རྔ་བ་ཁུལ་ཧུང་ཡོན་གནམ་གྲུ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་ཁོངས་སུ་ཡོད་ལ། རྔ་བ་ཁུལ་གྱི་སྲིད་འཛིན་ལྟེ་གནས་འབར་ཁམས་གྲོང་ཁྱེར་ནས་སྤྱི་ལེ་128གྱི་མཚམས་དང་ཧུང་ཡོན་རྫོང་མཁར་ནས་སྤྱི་ལེ་48ཀྱི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི་3535ཡོད་པས་མཐོ་སྒང་གི་གནམ་གྲུ་ཐང་ཤིག་ཡིན།
2014ལོའི་ཟླ་8ཚེས་28ཉིན། ཧུང་ཡོན་གནམ་གྲུ་ཐང་གི་གནམ་གྲུ་དངོས་སུ་ཤར་གཏོང་བྱས། འདི་ནི་རྒྱལ་ནང་གི་ལྗོངས་སྐོར་ལམ་ཐིག་གཙོ་བོར་བཟུང་པའི་མཁའ་ལམ་ཡིན་ཞིང་། དེ་ནི་གཟི་གསེར་གནམ་གྲུ་ཐང་རྗེས་ཀྱི་རྔ་བ་ཁུལ་གྱི་གནམ་གྲུ་ཐང་གཉིས་པ་དེ་ཡང་ཡིན། དེ་ཡང་གནམ་གྲུ་ཤར་གཏོང་བྱས་པ་ནས་བཟུང་སྟེ། རྨ་ཆུའི་དགུ་ཁུག་དང་པོ་དང་ཏ་ཁོག་འཁྱག་རོམ། ཧུང་ཡོན་རྩྭ་ཐང་ཆེན་མོ། གཉན་པོ་གཡུ་རྩེ་སོགས་གསར་སྤེལ་ནུས་ལྡན་བྱུང་མེད་པའི་ཡུལ་སྐོར་ཐོན་ཁུངས་མང་པོ་དང་འབྲེལ་ནས། ཧུང་ཡོན་གནམ་གྲུ་ཐང་གི་ཡུལ་སྐོར་དཔལ་འབྱོར་ཁུལ་གྱི་རིག་གནས་ཉམས་ལེན་དང་སྤྲོ་གསེང་རྣམ་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་པ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་དང་སྒེར་འཁོར་གཏོང་བའི་ཡུལ་སྐོར་ལམ་ཐིག་གསར་སྐྲུན་བྱས་ཤིང་། ས་ཁོངས་ཐོན་ཁུངས་ལེགས་སྒྲིག་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། སྤྱི་ཚོགས་མཉམ་སྐྲུན་མཉམ་སྤྱོད་བཅས་མངོན་འགྱུར་བྱུང་བ་དང་། ཡུལ་སྐོར་ལས་རིགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཕན་ནུས་གལ་ཆེན་ཐོན་དང་འདོན་བཞིན་ཡོད།
མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ནས་ཁོངས་ཡོངས་ཡུལ་སྐོར་དུ་བསྒྱུར་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད། 2018ལོར། ཧུང་ཡོན་གནམ་གྲུ་ཐང་དུ་ཐེངས་དང་པོ་ལོ་ཧྲིལ་པོར་འཁོར་རྒྱུག་བྱེད་པ་མངོན་འགྱུར་བྱུང་ཞིང་། སྤྱི་ཚོགས་ཀྱི་ཚུར་སྣང་ཅུང་བཟང་པ་དང་མགྲོན་པོའི་ཞུགས་ཚད་77%ཟིན་ཡོད་པས། རང་འགུལ་ངང་གནམ་གྲུ་ཐང་ཁྲོམ་རའི་བྱེད་པོ་ཡིན་པའི་ནུས་པ་འདོན་སྤེལ་བྱས། ད་ལོའི་དགུན་ཁ་དང་དཔྱིད་ཀ་ཧུང་ཡོན་གནམ་གྲུ་ཐང་སྔར་བཞིན་གནམ་གྲུ་གཏོང་རྒྱུ་དང་ལོ་ཧྲིལ་པོར་འཕུར་མཚམས་མི་ཆད་པས། རང་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་སེར་འགྲོ་འོང་དང་མཇལ་སྐོར་སོགས་ལ་ཡང་ཕན་པ་ཆེ།
ཧུང་ཡོན་གནམ་གྲུ་ཐང་གིས་མཁའ་ལམ་གཅིག་རྗེས་གཉིས་མཐུད་དུ་ཕྱེས་པར་བསྟུན་ནས། སྒྲིག་བཀོད་ཀྱང་མུ་མཐུད་དུ་འཐུས་ཚང་བཏང་ཞིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ཇེ་མང་ནས་ཇེ་མང་དང་། སྣེ་ལེན་ནུས་པ་རྒྱུན་མཐུད་ངང་མཐོ་རུ་ཕྱིན། ཧུང་ཡོན་གནམ་གྲུ་ཐང་ནི་རྔ་བ་ཁུལ་གྱི་ཡུལ་སྐོར་ཡན་ལག་གནམ་གྲུ་ཐང་ཞིག་ཡིན་པའི་ཆ་ནས། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་དང་ཁོངས་ཡོངས་ཡུལ་སྐོར་འཛུགས་སྐྲུན་དང་། ས་ཁོངས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་རྣམ་གྲངས་གསར་སྤེལ་བཅས་སྐུལ་འདེད་གཏོང་བ་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད།
དུས་ཚོད་སྙོམས་སྒྲིག་གང་ལེགས་བྱས་མཐར། 2018ལོའི་ཟླ་10ཚེས་27ཉིན་ནས་བཟུང་། ཧུང་ཡོན་གནམ་གྲུ་ཐང་གིས་དམངས་སྤྱོད་མཁའ་འགྲུལ་གྱི་དགུན་དཔྱིད་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།
ཧུང་ཡོན་གནམ་གྲུ་ཐང་གི་ 2018ལོའི་ཟླ་10ཚེས་27ནས་ 2020ལོའི་ཟླ་3ཚེས་29ཉིན་བར་གྱི་གནམ་གྲུ་འཕུར་དུས་རེའུ་མིག
གནམ་གྲུ་འཕུར་དུས། གཟའ་མིག་དམར། གཟའ་ཕུར་བུ། གཟའ་སྤེན་པ།
གནམ་གྲུའི་ཨང་རྟགས། CA4025/CA4026
ཁྲེང་ཏུའུ་ནས་ཧུང་ཡོན། 10:15—11:35
ཧུང་ཡོན་ནས་ལྷ་ས། 12:25—14:55
ལྷ་ས་ནས་ཧུང་ཡོན། 15:15—17:15
ཧུང་ཡོན་ནས་ཁྲེང་ཏུའུ། 18:05—19:05(གཟའ་མིག་དམར)
19:15—20:25(གཟའ་ཕུར་བུ་དང་གཟའ་སྤེན་པ)