ཞི་ཅིན་ཕིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 10-30
རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་གདོད་མའི་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་གསར་དར་ཁྱབ་ཁོངས་སུ་རང་རྒྱལ་གྱིས་རིགས་པའི་གཞུང་ལུགས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། གསར་གཏོད་ཀྱི་མཐོ་ས་བཟུང་བ། ཐོན་ལས་ཀྱི་ལེགས་ཆ་གསར་པ་ཐོབ་པ་བཅས་བྱེད་དགོས།
ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་མཉམ་འདྲེས་དང་། ནུས་པ་རྒྱ་སྐྱེད། ཐོན་ལས་ཞིབ་དབྱེ་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལས་སྒོའི་བརྒྱུད་རིམ་བཟང་སྒྲིག གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ། མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བ། ཡིད་རྟོན་རུང་བའི་མ་ལག་བསྐྲུན་པ་སོགས་ལ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ནུས་པ་འདོན་སྤེལ་བྱེད་དགོས།
ཟླ་10ཚེས་24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་གསར་སྤེལ་གྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་འདུས་གྲུབ་བེད་སྤྱོད་བཏང་བ་དེས་ལག་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ང་ཚོས་ཁུལ་གླིང་ཕན་ཚུན་སྦྲེལ་བ་དེ་ལྟེ་བའི་ལག་རྩལ་དང་རང་བརྟེན་གསར་གཏོད་ཀྱི་ཚད་བརྒལ་གལ་ཆེན་ལ་བརྩིས་ནས་གཙོ་རྒོལ་གྱི་ཁ་ཕྱོགས་གསལ་པོ་བཟོ་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་འགག་རྩ་དང་ལྟེ་བའི་ལག་རྩལ་ཁག་གཅིག་འགག་སྒྲོལ་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲེ་ཅང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁྲེན་ཁྲུན་གྱིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་དེ་གྲངས་འཛིན་དངུལ་རྩ་དང་། ཟོག་འབྲེལ་དྲ་བ། རིག་ནུས་བཟོ་སྐྲུན། མཁོ་སྤྲོད་ཀྱི་འཁོར་འབྲེལ་དོ་དམ། གྲངས་འཛིན་རྒྱུ་ནོར་ཉོ་ཚོང་སོགས་ཁྱབ་ཁོངས་མང་པོར་སྤྱོད་པ་དང་སྣུར་སྲིང་བྱས་ཡོད།
མིག་སྔར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཙོ་བོ་ཚང་མ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་འཕེལ་རྒྱས་ཀྱི་བཀོད་སྒྲིག་མགྱོགས་མྱུར་བྱེད་པ། རང་རྒྱལ་ལ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ཁྱབ་ཁོངས་ཐད་རྨང་གཞི་བཟང་པོ་ལྡན་ཡོད་པས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཁུལ་གླིང་ཕན་ཚུན་སྦྲེལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་གདོད་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་གསར་དར་ཁྱབ་ཁོངས་སུ་རང་རྒྱལ་གྱིས་རིགས་པའི་གཞུང་ལུགས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། གསར་གཏོད་ཀྱི་མཐོ་ས་བཟུང་བ། ཐོན་ལས་ཀྱི་ལེགས་ཆ་གསར་པ་ཐོབ་པ་བཅས་བྱེད་དགོས། མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཁུལ་གླིང་ཕན་ཚུན་སྦྲེལ་བ་བེད་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུར་བདེ་འཇགས་དང་ཚོད་འཛིན་ཐུབ་པའི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། ཁུལ་གླིང་ཕན་ཚུན་སྦྲེལ་བའི་ཚད་ལྡན་ཅན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་སྐད་ཆ་ཤོད་དབང་དང་སྒྲིག་སྲོལ་གཏན་འབེབས་བྱེད་དབང་ཆེ་རུ་འགྲོ་བ་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་གསར་གཏོད་ཀྱི་འཁོར་འབྲེལ་དང་། བཀོལ་སྤྱོད་ཀྱི་འཁོར་འབྲེལ། རིན་ཐང་གི་འཁོར་འབྲེལ་བཅས་སྔར་བས་གཏོད་དགོས། ཁུལ་གླིང་ཕན་ཚུན་སྦྲེལ་བའི་ཐོན་ལས་སྣོད་བཅུད་བསྐྲུན་ནས་ཁུལ་གླིང་ཕན་ཚུན་སྦྲེལ་བ་དེ་མི་ཐབས་རིག་ནུས་དང་། གྲངས་གཞི་ཆེ་མོ། ཟོག་འབྲེལ་དྲ་བ་སོགས་ཆ་འཕྲིན་ལག་རྩལ་གསར་ཤོས་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ནས་འདུས་གྲུབ་གསར་གཏོད་དང་མཉམ་འདྲེས་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བྱེད་ཐབས་སྣ་མང་གི་ཐོག་ནས་མཐོ་རིམ་ཤེས་ལྡན་མི་སྣའི་གསོ་སྐྱོང་ལས་སྟེགས་བསྐྲུན་ཏེ་སྣེ་ཁྲིད་མི་སྣ་དང་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ཁག་གཅིག་སྐྱེད་སྲིང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་མཉམ་འདྲེས་དང་། ནུས་པ་རྒྱ་སྐྱེད། ཐོན་ལས་ཞིབ་དབྱེ་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལས་སྒོའི་བརྒྱུད་རིམ་བཟང་སྒྲིག གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ། མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བ། ཡིད་རྟོན་རུང་བའི་མ་ལག་བསྐྲུན་པ་སོགས་ལ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ནུས་པ་འདོན་སྤེལ་བྱེད་དགོས། ཁུལ་གླིང་ཕན་ཚུན་སྦྲེལ་བ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་འབྲིང་ཆུང་གི་དངུལ་བུན་དང་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། དངུལ་ཁང་གི་ཉེན་ཁ་ཚོད་འཛིན་བྱེད་དཀའ་བ། སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་སྤྱད་དེ་གྲངས་འཛིན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་གཏོད་འཚོལ་ཞིབ་བྱས་ནས་སྟབས་བདེ་ལ་ཕན་འབྲས་ཆེ་བ་དང་། གཞུང་དྲང་འགྲན་རྩོད། བརྟན་ལ་ཕྱི་གསལ་ནང་གསལ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་སྒུལ་ཤུགས་མཁོ་འདོན་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོལ་ལ་སྐུལ་འདེད་གཏོང་བ་དང་ལས་རིགས་ཁག་གི་དགོས་མཁོ་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་ཞབས་འདེགས་ཞུ་བ། སྒུལ་ནུས་གསར་རྙིང་འབྲེལ་མཐུད་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བཅས་བྱེད་དགོས། “ཁུལ་གླིང་ཕན་ཚུན་སྦྲེལ་བ+”དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་རྒྱུ་འཚོལ་ཞིབ་བྱེད་པ་དང་འབྲེལ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་དེ་སློབ་གསོ་དང་། ལས་ཞུགས། རྒན་གསོ། གནད་སྨིན་དབུལ་སྒྲོལ། སྨན་བཅོས་བདེ་ཐང་། ཚོང་ཟོག་རྫུས་མ་བཀག་འགོག བཟའ་བཅའི་བདེ་འཇགས། སྤྱི་ཕན། སྤྱི་ཚོགས་རོགས་སྐྱོབ་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་དམངས་མང་ཚོགས་ལ་དེ་བས་རིག་ནུས་དང་། དེ་བས་སྟབས་བདེ། དེ་བས་སྤུས་ལེགས་བཅས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་ལ་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁུལ་གླིང་ཕན་ཚུན་སྦྲེལ་བའི་བདེ་འཇགས་ཉེན་ཁར་ཞིབ་འཇུག་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་འགུལ་རྣམ་ལ་རྗེས་འདེད་དམ་ཟབ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་གྱི་ལམ་སྲོལ་དང་འཚམ་པའི་བདེ་འཇགས་འགན་སྲུང་མ་ལག་འཚོལ་ཞིབ་ཀྱིས་བཙུགས་ཏེ། ཁུལ་གླིང་ཕན་ཚུན་སྦྲེལ་རྒྱུ་གསར་སྤེལ་བྱེད་མཁན་དང་ལས་རིགས་གཉེར་སྐྱོང་བྱེད་མཁན་གྱི་ལས་རིགས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས། ཁྲིམས་བཞིན་དྲ་རྒྱ་བཅོས་སྒྲིག་བྱ་རྒྱུ་དེ་ཁུལ་གླིང་ཕན་ཚུན་སྦྲེལ་བའི་དོ་དམ་ཁྲོད་དོན་འཁྱོལ་བྱས་ཏེ་ཁུལ་གླིང་ཕན་ཚུན་སྦྲེལ་རྒྱུ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་དེའི་འགན་འཁུར་འགོ་ཁྲིད་བློ་མཐུན་ཚོས་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས་ལ་དོ་སྣང་བྱས་ཏེ། ཁུལ་གླིང་ཕན་ཚུན་སྦྲེལ་བའི་ལག་རྩལ་བེད་སྤྱོད་དང་དོ་དམ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་སོགས་ཐད་ཀྱི་ཁུལ་གླིང་ཕན་ཚུན་སྦྲེལ་བའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།