(སྤྱི་ལོ་2019ལོའི་ཟླ་བ་10པའི་ཚེས་31ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ།)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་སྤྱི་ལོ་2019ལོའི་ཟླ་10ཚེས་28ཉིན་ནས་ཚེས་31ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད།
ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་202དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་169ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་ཁག་ཅིག་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་ཅིག་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་དེར་གྲོས་བསྡུར་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞི་ཅིན་ཕིང་གིས་གཏན་འབེབས་ཀྱི་(གྲོས་བསྡུར་མ་ཟིན)སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་དོད་པོས་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་རྣམ་པའི་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ཁོང་དུ་ཡང་དག་ཆུད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་དམ་འཛིན་ཡག་པོ་བྱེད་པ། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་སེམས་དང་དམག་སེམས། དམངས་སེམས་བཅས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་གཅིག་བསྡུས་ཐུབ་པ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྒྱུར་བཅོས་མཐར་ཕྱིན་པ་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་པ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་མངོན་གསལ་དོད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལས་དོན་ནུས་ལྡན་ངང་སྤེལ་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གལ་ཆེའི་འཕེལ་རིམ་གསར་པ་ཐོབ་པར་སྐུལ་འདེད་ཐེབས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཏང་དང་མི་དམངས་ཀྱིས་ཡུན་རིང་གི་ལག་ལེན་འཚོལ་ཞིབ་ཁྲོད་གྲུབ་པའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་དང་བྱེད་སྒོ་མཐའ་དག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཞིགས་ནས་སྤེལ་བ། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་དེའི་ལག་བསྟར་ནུས་པ་གཅིག་སྡུད་ཐོག་མངོན་པ་ཞིག་ཡིན་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་ཕྱོགས་གཉིས་ཐད་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། ལག་ལེན་ཟམ་མི་ཆད་པར་འཚོལ་ཞིབ་བྱས་པ། སྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དང་དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ། དམག་དོན། ཕྱི་དོན་སོགས་ཕྱོགས་ཁག་གི་ལམ་ལུགས་ཆགས་པ་དང་གོང་འཕེལ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་གོང་བུ་གཅིག་གྱུར་བཅས་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད། ལག་ལེན་ལས་ར་སྤྲོད་ཐུབ་པར། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ། ཀྲུང་ཧྭ་ཡི་རིག་གནས་ཀྱི་རྨང་གཞི་ཟབ་པ། མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་པ་བཅས་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་དང་། སྐྱེ་སྟོབས་དང་ཁྱད་འཕགས་རང་བཞིན་ཆེན་པོ་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག མི་འབོར་དུང་ཕྱུར་བཅུ་བཞི་ལ་ཉེ་བའི་རྒྱལ་ཁབ་ཆེན་པོ་ཡར་རྒྱས་དང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཐུབ་པ། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་ནས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་བཅས་ཡིན་པའི་ངོས་འཛིན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ཕྱོགས་མང་པོའི་ཐད་ཀྱི་མངོན་གསལ་དོད་པའི་བཟང་ཆ་ལྡན་ཡོད། དེ་ཡང་གཙོ་བོ་ནི། ཏང་གི་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་རྒྱུན་འཁྱོངས། ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས། རྒྱལ་ཁབ་དེ་ཉིད་སྔ་བར་ཕྱི་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་པའི་མངོན་གསལ་དོད་པའི་བཟང་ཆ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་དང་། མི་དམངས་དམངས་གཙོ་གོང་འཕེལ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མི་དམངས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་བཟང་ཆ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་དང་མི་དམངས་ཀྱི་དབང་ཆར་འགན་ལེན་ཏན་ཏིག་བྱེད་པའི་མངོན་གསལ་དོད་པའི་བཟང་ཆ། རྒྱལ་ཡོངས་གོང་འོག་གོང་བུ་གཅིག་ཏུ་འགྲིལ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་འི་མངོན་གསལ་དོད་པའི་བཟང་ཆ། མི་རིགས་ཁག་ཚང་མ་འདྲ་མཉམ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོར་འཛུགས་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་མངོན་གསལ་དོད་པའི་བཟང་ཆ། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ། བགོ་འགྲེམས་བྱེད་སྟངས་སྣ་ཚོགས་མཉམ་དུ་གནས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་འབྲེལ་ནུས་ལྡན་བྱེད་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་ཟམ་མི་ཆད་པ་གཏོང་བའི་མངོན་གསལ་དོད་པའི་བཟང་ཆ། ཐུན་མོང་གི་ཕུགས་བསམ་འདུ་ཤེས་དང་། རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ། མི་དམངས་ཡོངས་ནས་བསམ་བློ་དང་སྙིང་སྟོབས་ཐད་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་བཟང་ཆ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཟམ་མི་ཆད་པ་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ། ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་པའི་མངོན་གསལ་དོད་པའི་བཟང་ཆ། སྒྱུར་བཅོས་གསར་གཏོད་དང་། དུས་བསྟུན་མཉམ་སྐྱོད་རྒྱུན་འཁྱོངས་དང་། རང་ངོས་འཐུས་ཚང་དང་། རང་ངོས་གོང་འཕེལ་བྱེད་མཁས་པའི་ཐོག་ནས། སྤྱི་ཚོགས་དེ་ཉིད་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་བྱེད་པའི་མངོན་གསལ་དོད་པའི་བཟང་ཆ། སྤྱོད་ཡོན་གཉིས་ལྡན་དང་། མཁས་འདེམས་འཇོན་བསྐོ་རྒྱུན་འཁྱོངས། གནམ་འོག་ཡོངས་ཀྱི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་བེད་སྤྱོད་བྱེད་པ། ཕུལ་བྱུང་གི་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱེད་པ་བཅས་ཀྱི་མངོན་གསལ་དོད་པའི་བཟང་ཆ། ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་བློ་གཅིག་སེམས་གཅིག་བྱ་རྒྱུ་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་འགན་ལེན་ནུས་ལྡན་བྱེད་པའི་མངོན་གསལ་དོད་པའི་བཟང་ཆ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་བཟང་ཆ། རང་བཙན་རང་བདག་དང་ཕྱི་ཕྱོགས་སྒོ་དབྱེ་གཅིག་འགྱུར་རྒྱུན་འཁྱོངས་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་ལེགས་སྐྱེས་ཟམ་མི་ཆད་པ་འབུལ་བའི་མངོན་གསལ་དོད་པའི་བཟང་ཆ་བཅས་ཡིན། མངོན་གསལ་དོད་པའི་བཟང་ཆ་དེ་དག་ནི། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གདེང་ཚོད་དང་། རིག་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་གདེང་ཚོད། རིག་གནས་གདེང་ཚོད་བཅས་བརྟན་དུ་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཡིན་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱ་དགོས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་མངོན་གསལ་གྱིས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྨང་གཞི་སྲ་བརྟན་དང་། བཟང་ཆ་དར་སྤེལ། ཞན་ཆ་གསབ་པ། མ་ལག་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་དགོས། མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་ལམ་ལུགས་ཀྱི་བཟང་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བཏོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཁེལ་ཡོང་བ་བྱ་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། སྤྱི་ལོ་2035ལོར་སླེབས་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་ནས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། ཏང་གི་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ངེས་པར་དུ་ཏང་སྲིད་དམག་དམངས་སློབ་དང་། ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཁག་ལ་གཅིག་གྱུར་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས། ཏང་གི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཐུབ་པ་བྱ་དགོས། ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་ལམ་ལུགས་འཛུགས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཆེད་དུ་སྲིད་འཛིན་པ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་དགོས། ངེས་པར་དུ་མི་དམངས་ཀྱི་གཙོ་གཞིའི་གནས་བབ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད། རྒྱལ་ཁབ་ཀྱི་བྱ་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ། སྤྱི་ཚོགས་ཀྱི་བྱ་དོན་ལ་དོ་དམ་བཅས་བྱེད་པར་འགན་ལེན་བྱ་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་འདི་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གསོན་ཤུགས་ཀྱིས་ཁེངས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་དེ་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་བྱ་དོན་དོ་དམ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། ངེས་པར་དུ་སྲིད་འཛིན་ལས་ཁུངས་ཡོངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། སྲིད་འཛིན་བྱེད་ཐབས་གསར་གཏོད་བྱེད་པ་དང་། སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ནས་བློ་ཡིད་འཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་ལེགས་སྒྱུར་བྱེད་པ། སྲིད་གཞུང་གི་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་གང་ལེགས་མངོན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་བོ་བྱེད་ཅིང་། དབང་བའི་ལམ་ལུགས་ཀྱི་སྣེ་མང་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ། བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་གནས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱིས་གཅིག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད་ལ། གཉིས་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཆུ་ཚད་དང་ཡང་འཚམ་པས། དེ་ནི་ཏང་དང་མི་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་གཏན་འཁེལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་ཁྱོན་ཡོངས་ནས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པར་སྐུལ་མ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་གནས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྱོང་བྱ་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་བསྡུས་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འདེགས་སྐྱོར་ཟབ་མོ་ཞིག་ཡིན། ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་སྒོ་ནས་ཆགས་པ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་མར་ཁེ་སི་རིང་ལུགས་ཀྱིས་བཟུང་བའི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡང་དག་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་བྱེད་པའི་རིག་གནས་གསར་རྩོམ་ཐོན་སྐྱེད་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་དམངས་འཚོའི་འགན་སྲུང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས། མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། ངེས་པར་དུ་ཕྲུ་གུ་སྐྱོང་མཁན་ཡོད་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་ན་གསོ་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཞན་པར་རོགས་སྐྱོར་ཡོད་པ་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མ་མཐའི་ཚད་གཞིའི་རང་བཞིན་བཅས་ལྡན་པའི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས། མི་དམངས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྐོང་ནས། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་བྱ་དགོས། དེ་བས་འདང་ངེས་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཕན་ཐོགས་ཡོད་པའི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་འཛུགས་པ། དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག མཉམ་སྐྲུན་མཉམ་བཅོས་དང་མཉམ་དུ་ལོངས་སྤྱོད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན། ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་རམས་འདེགས་བྱེད་པ། སྤྱི་དམངས་ཀྱིས་ཐེ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ལ། མི་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་མ་ལག་ཅིག་འཛུགས་སྐྱོང་བྱེད་དགོས་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལམ་ལྡན་པ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། དུས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་ནུས་ལྡན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་བདེ་འཇགས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལོ་སྟོང་གི་ཇུས་ཆེན་དང་འབྲེལ་བ་ཡོད་པ་ཞིག་ཡིན། ངེས་པར་དུ་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པ་བཅས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། ཆེས་ནན་ཤོས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་དང་། ཕྱོགས་ཡོངས་ནས་ཐོན་ཁུངས་ནུས་ཆེའི་བེད་སྤྱོད་ལམ་ལུགས་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དམ་ནན་དུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བལྟོས་མེད་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབ་རྒྱུ་འགན་ལེན་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བལྟོས་མེད་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་པའི་རྩ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ཡིན། ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་བརྟན་པོ་འཛུགས་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་པ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་གཤིས་བཅས་རྒྱུན་འཁྱོངས་བྱེད་པ། མི་དམངས་དམག་དཔུང་གི་ཆེས་མཐོའི་འགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་ཏང་ཀྲུང་དབྱང་ལ་དབང་བ་རྒྱུན་འཁྱོངས་དང་། མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བལྟོས་མེད་བྱ་རྒྱུ་དེ་དམག་དཔུང་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་དོ་དམ་བཅོས་སྐྱོང་ནན་པོ་བྱས་ཏེ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་བྱེད་པའི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཚོ་འགག་གཡས་གཡོན་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་མཐུན་སྒྲིལ་བྱས་ཏེ་ཐུན་མོང་ཐོག་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་དང་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཧྲིལ་པོ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་མཐའ་ཀུན་གྱི་ཕྱི་འབྲེལ་བཀོད་པ་འཐུས་ཚང་དུ་གཏོང་བ། མཉམ་ལས་མཉམ་རྒྱལ་གྱི་སྒོ་དབྱེའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་དང་། དབང་ཆ་བེད་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་རང་ངོས་གཙང་འགྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་བྱ་རྒྱུ་མངོན་འགྱུར་བྱེད་པའི་ལམ་ལུགས་འགན་སྲུང་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་མཐོ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་ཞིག་འཛུགས་དགོས་པ་དང་། ལྟ་སྐུལ་གྱི་དོ་ནན་རང་བཞིན་དང་མཐུན་སྦྱོར་རང་བཞིན། ནུས་མཐོའི་རང་བཞིན་བཅས་ཤུགས་ཆེར་གཏོང་བ། འཐབ་ཇུས་བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་། ལག་བསྟར་མཐའ་ཅིག་ཏུ་བྱེད་པ། ལྟ་སྐུལ་བྱེད་ཤུགས་ཆེ་བ་བཅས་ཀྱི་དབང་ཆའི་འཁོར་སྐྱོད་སྒྲིག་གཞི་གྲུབ་པ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུང་སུངས་བསམ་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལམ་ལུགས་སྒྲིག་གཞི་འཛུགས་པ་བཅས་བྱས་ཐོག་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་སྔ་བར་ཕྱི་གསུམ་དུ་མི་དམངས་ལ་བདེ་སྐྱིད་ཡོང་ཐབས་བྱེད་པའི་ཐོག་ཏུ་སྤྱོད་རྒྱུར་འགན་སྲུང་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་འདུ་ཤེས་ཤུགས་ཆེར་གཏོང་དགོས་པ་དང་། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོབ་བྱ་རྒྱུར་སྣེ་ཁྲིད་དང་། ལམ་ལུགས་ལག་ལེན་བསྟར་མཁན་གྱི་མིག་དཔེ་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་རང་རྟོགས་ངང་ལམ་ལུགས་ལ་བརྩི་བཀུར་དང་། ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ལམ་ལུགས་ལ་འགན་སྲུང་མཐའ་ཅིག་ཏུ་བྱེད་པ་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་ལ་རྒྱུས་མངའ་གཏིང་ཟབ་ལོན་རྒྱུར་སྣེ་ཁྲིད་བྱས་ཏེ་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པས་ལམ་ལུགས་ལྟར་འགན་འཁྲི་གཙང་སྒྲུབ་དང་། དབང་ཆ་བེད་སྤྱོད། ལས་དོན་བསྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཏེ་གནས་ལྔ་གཞི་གཅིག་ཀྱི་སྤྱིའི་བཀོད་སྒྲིག་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སོགས་ལས་དོན་ཁག་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་བློ་མཐུན་མ་ཀྲེང་ཝུའུ་དང་། མ་ཝེ་མིང་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ལིའུ་ཧྲེ་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱི་ཞིབ་དཔྱད་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེའི་གོང་དུ་བློ་མཐུན་ལིའུ་ཧྲེ་ཡུས་ལ་ཏང་ནང་ཁུལ་དུ་ལོ་གཉིས་ལྟ་སྐུལ་བྱ་རྒྱུའི་ཆད་པ་བཅད་པར་དངོས་སུ་ཁས་ལེན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། གདེང་ཚོད་བརྟན་གཏོང་དང་། བརྟན་ཤུགས་རྒྱུན་འཁྱོངས། དཀའ་སྤྱད་ཡར་བརྩོན། གསར་གཏོད་སྲོལ་འབྱེད་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།