རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བྲིས། དཀོན་རྡོོར། བསྟན་འཛིན་ཉི་མས་པར་བླངས།
སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་ངོ་མཚར་བཀྲ་ཤིས་སྒོ་མང་ཞེས་བྱ་བའི་པར་ཁང་འདི་ནི་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་དང་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ངམ་སྡེ་དགེའི་བུ་རིན་པོ་ཆེ་མཆོག་གིས་རབ་བྱུང་བཅུ་གཉིས་པའི་ས་བྱ་སྤྱི་ལོ་1729ལོར་ཐོག་མར་བཞེངས་མགོ་བཙུགས་ཏེ། དེ་ནས་ས་སྐྱོང་ཀུན་དགའ་འཕྲིན་ལས་རྒྱ་མཚོའི་སྡེ་དང་། ས་སྐྱོང་བླ་མ་བློ་གྲོས་རྒྱ་མཚོ། སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོ་སོགས་མི་དབང་ཆོས་རྒྱལ་རིམ་པར་བྱོན་པ་རྣམས་དང་། གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་དང་། སྒ་སྟོན་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སོགས་དམ་པའི་སྐྱེས་ཆེན་རིམ་བྱོན་མང་པོས་བཅུ་ཕྲག་རིག་གནས་དང་འབྲེལ་བའི་པར་ཤིང་མང་པོ་བརྐོས་ཏེ་དེང་གི་དུས་ན་སྙན་གྲགས་ཀྱིས་འཛམ་གླིང་ལ་ཁྱབ་པ་ཞིག་བྱུང་།
པར་ཁང་འདི་ལས་དཔར་བའི་དཔེ་ཆ་དང་ལྷ་སྐུ་སོགས་ཀྱིས་བོད་ཁམས་ཙམ་དུ་མ་ཟད་འཛམ་གླིང་ཤར་ནུབ་གང་སར་ལ་ཁྱབ་པར་བྱུང་ཡོད། སྤྱི་ཚོགས་གསར་རྙིང་གི་དུས་ཀྱི་འཕོ་འགྱུར་ཆེན་མོའི་སྐབས་སུ་ཡང་པར་ཁང་གི་པར་ཤིང་ལ་ཉམས་ཆག་ཆེར་མ་སོང་བར་མ་ཟད། བསྟན་པ་ཡང་དར་གྱི་སྐབས་འདིར་པར་དཔོན་བཀྲ་ཤིས་རྡོ་རྗེས་གཙོས་པར་ཁང་གི་པར་དཔོན་རིམ་བྱུང་རྣམས་ཀྱིས་ཀྱང་པར་ཁང་དུ་རྟེན་གསུམ་གསར་བཞེངས་དང་། པར་ཤིང་གསར་བརྐོས་སོགས་ཀྱི་ཐད་ལ་མཛད་རྗེས་ཁྱད་འཕགས་མང་པོ་གནང་ཡོད། ལྷག་པར་དུ་སྤྱི་ལོ་2012ལོར་མཁར་མདོ་བ་ཚེ་དབང་བཀྲ་ཤིས་སམ་པར་དཔོན་ཚང་བཀྲ་ལགས་ཀྱིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་གཙོ་བོའི་ལས་འགན་བཞེས་ནས་བཟུང་ཤིང་པར་གསར་བརྐོས་ཀྱིས་མཚོན་པའི་མཛད་རྗེས་བཟང་པོ་གང་མང་ཞིག་གནང་ཡོད།
པར་ཤིང་རྙིང་པ་ཉམས་གསོ་ཁ་གསབ་དང་། དཀར་ཆག་གསར་བསྒྲིགས་བྱ་བ་རྒྱ་ཆེར་འབད།
ཐོག་མར་པར་དཔོན་ཚང་བཀྲ་ལགས་ཀྱིས་ལོ་གཅིག་ཙམ་གྱི་རིང་དུ་པར་ཁང་ཆེན་མོའི་ཕྱི་ནང་བར་གསུམ་ལ་ཉམས་ཆག་བྱུང་ཡོད་མེད་དང་། པར་ཁང་ལ་སླར་གསོ་དང་གསར་གཏོད་དགོས་མིན། མ་འོངས་པར་བྱ་བ་གནད་རྩ་གང་ཆེ་སོགས་ཀྱི་ཐད་ལ་བརྟག་དཔྱད་ནན་གཟབ་གནང་སྐབས། སྔར་པར་ཁང་གི་པར་ཤིང་ལྡེབ་གྲངས་སུམ་སྟོང་ལྷག་ཙམ་ཞིག་བྱི་བས་ཟོས་ནས་པར་ཤིང་ལ་ཉམས་ཆག་ཚབས་ཆེན་པོ་བྱུང་ཡོད་པ་གཟིགས་འཕྲལ་པར་ཤིང་ཉམས་པ་སླར་གསོ་དགོས་པའི་ཐུགས་སྣང་དྲག་པོ་བྱུང་ནས་སླར་གསོའི་ལས་མགོ་བརྩམས་ཏེ། སྤྱི་ལོ་2013ལོ་ནས་བཟུང་ལོ་ལྔའི་རིང་ལ་པར་བརྐོས་མི་གྲངས་བཞི་ཙམ་ཞིག་གིས་ད་བར་བྱི་བས་ཟོས་པའི་པར་ཤིང་2700ཙམ་ཉམས་གསོ་བྱས།
སྔར་སྤྱི་ལོ་2008ལོར་སྔ་འགྱུར་རྙིང་མའི་རྒྱུད་འབུམ་ཆེན་མོ་ཤིང་པར་དུ་གསར་དུ་བརྐོས་ཀྱང་བར་སྐབས་ཤིག་ནས་ཡོན་བདག་མཆོད་གཉིས་ཀྱི་བར་དུ་གླ་ཡོན་གྱིས་ཅུང་ཟད་མི་འགྲིག་པའི་གནས་ཚུལ་ཐོན་ཏེ་རེ་ཞིག་བརྐོ་རྒྱུ་ལུས་པ་ཁོང་གིས་སླར་ཡང་བརྐོ་མགོ་བཙུགས་ཏེ་རྙིང་རྒྱུད་པར་གྱི་མཇུག་ལེགས་པར་གྲུབ།
སྤྱི་ལོ་1989ལོ་ནས་བཟུང་དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་གི་རྒྱབ་སྐྱོར་འོག་སྡེ་དགེ་པར་ཁང་གི་དཀར་ཆག་ཞིབ་རྒྱས་སུ་བསྒྲིག་རྒྱུའི་མགོ་བརྩམས་ཡོད་པར། སྐུ་ཉིད་ཀྱིས་པར་ཁང་གི་སྐུ་ཚབ་ཞུས་ཏེ་དཀར་ཆག་སྒྲིག་པའི་དུས་ཡུན་ལོ་ངོ་བཞི་ཙམ་འགོར་བའི་རིང་དུ་ཁམས་ཕྱོགས་ཀྱི་མཁས་པ་མང་པོ་གདན་དྲངས་ནས་དཀར་ཆག་ལ་ཞིབ་འཇུག་དང་དཀར་ཆག་སྒྲིག་པའི་ལས་ཀར་ཞབས་ཞུ་གང་ཐུབ་ཞུས་ཏེ་ད་སྐབས་པར་ཁང་གི་དཀར་ཆག་ཞིབ་རྒྱས་སུ་བཀོད་པའི་དེབ་བརྒྱད་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
པར་ཁང་འཛུགས་སྐྲུན་རྒྱ་སྐྱེད་བཏང་བ་དང་། ཁོར་ར་ཁོར་ཡུག་ཇེ་ལེགས་ཇེ་རྒྱས་བཏང་།
སྤྱི་ལོ་2012ལོ་ནས་བཟུང་པར་ཁང་གི་ཁོར་ཡུག་རྒྱ་སྐྱེད་གཏོང་བའི་ལས་མགོ་བརྩམས་ཏེ། སྔར་པར་ཁང་གི་མདུན་ངོས་སྐོར་ལམ་ནང་ནས་རླངས་འཁོར་འགྲོ་སའི་ལམ་ཆེན་ཡོད་པ་དེ་ཆུ་ཕ་རིའི་རི་ཁུག་ཏུ་སྤོས་ནས་པར་ཁང་ལ་རླངས་འཁོར་གྱིས་ཉེས་སྐྱོན་མེད་པར་བྱས། སྔར་པར་ཁང་གི་སྐོར་ལམ་ནང་དུ་རྡོ་གཅལ་བཏིང་བ་ལ་ཟད་སྐྱོན་ཆེན་པོ་བྱུང་ནས་སྐོར་བ་འགྲོ་མི་རྣམས་ལ་འདྲེད་བརྡབ་ཁུར་བའི་གནས་ཚུལ་བྱུང་སྟབས་རྡོ་གཅལ་ངོས་ལ་གཟོང་རིས་བཏོད་ནས་སྐོར་ལམ་ནང་དུ་འགྲོ་འདུག་བདེ་བར་བྱས།
གསར་དུ་བརྐོས་པའི་བཀའ་འགྱུར་གྱི་པར་ཤིང་།
པར་ཁང་ཆོས་མཛོད་ཆེན་མོའི་ལྷ་ཁང་སོ་སོ་ན་ལྷ་བཟོ་མཁས་ཅན་སྤྲུལ་སྐུ་ཐུབ་བསྟན་གྱིས་བཅའ་བཟོ་མཛད་པའི་འདག་སྐུའི་རིགས་བཅུ་གསུམ་ཙམ་ལ་གསེར་ཕོན་ཆེན་ཕུལ་བ་དང་། བྱང་ཆུབ་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་གཉིས་སྔར་ནས་བཞེངས་ཡོད་ཀྱང་རྒྱུ་སྤུས་དེ་ཙམ་མི་ལེགས་པས་སྤྱི་ལོ་2017ལོར་མཆོད་རྟེན་གཉིས་ཀྱི་ཕྱི་ངོས་ཟངས་གསེར་གྱིས་གཡོགས་ཏེ་རྒྱུ་སྤུས་ཚད་ལྡན་དང་མཇལ་བས་ཡིད་སྤྲོ་བར་མཛད། པར་ཁང་གི་འདུ་ཁང་ནང་དུ་ཞལ་ཐང་གི་རིགས་ཡག་པོ་མི་བཞུགས་པར་བརྟེན་ལྷ་བཟོ་མཁས་ཅན་སྦྱིན་པ་ལ་སྟོན་པའི་མཛད་པ་དགུ་ཐང་ཐང་ལྡེབ་དགུ་ཅན་ལེགས་པ་ཞིག་འབྲི་རུ་བཅུག་སྟེ་པར་ཁང་གི་འདུ་ཁང་ཆེན་མོར་བཤམས་རྒྱུ་བྱས་ཡོད། ད་དུང་པར་ཁྲི་གསར་བཟོ་སོགས་ཀྱི་བྱ་བཞག་རླབས་ཆེན་སྤེལ།
པར་ཁང་གི་དཔེ་མཛོད་ཁང་།
སྤྱི་ལོ་2016ལོར་པར་ཁང་ཆེན་མོར་བདེ་འཇགས་སྲུང་སྐྱོབ་ཀྱི་གློག་མིག་བཙུགས་ནས་པར་ཁང་ཆེན་མོའི་ཕྱི་ནང་བར་གསུམ་ཚང་མ་རྒྱུན་དུ་འཆར་ཤེལ་གཅིག་གི་ངོས་སུ་མཐོང་ཐུབ་པ་བྱས་ཏེ། མི་གཅིག་ལ་བར་གསེང་མེད་པར་བསྲུང་དུ་བཅུག ། ཡང་ལོ་དེར་མཛེས་ཉམས་ལྟ་ན་སྡུག་པའི་པར་ཁང་ཆེན་མོའི་ཕྱི་ནང་གི་ཀ་བ་ཀ་གཞུ་གདུང་མ་ཕྱམ་སྤོ་ལུ་གབ་ཚང་མཆོད་བརྩེགས་གནམ་གཅལ་སོགས་ཀྱི་ཚོན་རྩི་རི་མོ་རྣམས་ཡལ་ནས་མཛེས་སྡུག་ཅུང་མེད་པར་གྱུར་པ་ན་སྔ་ལུགས་མ་ཉམས་པའི་ཚོན་རྩི་གསར་དུ་བཏང་བ་དང་། གཙུག་ལག་ཁང་སྟེང་གི་རྨ་བྱ་ཆོས་འཁོར་དང་རྒྱལ་མཚན་ལ་ཡང་བསྐྱར་དུ་གསེར་ཕུལ་བ་སོགས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་དད་ལྡན་པ་རྣམས་ཀྱི་མིག་སྔར་པར་ཁང་བཀྲ་ལམ་མེར་བྱུང་བར་མ་ཟད། གཙུག་ལག་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་འགྲུབ་སྟེང་ཞེས་བྱ་བ་འདིའང་སྔར་ལས་མཛེས་བརྗིད་ཆགས་པ་ཞིག་བྱུང་ཡོད།
པར་ཁང་དོ་དམ་ལས་ལ་ཤུགས་ཀྱིས་བརྩོན། ཉེན་མེད་བདེ་འཇགས་ཁོར་ཡུག་གསར་དུ་བསྐྲུན།
སྤྱི་ལོ་2018ལོར་དྲོད་ཚད་མཐོན་པོར་སླེབས་དུས་མེ་སྐྱོན་ཡོང་བའི་ཉེན་ཁ་ཡོད་སྟབས་མེ་སྐྱོན་སྔོན་འགོག་གི་ཆེད་དུ་དྲོད་ཚད་མཐོན་པོར་གྱུར་དུས་གློག་གིས་སྔོན་བརྡ་གཏོང་བའི་འཕྲུལ་ཆས་བཙུགས་ཏེ་པར་ཁང་གི་མེ་འགོག་ལ་དོ་དམ་ནན་མོ་བྱས་ཡོད། གཞན་ཡང་པར་ཁང་ཆེན་མོར་སྲུང་འཁོར་དང་བརྩེགས་འཁོར་ཇོ་པར་འཕྲེད་པར་ཀླུང་རྟ་སོགས་ཀྱི་པར་ཤིང་ཤིན་ཏུ་མང་བ་ཞིག་བཞུགས་ཀྱང་ད་སྔར་ལོ་མང་རིང་ལ་སུས་ཀྱང་ལྟ་རྟོག་ཙམ་ཡང་བྱེད་རྒྱུ་མ་བྱུང་བར་ལུས་ནས་ཡོད་པ་ལ་ཚང་བཀྲ་དང་པར་ཁང་གི་མགོ་གཙོ་གཞོན་པ་འགྱུར་མེད་དབང་མོ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་པ་དང་། དགེ་རྒན་ཁ་ཤས་ཀྱིས་མ་བསྐུལ་དང་བླང་གིས་ཟླ་བ་གཅིག་ལྷག་གི་རིང་ལ་ལས་རོགས་བྱས་ཏེ་རྗེས་མར་པར་འཁྲུགས་མི་ཡོང་བ་དང་། པར་ཤིང་ཉར་ཚག་བྱེད་སླ་བ། པར་འཐོར་བརླགས་མི་འགྲོ་བ། པར་འདེབས་ཀྱིས་པར་འཚོལ་བདེ་བ་སོགས་ལ་བསམས་ནས་པར་ཁང་གི་སྟེང་ཤོད་ཅི་རིགས་ན་ཁ་འཐོར་ནས་ཡོད་པའི་པར་ཤིང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ལྷ་པར་སྲུང་འཁོར་བརྩེགས་འཁོར་ཇོ་པར་འཕྲེད་པར་ཀླུང་པར་སོགས་སྡེ་ཚན་སོ་སོར་ཕྱེས། རིགས་མཐུན་གཅིག་ཏུ་བསྡེབས། ཆེ་ཆུང་མཐུན་པར་བསྒྲིགས། པར་ཤིང་ཡོངས་རྫོགས་ལ་མཚན་བྱང་དང་ཨང་རིམ་བཀོད།
སྡེ་དགེའི་པར་ཁང་ནི་འཛམ་གླིང་ན་སྙན་གྲགས་འབར་བའི་པར་ཁང་ཞིག་ཡིན་པས་ནམ་རྒྱུན་ཕྱོགས་ཡོངས་ནས་ཡུལ་སྐོར་བ་དང་མཇལ་སྐོར་བྱེད་མཁན་ཤིན་ཏུ་མང་བ་ཞིག་རྒྱུན་ཆད་མེད་པར་ཡོད་པ་ལ་དམིགས་ནས་པར་ཁང་ཆེན་མོའི་སྟེང་ཤོད་ཕྱི་ནང་བར་གསུམ་བཅས་ལ་ལས་རིམ་དུ་ཡོད་དང་། པར་ཁང་ཅི་བཞུགས། ཁང་མིག་རེ་རེའི་ནང་དུ་པར་ཤིང་གི་གྲངས་ཅི་བཞུགས། དེ་རེ་རེ་ལ་རྒྱ་ཁྱོན་ཅི་ཡོད། སྤྱི་ཚོགས་གསར་རྙིང་གི་དུས་ཀྱི་འགྱུར་ལྡོག་རིམ་བྱུང་སྐབས་སུ་མ་འཇིག་ལུས་ཚུལ་སོགས་རྒྱ་ཆེའི་གཟིགས་མོ་བ་རྣམ་པའི་སྤྱན་ལམ་དུ་ལོ་ཙཱ་བ་མི་དགོས་པར་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཀྱི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་པའི་ལོ་རྒྱུས་གློག་སྒམ་དང་། ངོ་སྤྲོད་རྣ་ཉན་གྱི་སྒྲ་སྒམ་ཡང་བཟོས་ཡོད།
སྔོན་མེད་པར་ཤིང་མང་དག་གསར་བརྐོས་དང་།
པར་ཁང་བྱ་བཞག་མཐའ་དག་ཇེ་རྒྱས་བཏང་།
ཡང་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོའི་འོག་སྔར་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཞེངས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་རྙིང་པ་ལ་ཟད་སྐྱོན་ཐེབས་བཞིན་ཡོད་སྟབས་སྤྱི་ལོ་2014ལོ་ནས་དབུ་བཙུགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་གཉིས་པ་གསར་དུ་བརྐོ་བཞིན་ཡོད་པ་ལ་ཡང་ཞབས་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་བཞིན་ཡོད། ཡང་སྤྱི་ལོ་2017ལོར་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་སུམ་ཕབ་ཀྱི་པར་ཤིང་ཁྱད་འཕགས་ཤིག་སྔར་ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་བཅུ་པ་དང་ཁྲི་རབས་བཞི་པ་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པའི་དུས་བཞེངས་པ་ཟད་སྐྱོན་གྱིས་རྩ་བ་ཆད་ལ་ཉེ་བའི་ཉེན་ཁ་ཡོད་སྟབས་བརྒྱད་སྟོང་སུམ་ཕབས་ཀྱི་པར་ཤིང་གསར་པ་ཞིག་བརྐོ་རྒྱུའི་དབུ་བཙུགས་ཏེ་སྐུ་ཚེའི་པར་རྐོས་མི་གྲངས་ཉི་ཤུ་ལྷག་ཙམ་གྱིས་ལོ་གཅིག་གི་རིང་ལ་མཇུག་ལེགས་པར་གྲུབ་པར་མཛད།
པར་ཁང་གི་ད་ལྟའི་གཙོ་དཔོན་གྱིས་ལས་ཀར་རྟོག་ཞིབ་གནང་བཞིན་པ།
གཞན་ཡང་པར་དཔོན་ཚང་བཀྲ་གཙོས་པའི་པར་ཁང་གི་ལས་བཟོ་བ་ཡོངས་ཀྱི་འབད་བརྩོན་འོག །པར་ཁང་ཆེན་མོར་སྐུ་རྟེན་ཞལ་ཐང་གི་རིགས་ཤིང་པར་གསར་དུ་བརྐོས་པ་ལ། བདེ་ཆེན་ཞིང་བཀོད་ཀྱི་ཐང་ལྡེབ་ཆེ་བ་གཅིག འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཐང་ལྡེབ་ཆེ་བ་གཅིག། རྗེ་བཙུན་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ཐང་ལྡེབ་ཤིན་ཏུ་ཆེ་བ་གཅིག ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་ཐང་ལྡེབ་འབྲིང་བ་གཅིག །
བཀྲ་ཤིས་བརྒྱད་པ་ཐང་ལྡེབ་ཆེ་བ་གཅིག བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཐང་ལྡེབ་འབྲིང་བ་གཅིག །བསྐང་རྫས་ཐང་ལྡེབ་འབྲིང་བ་གཉིས། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐང་ལྡེབ་འབྲིང་བ་གཅིག །བཀའ་བརྒྱད་དགུ་ཐང་ལ་ཐང་ལྡེབ་ཤིན་ཏུ་ཆེ་བ་དགུ །གུ་རུ་རྗེ་འབངས་ཉེར་ལྔའི་ཐང་ལྡེབ་ཤིན་ཏུ་ཆེ་བ་གཅིག །རྗེ་གཟིགས་པ་ལྔ་ལྡན་ཐང་ལྡེབ་ཆེ་བ་གཅིག ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཐང་ལྡེབ་འབྲིང་བ་གཉིས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཐང་ལྡེབ་འབྲིང་བ་གཅིག །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཐང་ལྡེབ་འབྲིང་བ་གཅིག ། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་ཐང་ལྡེབ་འབྲིང་བ་གཅིག ། ཁམས་བརྐོས་ཀྱི་སྲོལ་འབྱེད་སྐུ་ཚེ་ཡི་རང་བརྐོས་ལྷ་ཀླུ་དགྱེས་ཀྱི་ཐང་ལྡེབ་འབྲིང་བ་གཅིག །སྡེ་བྲིས་གསར་མའི་སྲོལ་འབྱེད་པ་སྐུ་ཚེ་གྲོང་ཉིན་ཀརྨ་ཚེ་དཔལ་གྱི་ཐང་ལྡེབ་འབྲིང་བ་གཅིག ། དབང་ཐང་རྒྱལ་མོ་ཐང་ལྡེབ་འབྲིང་བ་གཅིག་བཅས་སྡོམ་ཐང་ལྡེབ་27གསར་དུ་བརྐོ་བར་མཛད།
གསུང་རྟེན་དཔེ་ཆའི་རིགས་ཤིང་པར་དུ་གསར་དུ་བརྐོས་པ་ལ་ལྡེབ་རིང་ལྡེབ་འབྲིང་ལྡེབ་ཐུང་མ་གསུམ་ལས། ལྡེབ་རིང་མདའ་ཚད་མའི་སྐོར་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་པར་ལྡེབ་གྲངས་287 འཇམ་དཔལ་ལྟ་བའི་འདོད་པ་མདོར་བསྟན་པའི་མདོ་ལ་ལྡེབ་གྲངས་34 བོན་གྱི་སྟོན་པ་གཤེན་རབ་ཀྱི་གསུང་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་ལྡེབ་གྲངས་459 ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའ་ཡི་ཐང་ཡིག་ལ་ལྡེབ་གྲངས་220 སྙིང་པོའི་མདོའི་ཊིཀྐའི་སྙིང་པོ་རབ་གསལ་མེ་ལོང་ལ་ལྡེབ་གྲངས་44 ལྡེབ་འབྲིང་མའི་སྐོར་ལ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལ་ལྡེབ་གྲངས་91 ལྡེབ་ཐུང་མའི་སྐོར་ལ། གསེར་འོད་གཡང་སྐྱབས་ལ་ལྡེབ་གྲངས་25 རྒྱ་ནག་པོའི་ཀག་བཟློག་ཅེས་བྱ་བ་ལ་ལྡེབ་གྲངས་11 དཔལ་རྡོ་རྗེ་ནག་པོ་ཆེན་པོའི་གཏོར་ཆོག་དང་བསྐང་གསོ་ལ་ལྡེབ་གྲངས་112 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་སྨོན་ལམ་རྣམ་ལྔ་ལ་ལྡེབ་གྲངས།28 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལ་ལྡེབ་གྲངས་སོགས་པར་ཤར་1300ལྷག་ཡོད།
པར་ཁང་གི་སོ་ལྟ་ཁང་།
གཟུངས་པར་གྱི་རིགས་གསར་དུ་བརྐོས་པ་ལ། གསར་གཟུངས་དང་རྙིང་གཟུངས་གཉིས་ལ་པར་ལྡེབ་203 གཙུག་ཏོར་རྣམ་རྒྱལ་མའི་གཟུངས་ལ་པར་ལྡེབ་གཉིས། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་པར་ལྡེབ་གཉིས། གཟུངས་ཆེན་སྡེ་ལྔ་ལ་པར་ལྡེབ་གཉིས། དྲི་མེད་འོད་ཟེར་གྱི་ཚ་གཟུངས་ལ་པར་ལྡེབ་གཅིག །དབྱངས་གསལ་པར་ལྡེབ་གཅིག །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ལ་པར་ལྡེབ་གཅིག འབྱུང་པོ་འདུལ་བྱེད་ཀྱི་གཟུངས་པར་ལྡེབ་གཅིག །རྗེ་བཙུན་སྒྲོལ་མའི་གཟུངས་པར་ལྡེབ་གཅིག །ཚེ་དཔག་མེད་ཀྱི་གཟུངས་པར་ལྡེབ་གཅིག །མགོན་པོ་འོད་དཔག་མེད་ཀྱི་གཟུངས་པར་ལྡེབ་གཅིག མགོན་པོ་མི་འཁྲུགས་པའི་གཟུངས་པར་ལྡེབ་གཅིག །སངས་རྒྱས་སྨན་གྱི་བླ་མའི་གཟུངས་པར་ལྡེབ་གཅིག འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་པར་ལྡེབ་གཅིག །རྡོ་རྗེ་སེམས་དཔའི་གཟུངས་པར་ལྡེབ་གཅིག རྒྱལ་སྲིད་སྣ་བདུན་གཟུངས་པར་ལྡེབ་གཅིག །ཤཱཀྱ་ཐུབ་པའི་གཟུངས་པར་ལྡེབ་གཅིག །ཤཱཀྱ་ཐུབ་པའི་གཟུངས་པར་ལྡེབ་གཅིག །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་པར་ལྡེབ་གཅིག །རྒྱལ་བ་བྱམས་པའི་གཟུངས་སྐོར་ལ་པར་ཤར་བརྒྱད། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་གཟུངས་པར་ལྡེབ་གཅིག །གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་གཟུངས་པར་ཤར་གཉིས། མཆོག་གླིང་ལུགས་ཀྱི་གེ་སར་གཟུངས་པར་ཤར་གཅིག སྲི་བཟློག་ཙཀྲ་བཅུ་གསུམ་གྱི་གཟུངས་པར་ཤར་གཉིས། སྲི་བཟློག་གི་གཟུངས་པར་ལྡེབ་གཅིག་རིག་འཛིན་འདས་རྗེས་ཀྱི་གཟུངས་པར་ཤར་གསུམ། བསྟན་པ་བུ་གཅིག་གི་གཟུངས་པར་ཤར་དྲུག །བཏགས་གྲོལ་ཆིག་ཐུབ་ཀྱི་གཟུངས་ལ་པར་ཤར་བཅུ་གཅིག་བཅས་པར་ཤར་300ཙམ་བརྐོ་བར་མཛད།
ཡུལ་སྐོར་བས་པར་འདེབས་ལག་རྩལ་ལ་ལྟ་སྐོར་བྱེད་བཞིན་པ།
ཐུགས་རྟེན་འཁོར་ལོའི་རིགས་ཤིང་པར་དུ་གསར་དུ་བརྐོས་པ་ལ། གཙུག་ཏོར་གདུགས་དཀར་མོའི་འཁོར་ལོ་ཆེ་ཆུང་གཉིས། འཕགས་མ་སོ་སོར་འབྲང་མའི་འཁོར་ལོ་གཅིག །འཕགས་པ་ཐུགས་རྗེ་ཆེན་པོའི་བཏགས་གྲོལ་ཆུང་བ་གཅིག །གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྲོག་འཁོར་ཆུང་བ་གཅིག །བཏགས་གྲོལ་ཐིག་བརྒྱ་མ་ཆེ་བ་གཅིག །བཏགས་གྲོལ་ཐིག་བརྒྱ་མ་ཆུང་བ་གཅིག །སྲི་བཟློག་འཁོར་ལོ་ཆུང་བ་གཅིག བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་འབྲིང་བ་གཅིག བྱ་ཁྱུང་གི་འཁོར་ལོ་གཅིག བཀྲ་ཤིས་གཏེར་བུམ་གྱི་གདུགས་ཀྱི་འཁོར་ལོ་གཅིག །གསེར་ཉའི་འཁོར་ལོ་གཅིག །བུམ་པའི་འཁོར་ལོ་གཅིག །པདྨའི་འཁོར་ལོ་གཅིག །དུང་གི་འཁོར་ལོ་གཅིག དཔལ་བེའུའི་འཁོར་ལོ་གཅིག །རྒྱལ་མཚན་གྱི་འཁོར་ལོ་གཅིག །འཁོར་ལོའི་འཁོར་ལོ་བཅས་འཁོར་ལོ་བརྒྱད་དང་། བཀྲ་ཤིས་གཏེར་བུམ་གྱི་འབྱུང་བཞིའི་འཁོར་ལོ། བཀྲ་ཤིས་གཏེར་བུམ་གྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་བཅས་འཁོར་ལོའི་རིགས་20ཙམ་གསར་དུ་བརྐོ་བར་མཛད་དོ། །
མ་འོངས་སྡེ་དགེའི་པར་ཁང་གི་གཟི་འོད་དེ།འཛམ་གླིང་ཧྲིལ་པོའི་ཁྱོན་དུ་འཕྲོ་བར་ངེས།
མ་འོངས་པའི་དུས་སུ། གཅིག་ནས་པར་ཤིང་རྙིང་པ་ལ་སྲུང་སྐྱོབས་ཤུགས་སྣོན་བྱ་བ་དང་། བརྒྱད་སྟོང་སུམ་ཕབ་དང་། བཀའ་འགྱུར་པར་ཤིང་སོགས་རིན་ཐང་ཆེ་ལ་་ཟད་ཆེ་བ་པར་ཤིང་རྙིང་པ་རྣམས་རིམ་བཞིན་པར་མི་འདེབས་ནས་སྲུང་སྐྱོབས་བྱ་རྒྱུ། པར་ཤིང་རྙིང་པའི་ཚབ་ཏུ་པར་པར་ཤིང་གསར་པ་བརྐོས་པ་རྣམས་ཀྱང་ཚོད་འཛིན་ངེས་ཅན་བྱེད་ནས་གང་མོས་མི་པར་རྒྱུ། པར་ཁང་ནང་དུ་སྔོན་མེད་རིན་ཐང་ལྡན་པའི་བཀའ་བརྒྱད་དགུ་ཐང་དང་། གུ་རུ་རྗེ་འབངས་ཉེར་ལྔ། རྗེ་གཟིགས་པ་ལྔ་ལྡན། བཀྲ་ཤིས་བརྒྱད་པ། རིག་པའི་གནས་བཅུའི་བརྒྱུད་པའི་ཐང་ཀ་བཅས་པར་གསར་དུ་བརྐོ་རྒྱུ། གཉིས་ནས་པར་ཤིང་རྙིང་པ་ལ་རིམ་བཞིན་སྲུང་སྐྱོབ་བྱས་ཏེ། པར་ཤིང་གས་སྐྱོན་དང་ཉམས་ཆགས་མི་འགྲོ་བའི་ཆེད་དུ་པར་ཤིང་མི་ཉུང་བ་ཞིག་བཀྲུ་ནས་སྣུམ་བྱུག་བྱ་རྒྱུའི་འཆར་གཞི་དང་། ལོ་ལྔའི་ནང་པར་ཤིང་ལ་ཁྱོན་ཡོངས་ནས་སྣུམ་བྱུག་ཐེངས་གཅིག་བྱ་རྒྱུ། གསུམ་ནས་ཉམས་གསོ་འཛུགས་སྐྲུན་བྱ་བའི་ཐད་ལ། ཁང་སྟེང་ལ་ཨ་སྒར་བསྐྱར་རྡུང་དང་། རཏྣ་ཁང་དང་། བསྟན་འགྱུར་ཁང་ལ་ཤིང་ཚོན་རི་མོ་དང་གྱང་ངོས་ལ་པར་ཁང་མཚོན་བྱེད་ལོ་རྒྱུས་རི་མོ་གསར་དུ་འབྲི་རྒྱུ། བཞི་ནས་པར་ཤིང་ལ་ཞུ་དག་དང་ལེགས་སྒྲིག་བྱས་ནས་གྲངས་ཀ་ཡང་དུ་གཏན་འབེབས་དང་། རྗེས་མ་ཤེས་ཡོན་ཅན་གྱི་མི་སྣ་ཆེད་གཏད་གདན་དྲངས་ནས་པར་ཁང་ནང་གི་པར་ཤིང་ནང་དོན་ལ་དབྱེ་ཞིབ་དང་ནང་དོན་ཡིག་བསྒྱུར། ཁ་སྣོན། ཞིབ་འཇུག །དཀར་ཆག །པར་ཤིང་ནང་དོན་གསལ་པོར་ཡོང་བའི་བྱ་བ་བསྒྲུབ་རྒྱུ། ལྔ་ནས་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་བཏང་ནས་གོང་རིམ་རིག་དངོས་སྡེ་ཁག་དང་འབྲེལ་བ་དམ་པོའི་ངང་ཕན་ཚུན་ཉམས་མྱོང་བརྗེ་ལེན་དང་འབྲེལ་འདྲིས་དམ་ཟབ། སྲུང་སྐྱོབ་དང་། ཉམས་གསོ་ཨང་དང་པོར་བརྩི་བ་དང་། ཚད་མཐུན་བེད་སྤྱོད་དང་ དོ་དམ་ལ་ཤུགས་སྣོན་བཅས་བྱས་ནས་རིག་དངོས་སྲུང་སྐྱོབ་དང་རྒྱུད་འཛིན་ཐད་ཀྱི་ལས་དོན་ལ་སྔར་ལྷག་གིས་ནུས་འདོན་རྒྱུ་བཅས་སོ།།