ་བརྒྱབ་ཁུལ་དུ་ཁྱོན་རིམ་པ་2ཡན་གྱི་ཡོམ་ལྷག་ཐེངས་4བརྒྱབ་ཡོད་པ་དང་། མཐོ་ཤོས་ལ་རིམ་པ་3བརྒྱབ་ཡོད་པ་རེད། ཐང་དཀར་ནང་ཤང་གི་ཤང་ཀྲང་མགུ་རུ་སྐྱིད་ཀྱིས་གསར་འགོད་པར། རྫོང་ནས་ང་ཚོར་གནོད་སེལ་དངོས་རྫས་གཤམ་སྤྲོད་བྱས་བྱུང་། ང་ཚོས་སློབ་གྲྭ་སོགས་ལ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད། གློག་དང་ཆུ། ལམ། འཕྲིན་གཏོང་སོགས་ལ་གནོད་སྐྱོན་ཕོག་མེད་ཅེས་གསུངས། ཀན་སུའུ་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བཀོད་གཏོང་བྱས་པའི་རོགས་སྐྱོབ་སྟོབས་ཤུགས་འཕྲལ་མར་ས་ཡོམ་རྒྱག་ཁུལ་གཙོ་བོར་འབྱོར་ཡོད། དྲག་ཆས་ཉེན་རྟོག་ཀན་སུའུ་ཞིང་ཆེན་སྤྱི་ཁྱབ་རུ་ཁག་ཀན་ལྷོ་ཉིང་ལག་རུ་ཁག་གིས་མི་300ཙ་ཡུས་ཤང་དང་། མདའ་མེད་ཤང་། ཐང་དཀར་ནང་ཤང་བཅས་སུ་རོགས་སྐྱོབ་བྱས་པར་མངགས་གཏོང་བྱས་ཡོད་པ་རེད། དྲག་ཆས་ཉེན་རྟོག་ཀན་སུའུ་ཞིང་ཆེན་སྤྱི་ཁྱབ་རུ་ཁག་ཀན་ལྷོ་ཉིང་ལག་རུ་ཁག་གི་རུ་དཔོན་ཧོ་ཅན་གྱིས། སྔོན་ལ་ཉེན་ཁ་སེལ་བ་དང་། དེ་རྗེས་དཔོན་དམག་སྒྲིག་འཛུགས་ཀྱིས་གུར་ཕུབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དགོས་ངེས་ཀྱི་ཞག་སྡོད་བྱེད་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད་པ་རེད། སྤྱི་ཚེས་28ཉིན་གྱི་དགོང་མོའི་བར། བསང་ཆུ་རྫོང་གི་གནོད་སེལ་གུར་180ཚང་མ་ཕུབ་ཟིན་པ་དང་བརླན་འགོག་གདན་དང་སྲིང་བལ་གྱོན་གོས་ཚང་མ་མང་ཚོགས་ཀྱི་ལག་ཏུ་སྤྲད་ཟིན་ཡོད་པ་རེད།