ཀྲུང་གོའི་ཆེས་ཐོག་མའི་《གེ་སར་ཚིག་མཛོད་ཆེན་མོའི》པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 11-04


        སྤྱི་ཟླ་11པའི་ཚེས་2ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧུའུ་ཆུས་གྲངས་ཉུང་མི་རིགས་ལས་དོན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་དང་མཚོ་ཕག་དཔེ་སྐྲུན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ཆེས་ཐོག་མའི་《གེ་སར་ཚིག་མཛོད་ཆེན་མོའི》པར་སྐྲུན་བཞུགས་མོལ་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཝིན་ཧན་གསོལ་མགྲོན་ཁང་ནས་སྤེལ་ཞིང་། སྤོས་ལྡན་གྲོང་དུ་བཞུགས་པའི་བོད་རིག་པའི་མཁས་པ་དང་གེ་སར་རིག་གནས་སྐོར་གྱི་ལས་སྒྲུབ་མི་སྣ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་མི་30ལྷག་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཡུལ་དངོས།
        《གེ་སར་ཚིག་མཛོད་ཆེན་མོ》ནི་ཀྲུང་གོའི་གེ་སར་རིག་གནས་ཆེད་མཁས་པའི་ཁྱུ་མཆོག་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གཙོ་སྒྲིག་གནང་ཞིང་། མཚོ་ཕག་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་ཡིན་ལ། ཚོགས་ཐོག་ཏུ་ཆེད་མཁས་པ་དང་མཁས་དབང་། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། འདི་ནི་ཀྲུང་གོའི་གེ་སར་བྱ་བཞག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མ་ཟད་ལོ་རྒྱུས་རང་བཞིན་གྱི་བྱ་བཞག་ཅིག་རེད་ཟེར། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་གེ་སར་བྱ་བཞག་ལ་ཐུགས་ཁུར་དང་མཐོང་ཆེན་བླ་ན་མེད་པ་བྱས། དེ་མིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་སྐོར་ནས་གསུང་བཤད་གལ་ཆེན་གང་མང་གནང་བར་མ་ཟད། མི་སེམས་སྒུལ་བའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་ཞིག་རེད་ཅེས་བསྟོད་བསྔགས་ཀྱང་བྱས་མྱོང་ལ། དེ་ཡིས་རྒྱ་ཆེ་བའི་གེ་སར་རིག་གནས་ཀྱི་ལས་སྒྲུབ་མི་སྣ་ཚོར་སྐུལ་མ་ཆེན་པོ་ཐོབ།

ཚོགས་འདུའི་ཡུལ་དངོས།
        གེ་སར་ནི་བོད་མི་རིགས་ཐུན་མོང་གིས་བསྐྲུན་པའི་རླབས་ཆེན་གྱི་དཔའ་བོའི་སྙན་རྩོམ་ཞིག་ཡིན་ལ། དེའི་ཁྲོད་དུ་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཉིང་བཅུད་ཡོད་པས་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་བང་མཛོད་དུ་བརྩི་བཞིན་ཡོད།  2006ལོར་གེ་སར་རང་རྒྱལ་གྱི་རབས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་ཅིང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོར་བཀོད།  འོན་ཀྱང་དུས་ད་ལྟའི་བར་དུ་གེ་སར་གྱི་ནང་དོན་གཙོ་བོ་དང་བསམ་བློའི་དོན་སྤྱི། སྒྱུ་རྩལ་གྱི་རིན་ཐང་སོགས་གཞི་གཅིག་ཏུ་འདུས་པའི་ཚིག་མཛོད་ཅིག་པར་སྐྲུན་བྱས་མི་འདུག  དེ་བས་ཐེངས་འདིའི་《གེ་སར་ཚིག་མཛོད་ཆེན་མོ》འདི་ཡིས་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་བ་རེད། 

གེ་སར་ཚིག་མཛོད་ཆེན་མོ།

        《གེ་སར་ཚིག་མཛོད་ཆེན་མོའི་》ཁྲོད་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་གེ་སར་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་དག་འདུས་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་ཀྱི་གྲུབ་འབྲས་གཙོ་བོ་དག་བསྡུ་ལེན་དང་དཔེ་ལྟ་བྱས་ཡོད་པས། རྒྱལ་ཕྱི་ནང་གི་གེ་སར་ཞིབ་འཇུག་གྲུབ་འབྲས་ཀྱི་ཀུན་འདུས་མེ་ལོང་ལྟ་བུ་ཞིག་རེད་ཅེས་བརྗོད་ཀྱང་ཆོག ཚིག་མཛོད་འདི་གེ་སར་རིག་གནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཡོ་ཆས་ཤིག་ཡིན་པས། བོད་རིག་པར་ཞིབ་འཇུག་གཉེར་མཁན་དང་བོད་ཀྱི་རིག་གནས་བྱ་བཞག་ལ་དོ་སྣང་བྱེད་མཁན་ཞིག་ལ་མཚོན་ན་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་ལྡན། 
        ཉེ་བའི་ལོ་འགའི་རིང་གེ་སར་སྐོར་གྱི་བོད་ཡིག་འཚོལ་བསྡུ་དང་དག་སྒྲིག པར་སྐྲུན་བཅས་ཀྱི་ལས་ཀར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་མོད། ལོ་ཙྭའི་པར་སྐྲུན་སྐོར་ནས་དུས་ད་ལྟ་ཡང་རྗེས་སུ་ལུས་པའི་སྣང་ཚུལ་མངོན་འདུག  དེ་བས་ཚིག་མཛོད་འདི་ཉིད་རྒྱ་རིགས་དང་མི་རིགས་གཞན་པས་གེ་སར་རིག་གནས་ལ་རྒྱུས་ལོན་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་ཆགས་ཡོད་ལ། ཁོ་ཚོས་ཚིག་མཛོད་འདི་ལ་བརྟེན་ནས་གེ་སར་རིག་གནས་ཀྱི་ཉིང་བཅུད་དང་སྒྱུ་རྩལ་གྱི་ཁྱད་ཆོས།  འཆར་ཡན་ཅན་གྱི་གཏམ་རྒྱུད་བཅས་ཉམས་སུ་མྱོང་ཐུབ་ལ། ཆེ་ས་ནས་མི་རིགས་ཕན་ཚུན་བར་གྱི་རིག་གནས་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། རྒྱ་བོད་མི་རིགས་དང་མི་རིགས་སོ་སོའི་བར་ཕན་ཚུན་རྒྱུས་ལོན་དང་། འབྲེལ་བ་དམ་ཟབ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཤུགས་སྣོན། རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ནས་རིག་གཞུང་གི་དོན་སྙིང་དང་དངོས་ཡོད་འཚོ་བའི་དོན་སྙིང་གཉིས་ལྡན་རེད།
        ཚོགས་ཐོག་ཏུ་མཚོ་ཕག་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་ཀྲང་ཁྲང་མེན་གྱིས་《གེ་སར་ཚིག་མཛོད་ཆེན་མོའི་》པར་སྐྲུན་དོན་སྙིང་དང་པར་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་འཕྲད་པའི་དཀའ་ངལ། ཅི་ལྟར་དཀའ་བ་ཁྱད་གསོད་བྱས་ནས་ལས་དོན་མཐའ་འཁྱོལ་ཡོང་བའི་སྐོར་ནས་གཏམ་བཤད་གནང་ཞིང་། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་ཐོབ་ཅིང་། ལོ་ངོ་དུ་མའི་དཀའ་སྤྱད་འབད་བརྩོན་བརྒྱུད་《གེ་སར་ཚིག་མཛོད་ཆེན་མོ》འདི་ཉིད་སྐྱེ་བོ་ཀུན་གྱི་མིག་གི་གཟིགས་རྟེན་དུ་བྱོན་པ་རེད་ཟེར། 

《གེ་སར་ཚིག་མཛོད་ཆེན་མོའི》གཙོ་སྒྲིག་པ་འཇམ་དཔལ་རྒྱ་མཚོས་ཚིག་མཛོད་ཆེན་མོའི་ཁྱད་ཆོས་ངོ་སྤྲོད་གནང་བཞིན་པ།

        《གེ་སར་ཚིག་མཛོད་ཆེན་མོའི》གཙོ་སྒྲིག་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཚིག་མཛོད་ཆེན་མོའི་སྡུད་སྒྲིག་བརྒྱུད་རིམ་དང་དེའི་ཁྱད་ཆོས་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཁྲོད་དུ་རིག་གནས་འཐབ་ཕྱོགས་གླེང་ཡོད་ལ། ང་ཚོར་རིག་གནས་ཡིད་རྟོན་ཇེ་དྲག་དང་། ཤུགས་ཆེན་པོས་གྲངས་ཉུང་མི་རིགས་ཀྱི་རིག་གནས་འདུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་དང་དར་རྒྱས་གཏོང་དགོས་པའི་རེ་བ་བཏོན་ཡོད། 《གེ་སར་ཚིག་མཛོད་ཆེན་མོ》དཔེ་སྐྲུན་གནང་བ་ལས་བོད་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་ཁྱབ་བསྒྲགས་རིན་ཐང་དང་བཀོལ་སྤྱོད་རིན་ཐང་གོང་མཐོར་གཏོང་སྲིད་ལ། རྒྱལ་སྤྱིའི་སྟེང་གི་གེ་སར་ཞིབ་འཇུག་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ། ལྷག་པར་དུ་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ། ཁྱབ་སྤེལ་སོགས་ལ་ནུས་པ་གལ་ཆེན་ཐོན་ཐུབ་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1