༄༅།། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དང་འབྲེལ་བའི་གཏམ་རྒྱུད་ཁག་བརྒྱད།

རབ་བརྟན་དགེ་ལེགས་ཕུན་ཚོགས་དང་ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-04



རབ་བརྟན་དགེ་ལེགས་ཕུན་ཚོགས་དང་ཀརྨ་རྒྱལ་མཚན།

གཅིག ཞིང་གི་རུལ་ནང་ནས་ཤིང་པར་བརྐོ་བྱེད་ཀྱི་ལག་ཆ་རྙེད་པ།
        བྱམས་ཐོག་ལྷ་དབང་ཞེས་པས་ཉིན་ཞིག་ས་ཐོག་ན་འབུ་ཞིག་འགྲོ་བ་ལ་ཡང་ཡང་བལྟས་པས་འབུ་འགྲོ་རྗེས་སུ་ཡི་གེ་ས་ཕྱིར་ལོག་གཅིག་སོགས་ཡིག་འབྲུ་འགའ་ཞིག་བྱུང་བ་མཐོང་བས། སྲིན་བུས་རང་གར་ཤིང་ཟོས་པ་དང་། གྲོག་སྦུར་རང་གར་ས་ཐོག་ཏུ་རྒྱུ་བས་སྟབས་ལེགས་སྟེས་དབང་གིས་ཡི་གེ་འདི་འདྲ་བྱུང་རྒྱུ་ཡོད་ན་མི་ཡིས་འབད་རྩོལ་བྱས་ན་མི་ཤེས་རྒྱུ་ཅི་ཡོད། དེས་ན་མ་འོངས་བསྟན་འགྲོར་ཕན་བདེ་འབྱུང་ཆེད་ཤིང་པར་ཞིག་བརྐོ་དགོས་འདུག་བསམ་པས་པར་བརྐོ་བར་བརྩོན་ཀྱང་ཡག་པོ་ཞིག་གཏན་ནས་མ་ཤེས། ནུབ་གཅིག་རྨི་ལམ་དུ་བུད་མེད་གོས་དཀར་པོ་གྱོན་པ་ཞིག་གིས་སང་ཉིན་ཕ་ཞིང་མདུང་རྩེ་རྨོས་དང་། ཁྱོད་རང་གི་འདོད་དོན་འགྲུབ་པའི་ལག་ཆ་ཆ་ཚང་བ་ཞིག་ཡོད་ཅེས་ལུང་བསྟན་པ་ལྟར་བྱམས་ཐོག་ཚང་གི་གཡོན་ཕྱོགས་ཀྱི་ཕ་ཞིང་མདུང་རྩེ་བྱ་བ་རྨོས་པས། ཞིང་གི་རུལ་ནང་ནས་གསེག་གཅོད་མཆེ་ཅན་དང་། མཆེ་མེད་དང་། གསེག་གཅོད་འཐུག་པོ་དང་། སེན་རྒྱབ་དང་། ཁ་འཇུ་དང་། ཁ་འཇུ་ཁ་སྡེར་དང་། སྒམ་གཟོང་དང་། སྦོ་འབུག་དང་།མིག་འབུག་དང་། སྐེ་འབུག་དང་། ཚེག་འབུག་དང་། དཔུང་འབུག་དང་། འབྲུ་འབུག་དང་། མགོ་འབུག་དང་། སྒམ་འབུག་བཅས་ཤིང་པར་བརྐོ་བྱེད་ཀྱི་ལག་ཆ་ཕལ་ཆེར་རྙེད་པ་དང་། ཡང་དཔྱིད་ཀ་ཕྲུ་སློག་ནས་གོང་རུལ་རྒྱག་དུས་ཁ་ས་དེད་བྱེད་ཀྱི་ལྡེམ་བཀུག་ཀྱང་རྙེད་པས། ཐམས་ཅད་ངོ་མཚར་ཆེན་པོ་སྐྱེས་ཏེ་ལྷ་དབང་གི་ལག་ཆ་གཏེར་མ་རེད་ཅེས་ཟེར་བ་བྱུང་། དེ་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་སྔར་རྒྱུན་བཞིན་པར་བརྐོ་ཨེ་ཤེས་བལྟས་པས། ནུབ་ཅིག་ཤོག་བུའི་ཐོག་བྲིས་པའི་ཡི་གེ་རྣམས་པར་གཞིའི་ཤིང་གི་ངོས་ལ་སྦྱར་ནས་ཤོག་བུ་མར་བཀོག་པ་དང་ཡི་གེ་ཐམས་ཅད་པར་ཤིང་གི་ངོས་སུ་གསལ་འདུག་པར་སྲེག་གཅོད་སོགས་སྔར་ཞིང་གི་རུལ་ནང་ནས་རྙེད་པའི་པར་བརྐོ་བྱེད་ཀྱི་ལག་ཆ་རྣམས་ཀྱིས་བརྐོས་པས་པར་བརྐོ་ཤེས་པ་དང་དེ་ཡང་ལེགས་པོ་ཞིག་བྱུང་འདུག་པ་རྨིས། ཕྱི་ཉིན་དགའ་སྤྲོ་ཆེན་པོས་བརྐོས་པས་ལེགས་པར་ཐོན་པ་བྱུང་སྟེ། པར་ཤིང་གི་ཐོག་མར་མགོན་པོ་ཚེ་དཔག་མེད་ཀྱི་མདོ་སྡེ་ཞིག་བརྐོས་པ་ལེགས་འགྲུབ་བྱུང་།

གཉིས། ཆོས་རྒྱལ་བསྟན་པ་ཚེ་རིང་ལ་པར་ཁང་བཞེངས་དགོས་པའི་བསྐུལ་མ་བྱུང་བ།
        ཉིན་ཞིག་རྒྱལ་པོ་ཉིན་དགོན་ཕོ་བྲང་འོག་གི་དེའུ་འབུར་ཕྱིས་པར་ཁང་བཞེངས་སའི་གཤམ་དེར་ཆབ་བསིལ་མཛད་དུ་ཕེབས་པ་ན། གློ་བུར་དུ་དེའུ་འབུར་དེའི་རྒྱབ་ནས་བྱིས་པ་ཞིག་གིས་ཡི་གེ་ཀློག་པའི་སྒྲ་ཞིག་གསན། ཁོང་གིས་ཆབ་བསིལ་མཛད་རྗེས་དེའུ་འབུར་དེ་ལ་བསྐོར་བ་མཛད་ནས་གཟིགས་རྟོག་གནང་ཡང་དཔེ་ཆ་ཀློག་པའི་བྱིས་པ་ཞིག་གཏན་ནས་མ་རྙེད། དེ་ནས་ས་དེར་ཉིན་འགའ་ལ་བྱིས་པ་ཞིག་གིས་ཡི་གེ་ཀློག་པའི་སྒྲ་ཞིག་གསན་པའི་རྐྱེན་གྱིས་མཚན་མོ་གཟིམས་ཀྱང་མ་ཁུག་པར་དོན་དེ་ལ་ཐུགས་བསམ་ཡང་ཡང་བཞེས་དགོས་བྱུང་བ་དང་། ཡང་ལྷ་རིགས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཉིན་ཞིག་ཆབ་ཁང་དུ་ཆབ་བསིལ་མཛད་པར་ཕེབས་དུས་ཕྱིས་པར་ཁང་ཐོག་མར་བཞེངས་སའི་དེའུ་འབུར་ཞིག་ཡོད་པ་དེའི་སྟེང་དུ་ཁྱེའུ་མང་པོས་པར་ཁང་བཞེངས་པ་ཡིན་ཟེར་ནས་རྟ་ལུད་ཇ་སྒམ་འདྲ་བ་རྣམས་བརྩེགས་བཞིན་ཡོད་པ་གཟིགས་པས་རྐྱེན་བྱས། འཇིག་རྟེན་ཐོག་ལས་ཀ་གལ་ཆེ་ཤོས་དེ་བསྟན་འགྲོར་ཕན་བདེ་འབྱུང་བའི་གཞི་མ་རྒྱལ་བའི་གསུང་རབ་རིན་པོ་ཆེ་དར་སྤེལ་གཏང་རྒྱུ་དེ་རེད་འདུག་པས། འདི་ན་གསེར་སོགས་ཀྱི་ལོངས་སྤྱོད་མང་པོ་འདུག་པ་རྣམས་ཀྱིས་ས་འདིར་པར་ཁང་ཞིག་བཞེངས་རྒྱུ་བྱུང་ན་ཅི་འདྲའི་དགེ་མཚན་ཆེ་བ་འདུག་སྙམ་དུ་དགོངས་པ་བྱུང་། རྒྱལ་པོ་ཕྱག་ལས་མང་བས་བྲེལ་ནས་དགོངས་བཞེད་དེ་སྐབས་ཤིག་ལ་དྲན་སོས་པར་མ་བྱུང་བ་ན། ནུབ་ཅིག་རྨི་ལམ་དུ་ཁྱོད་ཀྱིས་ཆབ་ཁང་ནས་རྙེད་པའི་ནོར་བུ་དེ་འཕྲོ་བརླག་མ་བཏང་ཞེས་ཟེར་བྱུང་བ་ན། ཨ་རེ་མཚར་མོ། ངས་ཆབ་ཁང་དུ་ནོར་བུ་ཞིག་མ་རྙེད། ཇི་འདྲ་ཡིན་ཡོང་སྙམ་དུ་དགོངས་པ་ན། ཡང་རྨི་ལམ་དུ་སྒྲོལ་མ་འདྲ་བའི་བུད་མེད་ཅིག་གིས་ལུང་བསྟན་ཏེ། ཁྱོད་ཀྱིས་ཆབ་ཁང་དུ་རྙེད་པའི་ནོར་བུ་དེ་རྒྱལ་བའི་གསུང་རབ་དར་སྤེལ་གཏོང་ཕྱིར་པར་ཁང་བཞེངས་དགོས་སྙམ་པའི་དགོངས་པ་བྱུང་བ་དེ་ཡིན་གསུངས་པ་བྱུང་།

གསུམ། གླང་གིས་པར་ཤིང་གཏོར་སའི་གནས་ཉིད་དུ་པར་ཁང་བཞེངས་རྒྱུའི་ཐུགས་ཐག་བཅད།
        དེ་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་རྒྱལ་བའི་གསུང་རབ་པར་དུ་བསྒྲུབ་རྒྱུ་དང་པར་ཁང་བཞེངས་རྒྱུའི་ཐུགས་བཀོད་ཡོད་ཚུལ་ནང་འཁོར་ལ་གསུངས་མཛད་པར་བརྟེན་བྱམས་ཐོག་ལྷ་དབང་གིས་ཀྱང་དེའི་ཚུལ་གོ་བས་ས་དེར་པར་བརྐོ་སར་འགྲོ་དགོས་བསམ་སྟེ་རྒྱལ་པོ་ལ་གཟིགས་འབུལ་ཞུ་རྒྱུའི་ཀ་དཔེ་ལྡེབ་ཤར་གཅིག་ཀྱང་བརྐོས། དེ་ནས་པར་ཤིང་རྣམས་གླང་ཞིག་ལ་བཀལ་ནས་ཡོང་བས་རོང་གསུམ་གདུག་སྣ་མདོའམ་ཐང་ཕུག་ཏུ་གྲགས་པ་ན་ཞག་སྡོད་བྱས། ནུབ་མོར་ཀ་དཔེ་པར་ཤར་ལྡེབ་གཅིག་ཡོད་པ་རྐུ་ལ་ཤོར། དེ་ནས་ཚེ་མདོའི་པར་ཤིང་བཀལ་ནས་ཡོང་བས་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པའི་གསེར་ཁྲི་ལ་བཞུགས་པའི་མི་དབང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་རྒྱུའི་ཐུགས་བཀོད་གནང་ནས་འབྲི་ནུབ་འཛོམ་ཐོག་ཏུ་བཞུགས་པ་དང་འཕྲད་ཀྱང་ངོ་མ་ཤེས། ཆོས་རྒྱལ་ཆེན་པོས་ཁྱོད་གང་དུ་འགྲོ་ཞེས་དྲིས་པས། ཁོ་བོས་བརྐོས་པའི་པར་གྱི་ཐོག་མ་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་འབུལ་དུ་འགྲོ་བ་ཡིན་ཞུས་པས། ཆོས་རྒྱལ་ཆེན་པོའི་ཐུགས་ལ་པར་གྱི་ཐོག་མ་འཛོམ་ཐོག་ནས་འཛོམས་པས་པར་ཁང་འཛོམས་པའི་རྟེན་འབྲེལ་ཡིན་དགོངས་ནས་བཞུགས་གནས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཉིན་དགོན་ཕོ་བྲང་དུ་ཕྱིར་ཕེབས་ཏེ། འཁོར་གཡོག་རྣམས་ལ་དེ་རིང་མགྲོན་པོ་གལ་ཆེན་ཞིག་འབྱོར་ངེས་པས་གསོལ་སྟོན་ལེགས་པར་ཤོམས་ཞེས་བཀའ་བསྩལ། མི་རྒན་གྱིས་གླང་ཁྲིད་དེ་སྐུ་ཚེ་ནས་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་འབྱོར་ནས་ད་ལྟར་པར་ཁང་བཞུགས་པའི་ས་དེར་སླེབས་པ་ན། གླང་གནམ་ལ་མཆོང་སྟེ་ཕར་འདྲོགས་ཚུར་འདྲོགས་བྱས་པས་པར་ཤིང་ཕྱོགས་ཀུན་ཏུ་གཏོར་བས། རྒྱལ་པོས་ཉིན་དགོན་ཕོ་བྲང་ནས་མར་གཟིགས་དུས་ཐུགས་དགྱེས་ཏེ། དེ་རིང་རྟེན་འབྲེལ་ཤིན་ཏུ་འགྲིག་སོང་། ངེད་ཀྱི་པར་ཁང་དེའི་རྒྱ་ཁྱོན་ལ་གླང་གིས་པར་ཤིང་གཏོར་སའི་རྒྱ་ཁྱོན་ཙམ་དང་། བཞེངས་སའང་གནས་འདི་ཉིད་དུ་བྱ་དགོས་དགོངས་ནས་དེ་བཞིན་བགྱིད་རྒྱུའི་ཐུགས་ཐག་བཅད། དེ་ནས་ཕོ་བྲང་དུ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མདུན་བཅར་ཏེ་ལོ་རྒྱུས་ཞུས་པས། རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་པས་ད་ལན་བདག་གིས་པར་ཁང་ཞིག་བཞེངས་བསམ་པ་ཡོད་དུས་པར་བརྐོས་དང་འཕྲད་པ་རྟེན་འབྲེལ་ཤིན་ཏུ་བཟང་། ཚེ་མདོའི་པར་ཤིང་ལ་རིན་ཇི་ཙམ་དགོས་ཞེས་གསུངས་པར། རྒྱུ་འགྲོ་སོང་བྱས་ན་མཛོ་མོ་བརྒྱད་དགུ་ཙམ་གྱིས་ཆོག་ས་ཡོད། ཆོས་ཀྱི་ཆེ་བ་བྱས་ན་མཛོ་མོ་བཅོ་ལྔ་བྱས་ནའང་ཆུང་ས་མེད་ཞུས་པས། རྒྱལ་པོས་ཆོས་ཀྱི་ཆེ་བ་ཡིན་གསུངས་ནས་མཛོ་མོ་བཅོ་ལྔ་དང་། དེའི་སྟེང་དུ་དཔའ་དར་ལ་མཛོ་མོ་གཅིག་བཅས་མཛོ་མོ་བཅུ་དྲུག་ཐམ་པ་གནང་ཞེས་གྲགས། ཚེ་མདོའི་པར་ཤིང་དེ་ཉིད་ད་ལྟ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་ཡོད། རྗེས་སུ་མི་ཞིག་གིས་ལྷ་དབང་གིས་བརྐོས་པའི་ཀ་དཔེ་དེ་ཁྱེར་ནས་ཁོ་རང་གིས་བརྐོས་ཚུལ་བཤད་པར། རྒྱལ་པོས་ད་ལན་སྐད་ཆ་གཞན་ཅི་མེད། འདིས་ཁྱོད་རང་གྲོ་ཁ་ཉོ་སྤྱད་གྱིས་གསུངས་ནས་དངུལ་དཀར་རྡོ་ཚད་གཅིག་གནང་བས་ཀ་དཔེ་རྡོ་ཚད་མ་ཟེར། འདི་ཡང་པར་ཁང་ཆེན་མོར་བཞུགས་ཡོད། །

བཞི། རྗེ་བཙུན་སྒྲོལ་མས་པར་གཞིའི་ཤིང་ལུང་པའི་ཕུ་ལ་ཡོད་པའི་ལུང་བསྟན་བྱུང་བ།
        ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཀའ་འགྱུར་པར་དུ་བརྐོ་རྒྱུའི་ཐུགས་ཐག་བཅད་ནས་པར་དུ་བརྐོ་སའི་པར་ཤིང་ལེགས་པ་ཞིག་ཅི་འདྲ་ཡོད་ཡོང་སྙམ་དུ་དགོངས་པ་ན། རྗེ་བཙུན་སྒྲོལ་མས་པར་གཞིའི་ཤིང་ལུང་པའི་ཕུ་ལ་ཡོད་པའི་ལུང་བསྟན་བྱུང་བ་བཞིན་པར་ཤིང་མང་བ་ཞིག་དངུལ་སྲིབ་ལ་ཁ་ནས་བཏུས་ཟེར་ཞིང་། འདི་ནི་སྔ་མོར་རྒྱལ་ཁབ་ཀྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་རི་ནུབ་དར་རྫོང་གི་སྒྲུང་དཔེ་རྙིང་པ་ཞིག་ཏུ་གླིང་རྗེ་གེ་སར་རི་ནུབ་དར་རྫོང་ཕབ་སར་བྱོན་ནས་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཕྱིར་ཕེབས་དུས། ཆིབས་པ་རྣམས་ཚ་བས་གདུང་ནས་མཚོ་འགྲམ་བྱེ་མའི་ནང་ཉལ་བ་ན། གླིང་རྗེ་གེ་སར་གྱིས་བྱེ་མ་བརྐོ་བཅུག་པའི་ནང་ན་ཤིང་འབྲས་ཁྱད་འཕགས་མང་པོ་འདུག་པ་ཁུར་འགྲོ་དགོས་གསུངས། ཤིང་འབྲས་འདི་ཅི་འདྲ་རེད་ཅེས་ཞུས་པས། མཚོ་ཆེན་པོ་མ་དྲོས་པའི་འགྲམ་ན་འཛམ་བུའི་ཤིང་ཞེས་བྱ་བ་ཡོད་པའི་འབྲས་བུ་མཚོ་ནང་དུ་ལྷུང་བ་རིམ་པས་རྒྱ་མཚོ་ཆེན་པོར་ཁྱེར་བྱུང་བ་མཚོ་འགྲམ་བྱེ་མའི་ནང་དུ་བསྐྱིལ་བ་རེད་གསུངས། དེ་ནས་གླིང་རྗེ་སྐུ་འཁོར་རྣམས་རིམ་པས་བྱོན་ཏེ་མདོ་ཁམས་གླིང་ཡུལ་ད་ལྟ་སྡེ་དགེ་ལྷུན་གྲུབ་སྟེང་དུ་གྲགས་པའི་ས་ཆ་འདིར་ཕེབས་པ་ན། གླིང་རྗེ་གེ་སར་གྱིས་སྔར་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཁྱེར་ཡོང་བའི་ཤིང་འབྲས་རྣམས་འདེབས་དགོས་གསུངས་ནས་ལུང་པའི་ཕུ་ལ་འདེབས་པར་མཛད། དེའི་རྒྱུ་མཚན་ཅི་ལགས་ཞུས་པས། ཡུལ་འདིར་མ་འོངས་པར་ཆོས་རྒྱལ་བུ་རིན་པོ་ཆེ་བྱ་བས་རྒྱལ་བའི་གསུང་རབ་པར་དུ་བཞེངས་པའི་པར་ཤིང་བྱེད་དགོས་རེད་ཅེས་གསུངས་པ་ཡོད་ཚུལ་སྒྲུང་ཡིག་དེ་དངོས་སུ་མཇལ་མྱོང་བའི་མིས་བཤད་པ་དང་ཤིན་ཏུ་མཐུན་པ་འདུག་པར་མ་ཟད། དངུལ་སྲིབ་ལ་ཁར་ཤིང་སྡོང་གི་རྟིང་པ་ལུས་པ་དུས་ཕྱིས་ཀྱི་བར་དུ་ཡོད་ཅེས་དེ་ཉིད་དངོས་སུ་མིག་མཐོང་བྱུང་བ་བཤད། དེས་ན་བཀའ་འགྱུར་གྱི་པར་ཤིང་འདི་ཤིན་ཏུ་རྩ་ཆེན་པོ་ཡིན་ཕྱིར་དགུན་དུས་པར་བརྐོས་རྣམས་རང་ཡུལ་དུ་ཕྱིར་ལོག་དུས་པར་ལྡེབ་ཁ་ཤས་བརྐོ་རྒྱུ་བསྐུར་སྐབས་པར་ཤིང་བརྗེ་འགྲོ་བའི་དོགས་པས་རེད་ཟེར་ནས་དཀོན་བརྩེགས༼པོད་ག་པ་སོགས༽ དང་ཕལ་ཆེན། མདོ་སྡེ་སོགས་བཀའ་འགྱུར་གྱི་པར་ཤར་ཉིས་བརྒྱ་གྱ་བརྒྱད་ཙམ་གྱི་པར་ཡུའི་ངོས་ལ་སྡེ་དགེའི་སྡིག་ཐམ་བརྒྱབ་ཡོད་ཅིང་། བཀའ་འགྱུར་གྱི་པར་ཤིང་འདི་པར་ཁང་གི་པར་ཤིང་གཞན་དང་གཏན་ནས་མི་འདྲ་བར་ཤིང་མདོག་དཀར་པོ་བ་སོ་འདྲ་བ་རུས་ཀ་ཆེན་པོ་ཅན་ལོ་རེ་བཞིན་ཚར་གྲངས་ཅི་ཙམ་མང་པོ་བཏབ་ཀྱང་ཟད་སྐྱོན་ཆེར་འགྲོ་རྒྱུ་མེད་པའི་ངོ་མཚར་ཆེན་པོ་ཞིག་ཡོད་པ་ཡིན།

ལྔ། བྱ་ཕོ་རོག་གིས་བཀའ་འགྱུར་འདེབས་བྱེད་མཚལ་གཏེར་ལུང་པའི་ཤར་ལ་ཡོད་པ་བསྟན་པ།
        དེའང་བཀའ་འགྱུར་པར་བརྐོས་གྲུབ་ནས་པར་འདེབས་ཁར་བཀའ་འགྱུར་ལྷ་ཁང་གི་སྟེང་དུ་བྱ་ཕོ་རོག་ཞིག་གིས་རྡོ་ཤེལ་དཀར་འདྲ་ལ་མདོག་དམར་དྭངས་ཅན་ཞིག་མཆུས་བཙག་ཅིང་ཕར་འཕུར་ཚུར་འཕུར་བྱེད་བཞིན་པས། མི་རྣམས་ཀྱིས་བྱས་རྡོ་མཆུས་བཙག་པ་གཡང་ཡིན་དང་ལྟས་ངན་ཡིན་ཞེས་ལབ་གླེང་བྱས།

        པར་མཁན་ཞིག་ཁང་སྟེང་དུ་སོང་ནས་སྔོན་བྱས་རྡོ་བཙག་མལ་ལ་བལྟ་དུས་མདོག་དམར་ཞིང་སྨུག་ལ་དྭངས་གསལ་ལྡན་པ་ཞིག་གི་རྗེས་ཤུལ་ཡོད་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། ཤོག་བུའི་ཐོག་བྱུགས་པས་སྔོན་མཚལ་ཞེས་པའི་རྡོ་ཚོན་ཡིན་པ་ཤེས་ནས་དེའི་གཏེར་ཁ་གར་ཡོད་བཙལ་གྲབས་སྐབས། ཕོ་རོག་དེ་སླར་པར་ཁང་གི་བྱང་ནུབ་མཚམས་སུ་འཕུར་ལྡིང་འགའ་བྱས་པར་བརྟག་ཅིང་བཙལ་བས། མཐར་དཔའ་འོག་མཛེས་ནང་ཞེས་པའི་ལུང་པའི་ཕུ་རྫ་སྤོང་གཉིས་ཀྱི་མཚམས། ཕྱིས་སུ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སྨན་དིལ་མགོ་ཞེས་བཏགས་པའི་རི་དིལ་ནས་མཚལ་རྡོ་བརྐོས་རབས་བཤད་སྲོལ་ཡོད།

དྲུག གསེར་ལུག་གི་མགོ་ཙམ་ཞིག་པར་ཡོན་ལ་ཕུལ་ཚུལ།
        དེ་ནས་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཡབ་སྲས་ཀྱིས་ཐུགས་བརྩོན་ཆེན་པོས་ཆོས་སྦྱིན་མི་ཟད་འདོད་པ་འབྱུང་བའི་ཕྱི་མོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་བཞེངས་དུས་ད་རེས་འདི་འདྲའི་རྟེན་བཞེངས་ཆེན་པོ་ཞིག་བྱེད་དུས་སྒྲིབ་པའི་དཔུང་ཆེན་པོ་གཞོམ་ཞིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསག་པའི་ཕྱིར་པར་ཡོན་ཤིན་ཏུ་ཆེ་བ་ཞིག་འབུལ་དགོས་གསུངས་ནས་མཚམས་རེ་ལ་པར་མིག་གསེར་ཕྱེས་བཀང་ནས་པར་ཡོན་ཕུལ་བའང་བཤད་ཅིང་། དེའང་སྔར་ཨ་ལོ་དིང་རིང་སྒང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་འཁྲུངས་ནས་ཡུན་རིང་མ་སོང་དུས་ཁུ་བོ་ཨ་ལོ་བླ་མ་ཀུན་མཁྱེན་གྱིས་མགོན་ལྕེ་གཤིས་མཁར་ནག་ཆུ་འགྲམ་སྤོང་ཐོག་ལ་བཞུགས་གྲྭ་བསྒྲིགས་ནས་སི་ཏུ་སྐུ་བདག་མཛད་དུ་རྒྱལ་པོ་ཕེབས་དགོས་ཞུ་དུས། མཁར་ནག་ཆུ་མགོ་ན་རྡོ་ནག་ལྕི་མོ་ཇ་བག་འདྲ་ཞིག་འདུག་པ་བླངས་ནས་རྒྱལ་པོའི་གསོལ་སྐྱག་བྱས་པས་རྒྱལ་པོ་ཕེབས་ཁར་འདི་ང་ལ་དགོས་གསུངས་ནས་རུམ་དུ་བཅུག་སྟེ་བསྣམས་སོང་བ་དེ་ཉིད་དོན་ལ་གསེར་ཡིན་པ་ཀླུ་མཁར་ནག་གིས་རྒྱལ་པོ་ལ་ཕུལ་བར་གྲགས་པ་དང་། པར་ཁང་ཆོས་མཛོད་ཆེན་མོ་བཞེངས་རྒྱུའི་ཐུགས་བཀོད་གནང་སྟེ་ས་འདུལ་རྟེན་འབྲེལ་བཅས་གྲུབ་ནས་ས་སྔོག་སྐབས་གསེར་ལུག་གི་མགོ་ཙམ་ཞིག་ཐོན་པ་སོགས་རྒྱལ་པོ་རང་གི་བསོད་ནམས་ཀྱི་སྟོབས་ལས་སྔ་རྗེས་སུ་གསེར་མང་པོ་འབྱོར་བ་རྣམས་ཁོང་གིས་པར་ཁང་བཞེངས་པའི་མ་རྩ་འགྲོ་སོང་བྱ་རྒྱུའི་ཐུགས་ཐག་བཅད་པ་ལྟར་པར་ཡོན་ལ་ཕུལ་བ་ཡིན་ཚུལ་གསུངས།

བདུན། ཤ་སྐལ་ཆུང་ཆུང་གྱིས་ཞེས་བཟླས་པས་ཡིག་འབྲུ་ཆུང་ཆུང་བྱས་ནས་བརྐོས་ཚུལ།

        ཡང་དེ་སྐབས་པར་རྐོ་རྣམས་ལ་ཤ་སྐལ་སྦྱིན་རྒྱུ་ཡོད་པར། པར་བརྐོས་འབྲོག་པའི་གྲྭ་ཕྲུག་ཤ་མང་པོ་བཟའ་དགོས་པ་ཞིག་ཡོད་པ་ལ་པར་དཔོན་གྱིས་ཤ་སྐལ་ཆུང་ཆུང་གྱིས་ཞེས་བཟླས་ཏེ་ཤ་སྐལ་ཆུང་ཆུང་ལས་མ་སྦྱིན་པས་རྐྱེན་བྱས། གྲྭ་ཕྲུག་དེས་མདོ་སྡེ་དཀོན་མཆོག་བརྩེགས་པ་རྐོ་ནས་ཡོད་དུས་ཡི་གེ་ཤ་རྣམས་ཆུང་ཆུང་བྱས་ནས་བརྐོས། པར་རྩིས་ལེན་སྐབས་གྲྭ་ཕྲུག་གིས་ཤ་རྣམས་ཆུང་ཆུང་ལས་བརྐོས་མེད་པས་ཅི་ཡིན་བཟླས་དུས། པར་དཔོན་ལགས་ཀྱིས་གྲྭ་ཕྲུག་གི་ཤ་ཆེ་འགྲོ་འདུག་ཟེར་བ་གོ་བས། ངས་ཤ་ཆེན་པོ་རེད་འགྲོ་ཡིན་འདུག་བསམ་ནས་ཆུང་ཆུང་བྱས་པ་ཡིན་ཞེས་ཟེར། དེའི་ཚུལ་གཞན་གྱིས་གོ་དུས་དེ་ཡང་རྟགས་རྟེན་ཞིག་རེད་བཟླས་ནས་དེ་འཕྲོས་ཀྱི་དཀོན་བརྩེགས་རྣམས་ཤ་ལྟར་ཡིག་འབྲུ་ཆུང་ཆུང་བྱས་ནས་བརྐོས་རབས་བཤད།

བརྒྱད། རྗེ་བཙུན་སྒྲོལ་མས་མེར་དོམ་པོ་ཞེས་གསུང་འབྱོན་པ།
        སྡེ་དགེ་པར་ཁང་ནང་དུ་མཚན་མོར་མི་སྡོད་མཁན་མེད་པ་དང་། ལྷག་པར་དུ་པར་ཁང་གི་ལས་ར་ཁག་གི་ནང་དུ་བུ་མོ་མེད། ཉིན་ཞིག་གི་དགུན་ཁའི་མཚན་མོ་པར་ཁང་ནང་ནས་མེར་དོམ་པོ། མེར་དོམ་པོ་ཞེས་བུ་མོའི་འབོད་སྐད་གསལ་ཐག་ཆོད་ཅིག་བྱུང་བ་ཉེར་སྐོར་གྱི་མི་མང་པོས་ཐོས་དེ་བཞིན་མཚན་མོ་མང་པོ་ཞིག་ལ་མེར་དོམ་པོ་ཞེས་པའི་སྔོན་མའི་འབོད་སྐད་ལྟར་བྱུང་བ་ལ་མི་རྣམས་ཧ་ལས་ཏེ། འདི་གཅིག་བྱས་ན་ལྷ་ཡིས་ལུང་བསྟན་ཡིན་ཤས་ཆེ། གཅིག་བྱས་ན་བུ་མོ་ཞིག་ནང་དུ་འཛུལ་ནས་འབོད་པ་འདྲ། གང་ལྟར་ཅི་ཡིན་བལྟ་དགོས་ཞེས་བསམ་ནས་མགོན་བླ་སོགས་པར་ཁང་ནང་དུ་གབ་ནས་འདུག་སྐབས། ཡང་སྔོན་ནུབ་ཀྱི་དུས་དང་འབོད་སྒྲ་ལྟར་བྱུང་བས། མི་རྣམས་ཀྱིས་འབོད་སྐད་ཐོན་སའི་ཕྱོགས་ལ་ལྟ་དུས་བུ་མོ་ཞིག་ལྷང་ངེར་མཐོང་བས། དེ་གར་འགྲོ་རྗེས་དེད་དེ་སོང་བས་དེང་གི་བཀའ་འགྱུར་ཁང་གི་བར་དུ་འབོད་ཞོར་དུ་སོང་། ད་ལྟ་གྱང་ངོས་སྒྲོལ་མའི་སྐུ་ཡོད་ས་དེར་སླེབས་དུས་ག་སོང་ཆ་མེད་དུ་གྱུར། ཡུན་རིང་མ་སོང་བར་གྱང་ངོས་དེར་གསལ་ལ་མི་གསལ་བའི་སྒྲོལ་མའི་སྐུ་སྐྱ་མ་ཞིག་དོད་འདུག་པས། མི་རྣམས་ཀྱིས་གཞི་ནས་མེར་དོམ་པོ་ཞེས་འབོད་མཁན་དེ་རྗེ་བཙུན་སྒྲོལ་མ་སྐུ་ངོ་མས་གསུང་འབྱོན་པ་ཡིན་པར་ཤེས། དེ་རྗེས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སྐབས་དེ་ལ་ཚོན་མདངས་བྱེད་སྐབས་སྤྱན་འབྱེད་བྱ་རྒྱུ་མ་གྲུབ་ནས་ཞག་གཅིག་ལུས་པས། ཕྱི་ཉིན་མར་སྤྱན་རང་ཤུགས་སུ་དོད་པ་དང་། དེང་སོང་ཡང་སྤྱན་གཉིས་པོ་འོད་རབ་ཏུ་གསལ་བ་དང་སྐབས་རེར་འོད་མེད་པར་འགྱུར་འགྲོ་བ་སོགས་རྒྱུས་ཡོད་རྣམས་ལ་ཟེར་སྒྲོས་འདུག །དེ་ལྟར་སྡེ་དགེ་པར་ཁང་གི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས་ངོ་བོ་ཀུན་འདུས་ཀྱི་བདག་ཉིད་རྗེ་བཙུན་སྒྲོལ་མ་ཡིན་པས། གནའ་སྔ་མོ་ནས་བཟུང་རྒན་རབས་རྣམས་ཀྱིས་སྒྲོལ་མའི་གཟུངས་སྔགས་དང་ཕྱག་འཚལ་ཉེར་གཅིག་གི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་འདོན་དུ་བྱེད་པ་དང་། པར་ཁང་ལ་ཕྱག་མཆོད་བྱས་པར་བརྟེན་ནས་བདུད་སྡིག་ཅན་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྲགས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1