ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཧྲང་ཧེ་ཞི་བདེ་གསོལ་ཁང་ནས་གསོལ་སྟོན་བཤམས་ཏེ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་པར་ཡོང་བའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་དགའ་བསུ་ཞུས། འདི་ནི་ཞི་ཅིན་ཕིང་གིས་ཞུ་ཚིག་འབུལ་བའི་ཚུལ་རེད།
འདི་ནི་གསོལ་སྟོན་གྱི་སྔོན་ལ། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བཟའ་ཟླ་གཉིས་དང་། ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་བཟའ་ཟླ་གཉིས། ཞི་ལའི་ཙུང་ལི་མུས་ཙོ་ཐ་ཅི་སི་བཟའ་ཟླ་གཉིས། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་བཟའ་ཟླ་གཉིས་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་དང་མཉམ་དུ་བསྐྱོན་པའི་པར་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཚེས་བཞི་ཉིན་གྱི་དགོང་མོར་ཧྲང་ཧེ་ཞི་བདེ་གསོལ་ཁང་ནས་གསོལ་སྟོན་བཤམས་ཏེ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་པར་ཡོང་བའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་དགའ་བསུ་ཞུས།
དགོང་མོའི་དུས་ཚོད་དྲུག་གི་སྟེང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བཟའ་ཟླ་གཉིས་དང་། ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་བཟའ་ཟླ་གཉིས། ཞི་ལའི་ཙུང་ལི་མུས་ཙོ་ཐ་ཅི་སི་བཟའ་ཟླ་གཉིས། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་བཟའ་ཟླ་གཉིས་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་སྔ་གཞུག་ཏུ་ཐོན་ལ། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་ཁོ་ཚོ་དང་བརྩེ་བའི་གསུང་གླེང་མཛད་པར་མ་ཟད་དྲན་རྟེན་མཉམ་པར་བླངས།
དགོང་མོའི་དུས་ཚོད་བདུན་གྱི་སྟེང་། གསོལ་སྟོན་མགོ་བརྩམས། ཞི་ཅིན་ཕིང་གིས་ཞུ་ཚིག་ཕུལ་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཧྲང་ཧེ་གྲོང་ཁྱེར་ནི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོར་ཆགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ཀྲུང་གོས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ནས། ང་ཚོར་འཛམ་གླིང་བཟང་ན་ད་གཟོད་ཀྲུང་གོ་བཟང་བ་དང་ཀྲུང་གོ་བཟང་ན་ད་གཟོད་འཛམ་གླིང་སྔར་ལས་བཟང་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་སོང་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ནི་དུས་ཡུན་ཐུང་ངུའི་ནང་མེད་པ་ནས་ཡོད་པར་གྱུར་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཁེ་ལས་སྣ་ཚོགས་ཡོངས་ཁྱབ་ཏུ་བཀག་སྟེ། འཛམ་གླིང་ཡོངས་ཀྱི་ཉོ་འཚོང་འཕེལ་རྒྱས་ལོ་རྒྱུས་སྟེང་གི་གསར་གཏོད་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དུས་རབས་གསར་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་བསྡུས་ཏེ་རང་འགུལ་གྱིས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་པ་ནི། སྐོར་ཐེངས་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་བསྐྲུན་པ་བཅས་ཀྱི་རང་འགུལ་གྱི་བྱ་སྤྱོད་ཅིག་ཡིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྟེང་གི་ཉོ་འཚོང་ནི་ཚོང་རྫས་དང་ཞབས་ཞུ་ཡིན་ལ། བརྗེ་རེས་ནི་རིག་གནས་དང་འདུ་ཤེས་ཡིན་ཞིང་། བསུ་བཞིན་པ་ནི་གླིང་ལྔའི་མགྲོན་པོ་ཡིན་ལ། བསམ་བཞིན་པ་ནི་གནམ་འོག་གི་ཁེ་ཕན་ཡིན་པ་དང་། བསྟུན་བཞིན་པ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་ཡིན། ང་ཚོས་མཉམ་ལས་ཀྱི་གྲུ་སྐྱ་ཤེད་ཀྱིས་གཡུགས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་ཤར་རླུང་ལ་བརྟེན་ནས། འཛམ་གླིང་དཔལ་འབྱོར་གྱི་གྲུ་གཟིགས་འདི་ཉིད་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་ཀའི་ཕྱོགས་སུ་ཤར་མར་བསྐྱོད་དུ་འཇུག་དགོས་ཟེར།
གསོལ་སྟོན་དེ་དགའ་སྐྱིད་ཀྱི་རྣམ་པའི་ཁྲོད་ནས་བསྡུས་པ་དང་། ཚང་མས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས་པ་དང་། རྒྱལ་ཁབ་སོ་སོ་དར་རྒྱས་གོང་འཕེལ་འབྱུང་ཞིང་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུས།