༡ བོད་ལུགས་སྨན་སྒྲོ།
བོད་སྔ་རབས་སུ་གསོ་རིག་གཤག་བཅོས་ཀྱི་ལག་རྩལ་དར་ཞིང་། དེ་མཚུངས་ཀྱི་གཤག་བཅོས་ལག་ཆས་ཡོད་ཀྱང་། དེང་དུས་མེ་བུམ་དང་། མེ་བཙའ་འཇོག་བྱེད། གཏར་གྲི་ཙམ་ལས་བེད་སྤྱོད་མཁན་ཉུང་མོད། བོད་ལུགས་གསོ་རིག་གི་སྨན་འཇོག་སྣོད་སྨན་སྒྲོ་ནི་རྒྱུ་དང་བཟོ་ཐབས་ཁྱད་པར་ཅན་ལ་སྨན་རྫས་ཡུན་དུ་ལྡུག་ཀྱང་དྲི་མ་མི་འཆོར། ནུས་པ་མི་ཉམས་པར་མ་ཟད་ཕྱིན་དྲུག་དང་། སྨན་གྱི་རྒྱུ་བཞི་ཆ་ལག་དང་བཅས་པ་མཚོན་པས་བོད་ཀྱི་རིག་གནས་ལག་ཤེས་དང་བཅས་པའི་ཤེས་བྱ་དུ་མ་འདུས་པའི་བཟོའི་དངོས་པོ་ཞིག་ཡིན་ཕྱིར། སྨན་ཆེན་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་སྒྲོའི་བཟོ་ཐབས་ཙམ་བཀོད་པ་ནི། རྒྱུད་དང་མན་ངག་གསང་ཚིག་ལས། །སྨན་སྒྲོའི་རྒྱུ་ཡི་དབྱེ་བ་ནི། ། སྟག་གཟིག་དོམ་དྲེད་གུང་སོགས་རབ། ། གྲུམ་དང་རྒྱ་གོར་ར་རྒོད་འབྲིང་། ། ཏིང་ལོ་འཕྱི་བ་ཐ་མར་བཤད། ། དེ་དག་རྒྱུ་བཅའ་མ་གྲུབ་ཚེ། །སྨན་གྱི་ཕྱི་སྣོད་མི་བཏུབ་པས། ། ཆུ་དར་སྣལ་མ་དགུ་རིམ་དུ། །བྱས་ཀྱང་སྨན་ཡལ་བཅུད་མི་ཐུབ། ། དེ་བས་གཅན་གཟན་གྲྭ་སྤུ་གཅེས། །ཕྱི་གྲྭ་མ་ཉམས་སྨན་མི་བརྫི། །སྦུབས་གྲྭ་མ་ཉམས་སྨན་མི་རྒོག །ཀླད་སྲང་མ་ཉམས་དྲི་མི་འཆོར། ། དེ་ལྟར་རྒྱུ་བཅའ་མཉེ་ལེགས་པར། །རང་རང་ཤེས་རབ་རིགས་བརྒྱུད་དང་། །དཔག་སྟེ་བཟོ་ལུགས་འདི་ལྟར་བྱ། ། སྨན་སྒྲོ་ཁྲུ་གང་བྱས་པ་དེ། །རིགས་བརྒྱུད་སྨན་པ་ཡིན་པའི་རྟགས། །ཁ་ཧེལ་ཁྲུ་གང་བྱས་པ་དེ། །ཡོན་མཆོད་རྟེན་འབྲེལ་འགྲིག་པའི་རྟགས། །མགོ་ལྤགས་ཞབས་རྒྱ་བྱས་པ་དེ། །ཀུན་གྱི་སྤྱི་བོར་ཁུར་བའི་བརྡ། །འདི་ལ་ལུང་བཞི་བཏགས་པ་དེ། །རྒྱུད་བཞི་ཁོང་དུ་ཆུད་པའི་བརྡ། ། ཕྲན་ཚར་བཅོ་བརྒྱད་བཏགས་པ་དེ། །ཆ་ལག་བཅོ་བརྒྱད་ཤེས་པའི་བརྡ། །གྱེན་ལ་སྦུ་གུ་འཐེན་པ་འདི། །འབྲེལ་ཚད་མཐོ་རིས་འདྲེན་པའི་རྟགས།།སག་རི་སྔོ་དམར་སྐེད་དཀྲིས་འདི། །པུ་ཏི་སྐེ་རགས་བཅིངས་འདྲའི་བརྡ། ། དར་ཚོན་སྣ་ལྔ་བཏགས་པ་དེ། །ཉོན་མོངས་དུག་ལྔ་འཇོམས་པའི་རྟགས། །ཕུར་མ་སྣ་ཚོགས་བཀྲ་བ་དེ། །ཀུན་གྱིས་འགྲན་ཟླ་བྲལ་བའི་བརྡ། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོག་པའི་རྟགས། །ལུང་བཞི་ཧེལ་གེ་བྱས་པ་དེ། །སྨན་པ་གཤིས་རྒྱུད་འཇམ་པའི་རྟགས། ། ལུང་བཞི་སོར་གསུམ་བྱས་པ་དེ། །དུག་གསུམ་ཉེས་གསུམ་འཇོམས་པའི་བརྡ། །སྤྲེལ་ལུང་ཟུང་ཆབ་བརྡབ་པ་དེ། །ཐབས་ཤེས་ཟུང་དུ་འཇུག་པའི་རྟགས། །ཆབ་ལུང་སོར་དྲུག་བྱས་པ་དེ། །སྨན་པའི་རྒྱུ་དྲུག་ཚང་བའི་རྟགས། །ཆབ་མ་ཁྲུ་གང་བྱས་པ་དེ། །ཀུན་དང་མཐུན་པར་འཇུག་པའི་རྟགས། །ཁ་གཉིས་གཅིག་སྒྲིལ་བསྡམས་པ་དེ། །ཆོས་ཀུན་གཅིག་འདུས་དོན་ཤེས་རྟགས། ། ཁ་ཐིག་དར་སྐུད་གྲུ་གསུམ་བྱས། །ཆོས་སྐུ་སྐྱེ་མེད་མཚོན་པ་ཡིན། །དེ་འདྲ་ཟུང་ལྡན་ཁྲུ་ཚད་དྲུག ། ཕ་རོལ་ཕྱིན་དྲུག་སྤྱོད་པའི་རྟགས། །ཁ་ཐིག་གཡས་སུ་བསྒྲིགས་པ་དེ། །ལོངས་སྐུ་འགགས་མེད་མཚོན་པ་ཡིན། །འཕྲུལ་ཚར་སོ་སོར་བཀྲམ་པ་དེ། །སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །སྐུ་གསུམ་ལྡན་པའི་ཁ་ཐིག་དེར། །ཚོན་སྐུད་སྣ་ལྔར་ཡོད་པ་འདི། །ཡེ་ཤེས་ལྔ་ཡང་ལྡན་པའི་རྟགས། །ཁ་དེ་བྱ་རྒོད་མགྲིན་ལྟར་བཅིངས། །ཕ་མེས་སྨན་བརྒྱུད་བཟང་བའི་རྟགས། །ཁ་ལ་མདུད་རྒྱས་གདབ་པ་དེ། །མན་ངག་གབ་ཏུ་སྦས་པའི་རྟགས། ། ལྕགས་གདུབ་རག་ཐག་སྒྲོག་ཆིངས་དེ། ། གཞན་གྱིས་མ་ཁྱེར་ཟེར་བའི་བརྡ། ། དེ་ལ་གཟེ་ལྕགས་བརྒྱབ་པ་དེ། ། འགྲོ་བའི་མགོན་སྐྱབས་ཡིན་པའི་བརྡ། ། གཟན་ཕྱར་གྲུ་བཞིས་བཀབ་པ་དེ། ། སྣོད་མིན་རྣམས་ལ་སྦས་པ་ཡིན། །སྨན་ཕྱར་ཞིང་བཞི་བྱས་པ་དེ། །ཚད་མེད་བཞི་དང་ལྡན་པའི་བརྡ། ། ཞིང་རེར་སོར་བཅུ་ཡོད་པ་དེ། །འབྱོར་བ་བཅུ་ཡིས་ཕྱུག་པའི་རྟགས། །སྲིད་དུ་གྲུ་བཞི་ཡོད་པ་དེ། །མི་འཇིགས་བཞི་ཡིས་དཔའ་བའི་རྟགས། །སྣ་གཉིས་ཕྲན་ཚར་གྲངས་མེད་དེ། །ཕན་ཐོག་བསམ་མི་ཁྱབ་པའི་རྟགས། །བཟོ་དབྱིབས་ཟླུམ་པོར་འདྲིལ་བ་དེ། །སྲིད་གསུམ་གཙུག་ན་ཁུར་བའི་བརྡ། །སེང་གེའི་ཐོད་པ་ལྟར་བཅོས་པ། །སྨྲ་བ་ཀུན་ལ་མཁས་པའི་རྟགས། །སྟེང་འོག་གླེགས་ཤིང་ལྟར་སྦྱར་བ། ། ཤེས་བྱ་ཀུན་ལ་མཁས་པའི་རྟགས། །བར་དུ་ཞབས་རྒྱ་ཡར་བརྒྱུད་པ། །མཐོ་དམན་དྲག་ཞན་ཀུན་འདུས་རྟགས། །སྟེང་ཁེབ་གཅན་ལྤགས་གྲྭ་བཟང་བགྱིས། །གོང་དུ་སྡོད་མཁན་གཞན་མེད་བརྡ། །སེང་ཐོད་ཞབས་རྒྱའི་རྩེ་གཉིས་མ། ། འཇའ་འགྲིག་ཅོད་པན་གཉིས་འབྱུང་དེ། །ལུས་ཅན་ཀུན་ལ་སྲོག་འབྱིན་པས། །གཙུག་གི་ཅོད་པན་ཡིན་པའི་རྟགས། །དེ་འོག་འགྲམ་གཉིས་འཇའ་འགྲིག་གཉིས། །སྨན་པ་ཚོགས་གཉིས་བསགས་པའི་རྟགས། །དེ་ཡི་ཞབས་ཀྱི་གདོང་དཀྱིལ་ལ། །འཇའ་ཡི་ཀ་བ་གཉིས་བརྩེགས་འབྱུང་། །སྨན་པ་སྒྲིབ་གཉིས་སྤངས་པའི་རྟགས། །སྒྲོག་གདན་འཇའ་དབུས་དགུ་བོ་ལ། །གསེར་གྱི་འཕྲུལ་ལོང་དགུ་མཛེས་པ། །ཐེག་པ་རིམ་དགུ་རྫོགས་པའི་བརྡ། །བཤད་དང་ལྡན་པ་སྨན་སྒྲོའི་མཆོག །ཡོན་ཏན་ཁྱད་འཕགས་དེའི་ནང་ན། །སྨན་སྣོད་བཞི་བརྒྱ་རྩ་བཞི་འདི། །འགྲོ་བས་མི་བཟོད་ནད་ཀྱི་རིགས། །བཞི་བརྒྱ་རྩ་བཞི་འཇོམས་པའི་རྟགས། །སྨན་རིགས་སྣ་ཚོགས་བསགས་པ་དེ། །སྣ་ཚོགས་ནད་ལ་བསྔགས་པའི་རྟགས། །སྨན་སྣོད་བཟོ་རིགས་སྣ་ཚོགས་བྱས། །མན་ངག་སྣ་ཚོགས་ཤེས་པའི་རྟགས། །ཁ་ལ་ཤིང་བྱང་བཏགས་པ་དེ། །འགྱུར་མེད་དོན་དང་ལྡན་པའི་རྟགས། །འབྱེད་བསྡམ་འཇུག་པ་བདེ་བ་འདི། །ཟླུམ་སྐོར་པད་མ་ལྟར་བསྡུས་པ། ། ཕྱོགས་མེད་རྒྱལ་ཁམས་བསྐོར་བའི་བརྡ། །སྣོད་དུ་སྨན་རྣམས་གཞུག་ཚུལ་ནི། ཛ་ཏི་ལི་ཤི་ཅུ་གང་སོགས། །རྩིས་ལས་བྱུང་བའི་སྨན་རྣམས་ནི། །སྟག་གཟིག་གཅན་ལྤགས་ཁུག་མར་སྦ། །ཨ་རུ་བ་རུ་སྐྱུ་རུ་སོགས། །ཤིང་ལས་བྱུང་བའི་འབྲས་དང་ཁྲོབ། །ཤས་བཟང་ཟླུམ་སྐོར་རལ་གར་སྦ། །ལོ་མ་མེ་ཏོག་ས་སྨན་ཕལ། །ཤྭ་གནའ་གླ་ཧེལ་སྣོད་དུ་སྦ། །རྒྱ་ཚྭ་རྒྱམ་ཚྭ་ཚྭ་ལ་སོགས། །ཆུ་ལས་བྱུང་བའི་སྨན་རྣམས་ནི། །རས་ཁུག་རྐང་མཁྲེགས་དཀར་པོར་སྦ། །བྲག་ཞུན་སེ་འབྲུ་སྟར་བུ་སོགས། །རླན་སྣུམ་འབྱར་བག་ལྡན་པ་རྣམས། །ཐགས་བཟང་ཕ་ཚེ་གཙང་མར་སྦ། །ཙན་དན་དཀར་དམར་ཨ་གར་སོགས། །ཤིང་སྡོང་ལས་བྱུང་ཚལ་པ་རྣམས། །སག་རིའི་དཔའ་ཆབ་རིང་པོར་སྦ། །དངུལ་ཆུ་དང་ནི་སྦྱར་གྲུབ་པའི། །རྣོ་དང་དྲི་ལྡན་བྱིན་རླབས་ཅན། །ལྕགས་པར་སྨྱུག་སྦུབས་དམ་པར་སྦ། །མཁྲིས་པ་ཁཎྜ་མར་ཚིལ་སོགས། །རྭའམ་ཤིང་གི་པར་བུ་སྦ། །ཐར་ནུ་དུར་བྱིད་དན་ད་སོགས། །རྣོ་སྨན་རྩི་སྣུམ་འབྱར་བག་ཅན། །དུག་བསད་རྩི་ལྡན་སྣོད་དུ་སྦ། །སྦལ་སྦྲུལ་ལ་སོགས་ཤ་ཁྲག་རིགས། །རས་བཟང་སྐམ་པོར་དྲིལ་ནན་བྱ། །གང་ཡང་ནུས་མཐུན་སོ་སོར་སྦྲེལ། །མི་མཐུན་བསིལ་དྲོད་མེ་དང་མར། །ཇི་བཞིན་ལྷན་ཅིག་མི་བཞག་གསུངས། །སྨན་ཡང་རྩི་དུག་སྦྲགས་མི་རུང་། །བཞག་ན་ངན་པ་བློ་རྣོ་བས། །བཟང་པོའི་བློ་འཕྲོག་བྱེད་མཚུངས་པས། །སྤང་བར་བྱ་ཞེས་རྒྱུད་ལས་གསུངས། །
དེ་ལྟར་ཤེས་པའི་སྨན་མཛོད་དེར། །མན་ངག་གླེགས་བམ་བཅུག་པ་དེ། །འཕགས་པ་འཇམ་དཔལ་མཚོན་པ་ཡིན། །ལྡེམ་ཚེ་དཀར་པོ་པད་མ་ཅན། །འཇིག་རྟེན་དབང་ཕྱུག་མཚོན་པ་ཡིན། །དྲག་རྩུབ་ཕག་ནག་ཟེ་བ་དེ། །མཐུ་སྟོབས་ཕྱག་རྡོར་མཚོན་པ་ཡིན། །དེ་གསུམ་ཕྱོགས་གཅིག་བཅུག་པ་དེ། །རིགས་གསུམ་མགོན་པོ་མི་འབྲལ་འཛོམས། །སྨན་པས་ལམ་བགྲོད་དམ་ཚིག་ནི། །ཉམ་ཐག་འབྱོར་མེད་ནད་པ་ལ། །ཕྱོགས་རིས་མེད་པར་སྨན་སྦྱིན་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །བུད་མེད་ཁྱི་སོགས་མ་དག་པས། །འགོམ་འབོག་བཙོག་གྲིབ་མ་གོས་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །ཡོན་ཟས་ལ་འཁོར་སྨན་རིན་རྩོད། །མཁས་འདྲ་མཐོ་གནོན་བྱེད་སྤང་བ། །བཟོད་པའི་ཕ་རོལ་ཕྱིན་པའོ། །སྨན་དེ་སྦྱར་བར་བརྩམ་པ་ན། །སྨན་ཀློག་ཁ་ཡན་མི་འཇོག་པ། །གློ་བུར་དགྲ་ཇག་བྱུང་བ་སོགས། །གལ་སྲིད་ཡན་པར་བཞག་དགོས་ཚེ། །ཟླུམ་ལ་སྨན་སྒྲོ་ཆ་སྦྱར་བཀབ། །དེ་སྟེང་རིགས་གསུམ་མཚོན་རྒྱས་བཏབ། །དེ་བཞག་དེ་ནི་རུང་ཙམ་ཡིན། །སྨན་སྒྲོ་གཞི་བྱེས་གང་དུ་ཡང་། །ཙོག་པུར་བཞུགས་པ་མ་གཏོགས་པ། །བསྙལ་དང་ས་རྗེན་ཐོག་མི་འཇོག །དེས་ནི་བསམ་གཏན་ཕར་ཕྱིན་མཚོན། །མགོ་ཆ་གཏར་ཆ་བསྲེགས་ཆ་སོགས། །རྣོ་མཚོན་གླེགས་བམ་རྒྱུན་མི་གཅོད། །དེ་ཡིས་ཤེས་རབ་ཕར་ཕྱིན་མཚོན། །སྦྱིན་བདག་ཚོགས་བསགས་དམ་ཚིག་ནི། །འདི་ལྟར་ཡོན་ཏན་དུ་མ་དང་། །ལྡན་པ་སྨན་སྒྲོའི་ནོར་བུའི་མཛོད། །རིགས་བརྒྱུད་ལྡན་པའི་བླ་མ་ཡིས། །བྱིན་རླབས་རབ་ཏུ་གནས་བྱས་ཤིང་། །བྷཱུཾ་ལས་རྣམ་སྣང་རིག་མ་བཅས། །བསྐྱེད་པ་ལྷ་ཡི་དཀྱིལ་འཁོར་དུ། །བྱིན་རླབས་བདེ་བཤེགས་སྨན་བླ་ནི། །གཙོ་འཁོར་རྒྱུད་གསུངས་བཅས་པའི་གནས། །འདི་ལ་ལྷ་ཕྱག་སུས་འཚལ་བ། །བད་ཀན་ནད་ཀྱིས་མི་འཆའོ། །འདི་ལ་མཆོད་པ་སུས་འབུལ་བ། །རླུང་ནད་དྲག་པོས་མི་གཟིར་རོ། །འདི་ལ་གསོལ་བ་སུས་བཏབ་པ། །མཁྲིས་ནད་གནོད་པས་མི་ཚུགས་སོ། །འདི་ལ་བཀུར་སྟི་སུས་བྱས་པ། །ལྡན་འདུས་ནད་ཀྱིས་མི་འཆིའོ། །འདི་ལ་ཁྲི་སྟན་སུས་བཤམས་པ། །གཉན་གཟེར་དྲག་པོས་མི་འདེབས་སོ། །འདི་ལ་རྗེས་སུ་ཡི་རངས་པ། །དུས་མིན་ནད་ཀྱིས་འཆི་མི་འགྱུར། །འདི་ལ་འགོམ་བཙོག་མ་ཤོར་ན། །དེ་ལ་ཆམ་རིམས་ནད་མི་འབྱུང་། །འདི་ལ་ལོག་ལྟ་མ་བགྱིས་ན། །ནད་གདོན་དྲག་པོ་གང་བྱུང་ཡང་། །སྨན་ནུས་མི་འཇུག་མི་སྲིད་དོ། །སྨན་སྒྲོ་བདུད་རྩིའི་བང་མཛོད་འདི། །དམེ་ཤི་བུད་མེད་བཙས་པ་དང་། །སྲོག་གཅོད་མི་ཚངས་སྤྱོད་པ་དང་། །སྣུམ་ལྕགས་བདེན་རྫུན་དབྱེ་བ་སོགས། །བཤན་གྲིབ་རོ་གྲིབ་བཤའ་གཏོར་སོགས། །འཛེམ་ཞིང་དམ་ཚིག་བསྲུང་བ་ན། །ཆོས་དང་ཟས་གོས་ནོར་ལ་སོགས། །གང་འདོད་འབྱུང་བའི་ནོར་བུ་ཡིན། །དེ་ཕྱིར་དཀོན་པའི་འདུ་ཤེས་དང་། །རྩིས་ཆེར་ཟུངས་ཤིག་ཡོན་མཆོད་རྣམས། །ཞེས་སོ། །
༢ བོད་ལུགས་སྨན་བཅོས་ཀྱི་སྤྱོད་ཆས།
བོད་ལུགས་སྨན་བཅོས་ཀྱི་སྤྱོད་ཆས་ལ། སྨན་རྡུང་བྱེད་དང་། འཚག་བྱེད་དང་། རིལ་བུ་སྒྲིལ་བྱེད་དང་། སྐམ་སྣོད་དང་། ཉར་སྣོད་སོགས་དང་། ནད་བཅོས་སུ་སྤྱོད་པའི་མེ་བཙའ་མེ་བུམ་དང་། །གཏར་བྱེད་གཙག་བུ་དང་། རྡུང་བྱེད་དང་། འཛིན་བྱེད་དང་། གཅོད་བྱེད་དང་། ཚ་ལུམས་དང་། མཉེན་འཕུར་དང་། མོ་ནད་ཀྱི་རིགས་སུ་སྤྱོད་པའི་ལག་ཆ་མང་པོ་ཡོད་པ་ནི། ད་ལྟ་ཟི་ལིང་གི་བོད་ལུགས་གསོ་རིག་དངོས་མཛོད་ཁང་ཆེན་མོ་སོགས་ལས་མངོན་སུམ་མཐོང་ཐུབ་པ་བཞིན་ལ། འདིར་ས་བཅད་སྟོང་མིན་ཙམ་དུ་གོང་གསལ་བོད་ལུགས་ཐུན་མོང་མ་ཡིན་པའི་སྨན་སྒྲོ་བཟོ་ཐབས་ཁག་ཅིག་དང་སྨན་དང་སྨན་བཅོས་སྤྱོད་ཆས་འགའི་པར་རིས་ཀྱིས་འཐུས་པར་བྱས་ལ། བཟོ་ཐབས་ནི་ཤིང་བཟོ་དང་། རྡོ་མགར་དང་། བསླ་བཟོ་དང་། མགར་ལུགས་དང་། འཚེམ་དྲུབ་བཅས་ཀྱི་ལེ་ཚན་ལས་གཞི་རྩ་ཙམ་ཤེས་པར་འགྱུར་བ་དང་། སྤྱོད་ཆས་རེ་རེ་བཞིན་གྱི་རྒྱུ་དང་སྤྱོད་སྒོ་དང་། ཁྱད་ཆོས་དང་དེ་མཚུངས་བཟོ་ཐབས་ཞིབ་ཕྲ་ནི་བརྗོད་པའི་མཐའ་དང་བྲལ་བའོ།།