གངས་ཕྲུག་སྟོང་གི་གཤོག་རྩ་རྒྱས་གྱུར་ནས་། གངས་ཅན་ལྗོངས་ཀྱི་མ་འོངས་མཚར་སྡུག་སྐྲུན་།—ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་རིག་ཚན་གྱི་འཛུགས་སྐྲུན་གླེང་བ།

ངེད་གསར་འགོད་པ་རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ནི་ཁྱད་ལྡན་སློབ་གླིང་དང་ཁྱད་ལྡན་རིག་ཚན་ཞེས་ཁྱད་ཆོས་ཟུང་ལྡན་གྱི་མཚན་བཟང་ལྡན་ཞིང་། སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་དང་། སི་ཁྲོན་ཞིང་ཆེན། དེ་མིན་རྒྱལ་ཁབ་དམངས་ཨུའི་འཛུགས་སྐྲུན་རིག་ཚན་འགངས་ཆེན་ཞིག་དང་། ལྷག་པར་དུ་རྒྱལ་ཁབ་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་ཆེན་གྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་རྟེན་གཞི་ཡིན། 2018ལོར། ལྷོ་ནུབ་མི་རིགས་སློབ་ཆེན་ལ་ཀྲུང་གོའི་སྐད་ཡིག་རྩོམ་རིག་གི་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་ཀྱི་དབང་ཆ་སྤྲད་པ་དང་། བོད་རིག་པའི་སློབ་གླིང་གིས་རིམ་པ་གཉིས་པའི་རིག་ཚན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གིས་བོད་སྐད་ཡིག་ཕྱོགས་ཀྱི་འཛུགས་སྐྲུན་ལས་དོན་འགན་འཁུར་བཞིན་2019ལོར་སློབ་མ་བསྡུ་འགོ་ཚུགས། བོད་སྐད་ཡིག་རྩོམ་རིག་ཆེད་ལས་དེ་ཆེད་སྦྱོང་ཚན་ཁག་ནས་དངོས་གཞིའི་ཚན་ཁག དེ་བཞིན་རབ་འབྱམས་པ་དང་འབུམ་རམས་པ་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་མི་རིགས་ས་ཁུལ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

ཁྱད་ལྡན་འཕེལ་རྒྱས་ནི་རིག་ཚན་འཛུགས་སྐྲུན་གྱི་བཞུད་ལམ་རིང་མོ་ཡིན།

  བོད་སྐད་ཡིག་རྩོམ་རིག་དེ་ཁྱད་ཆོས་མངོན་གསལ་དོད་ཅིང་། ཆུ་ཚད་མཐོ་བ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དགེ་མཚན་ལྡན་པའི་རིག་ཚན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ནི་བོད་སྐད་ཡིག་རྩོམ་རིག་རིག་ཚན་འཛུགས་སྐྲུན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་པ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་། རིག་ཚན་སྣོལ་སྡེབ་བྱེད་པ་དེ་མཐོ་རིམ་སློབ་ཆེན་གྱི་རིག་ཚན་འཕེལ་རྒྱས་ཀྱི་ཤུགས་རྒྱག་ཡུལ་གལ་ཆེན་ཞིག་ཏུ་གྱུར་བ་དང་། བོད་སྐད་ཡིག་རྩོམ་རིག་འཕེལ་རྒྱས་གཏང་དགོས་ན་སྲོལ་རྒྱུན་རིག་ཚན་དང་རིག་ཚན་གཞན་པ། སློབ་གླིང་ཚན་ཁག་ཕན་ཚུན་བར་གྱི་བཀག་རྒྱ་ལས་གྲོལ་ཏེ། མདུན་གྲལ་དང་རིག་ཚན་ཁྱབ་ཁོངས་སུ་རིག་ཚན་གསར་པ་གསོ་སྐྱོང་བྱ་དགོས་མོད། དེ་བཞིན་དུ་རིག་ཚན་རང་ངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྨང་གཞིའི་ཐོག བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་རིག་ཚན་གྱི་སྲོག་ཤིང་བྱས་ཤིང་། བོད་ཡིག་ཡིག་ཚགས་དང་མཚན་ཉིད་རིག་པ་སོགས་འབྲེལ་ཡོད་རིག་ཚན་གྱིས་འདེགས་སྐྱོར་བྱེད་པ་དང་། ལྷག་པར་དུ་བོད་ཁུལ་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་དམིགས་པའི་སྐད་གཉིས་ཉེར་སྤྱོད་རིག་ཚན་མ་ལག་གིས་རམ་འདེགས་བྱས་ཏེ། ཁྱད་ཆོས་འབུར་དུ་ཐོན་པའི་རིག་ཚན་འཛུགས་སྐྲུན་གྱི་རྣམ་པ་ཆགས་ཡོད།

འདི་ལྟ་བུའི་རིག་ཚན་འཛུགས་སྐྲུན་རྣམ་པས་སྲོལ་རྒྱུན་གྱི་བོད་སྐད་ཡིག་རྩོམ་རིག་གཙོས་པའི་ཁྱད་ལྡན་རིག་ཚན་དང་བོད་སྐད་ཡིག་གི་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པའི་རིག་ཚན་དང་འབྲེལ་ཡོད་ཆེད་ལས་ཕན་ཚུན་སྣོལ་སྡེབ་དང་།
མཉམ་འདྲེས་ལ་སྐུལ་འདེད་བྱས་ཤིང་། རིག་ཚན་བར་མཉམ་སྦྲེལ་གསབ་རེས་དང་། མཉམ་གནས་མཉམ་དར་གྱི་ལམ་ལུགས་གྲུབ་པར་མ་ཟད། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རིག་ཚན་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཕན་ནུས་དང་། སྣོལ་སྡེབ་ཕན་ནུས། འཕྲེད་འབྲེལ་ཕན་ནུས་མངོན་འགྱུར་བྱུང་སྟེ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་དང་བོད་རྒྱ་སྐད་གཉིས་ཀྱི་རིག་ཚན་མང་བའི་ཁྱད་ཆོས་དང་དགེ་མཚན་ཕྱོགས་གཅིག་ཏུ་གྲུབ་པ་དང་། བོད་རྒྱ་སྐད་གཉིས་ཀྱི་རིག་ཚན་འཕར་གཞི་གསར་པ་གསོ་སྐྱོང་བྱས་པར་མ་ཟད། བོད་སྐད་ཡིག་རྩོམ་རིག་དང་བོད་རྒྱ་སྐད་གཉིས་ལེགས་པོར་མཐུན་སྦྱོར་བྱས།

2018ལོར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ལ་འབུམ་རམས་པའི་ས་ཚིགས་ཀྱི་དབང་ཆ་ཐོབ་སྟེ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་དེ་རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་ཆེན་གྱི་རིགས་མཐུན་ཁྱབ་ཁོངས་སུ་དངོས་གཞིའི་བསླབ་གནས་ནས་རབ་འབྱམས་པའི་བསླབ་གནས་དང་། དེ་ལས་འབུམ་རམས་པའི་བསླབ་གནས་ཀྱི་ཆེས་མཐོའི་གསོ་སྐྱོང་དམིགས་འབེན་མངོན་འགྱུར་བྱུང་། 2019ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆེད་ལས་དེ་སི་ཁྲོན་ཞིང་ཆེན་གྱིས་ཆེད་ལས་འཛུགས་སྐྲུན་ས་ཚིགས་རྩེ་གྲས་སུ་ཚུད། འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་། སློབ་ཁྲིད་ཚན་ཞིབ་ཀྱི་གྲུབ་འབྲས་དང་རིག་ཚན་འཕེལ་རྒྱས་སོགས་ལྟོས་བཅས་ཀྱིས་རིགས་མཐུན་ཆེད་ལས་ཁྱབ་ཁོངས་ཀྱི་སྔོན་ཐོན་དང་དམིགས་བསལ་གྱི་གནས་བབ་མཚོན་ཐབས་ཤིག་གོ །

2019ལོའི་ཟླ་9པར། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་སྐབས་དང་པོའི་བོད་སྐད་ཡིག་རྩོམ་རིག་གི་འབུམ་རམས་པ་གསོ་སྐྱོང་བྱེད་འགོ་ཚུགས་ཤིང་། གསོ་སྐྱོང་འཆར་གཞིས་རིག་ཚན་ཁ་ཕྱོགས་དང་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། གཙོ་བོར་གནའ་བོའི་བོད་ཡིག་བརྡ་སྤྲོད་ཞིབ་འཇུག་དང་། བོད་སྐད་ཡིག་ཞིབ་འཇུག བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གཞུང་ལུགས་ཞིབ་འཇུག བོད་ཀྱི་གནའ་བོའི་རྩོམ་རིག་ཞིབ་འཇུག བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གཞུང་ལུགས་ཞིབ་འཇུག བོད་སྐད་ཡིག་བརྡ་སྤྲོད་གཞུང་ལུགས། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་སོགས་ཀྱི་ཁྱད་ལྡན་བསླབ་ཚན་འབོར་ཆེན་འཛུགས་གཉེར་བྱས།
ཚན་རིག་ཞིབ་འཇུག་ནི་རིག་ཚན་འཛུགས་སྐྲུན་གྱི་སྒུལ་ཤུགས་ཆེན་མོ་ཡིན།
དེ་ཡང་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་སྲོག་ཤིང་བྱས་ཤིང་། བོད་སྐད་ཡིག་རྩོམ་རིག་རིག་ཚན་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་། བོད་སྐད་ཡིག་རྩོམ་རིག་བསླབ་ཚན་འཛུགས་སྐྲུན་རྨང་གཞི་བྱས་པ། དེ་བཞིན་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་འབེན་བྱས་པ་དང་། ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་བརྟེན་ནས་རིག་ཚན་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། ཞིབ་འཇུག་སློབ་མའི་སློབ་གསོའི་འཕེལ་རྒྱས་ལའང་སྐུལ་འདེད་ཆེན་པོ་ཐོབ།

ཉེ་བའི་ལོ་ཤས་རིང་། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་རྣམས་ཀྱིས་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བ། རིམ་པ་མཐོ་བའི་ཚན་ཞིབ་རྣམ་གྲངས་འབོར་ཆེན་ཞིག་འགན་འཁུར་བཞིན་ཡོད་དེ། དཔེར་ན། སྔ་གཞུག་ཏུ་གཙོ་སྐྱོང་བྱས་པའི་《བོད་ཡིག་པར་བརྐོས་ཡིག་རྙིང་གི་འབྱུང་ཁུངས་དང་འཕེལ་རྒྱས།》 《བོད་ཡིག་དཔེ་རྙིང་དག་སྒྲིག་དང་གྲངས་གཞི་ཅན་ཞིབ་འཇུག་གི་གཞི་གྲངས་ཀྱི་སྟེགས་བུ་འཛུགས་སྐྲུན།》 《བོད་སོག་གསོ་རིག་ལོ་རྒྱུས་དང་ད་ལྟའི་གནས་བབ་ཞིབ་འཇུག》 《བོད་ཡིག་དམངས་ཁྲིམས་སྐོར་གྱི་ཡིག་རྙིང་དག་སྒྲིག་དང་ཞིབ་འཇུག 》སོགས་རྒྱལ་ཁབ་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཚོགས་པའི་རྣམ་གྲངས་ཆེ་ཤོས་བཞི་དང་། 《སཾསྐྲྀཏ་དང་ཚད་མ་རིག་པའི་ཡིག་རྙིང་ཁྲོད་ཀྱི་ཐལ་འགྱུར་སྐོར་གྱི་ཞིབ་འཇུག》 《ཁམས་པའི་བོད་ཁུལ་གྱི་རྟའུའི་ཡུལ་སྐད་ཀྱི་རྟོག་ཞིབ་དང་ཞིབ་བསྡུར་ཞིབ་འཇུག》 སོགས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པས་རོགས་སྐྱོར་གནང་བའི་རྣམ་གྲངས་25དང་། ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་30ལྷག་ལེགས་པར་གྲུབ།

ཚན་རིག་ཞིབ་འཇུག་རྣམ་གྲངས་དེ་དག་གིས་སྣེ་ཁྲིད་འོག བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་གོང་འཕེལ་བྱུང་ཞིང་། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་རིག་གཞུང་སྡེ་ཁག་དང་སྤྱི་ཚོགས་ཁྲོད་ནས་མཚན་སྙན་ཆེན་པོ་ཐོབ། རྣམ་གྲངས་གྲུབ་འབྲས་ལ་སི་ཁྲོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་དང་། རྒྱལ་ཁབ་དམངས་ཨུའི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་སོགས་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་བསྡོམས་པས་21ཐོབ། སློབ་གླིང་དགེ་རྒན་གྱིས་གཙོ་སྐྱོང་བྱས་པའི་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་ཞིབ་འཇུག་ཚོགས་པ་ལས་སི་ཁྲོན་གྱི་བོད་འབྲེལ་ཡིག་ཚགས་གཞི་གྲངས་རིག་མཛོད་འཛུགས་སྐྲུན་དང་ཀྲུང་གོའི་བོད་རིག་པའི་སྐད་བརྡ་མ་ལག་སྒྲིག་འཛུགས་ཀྱི་ཚོགས་པ། སི་ཁྲོན་ཞིང་ཆེན་ཁམས་བོད་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་གསར་གཏོད་ཚོགས་པ་སོགས་རིག་གཞུང་སྟེགས་བུས་ཀྱང་བོད་སྐད་ཡིག་རྩོམ་རིག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།

ཚན་རིག་ཞིབ་འཇུག་ནི་སློབ་མས་སློབ་སྦྱོང་དང་ཞིབ་འཇུག་གི་རྨང་གཞི་གལ་ཆེན་དུ་གྱུར་ཞིང་།


 ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཟུང་སྦྲེལ་བྱེད་པ་དེ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆེས་ནུས་ལྡན་གྱི་ཐབས་ལམ་དུ་གྱུར་བ་དང་། འབྲེལ་ཡོད་བོད་སྐད་ཡིག་ཟིན་བྲིས་ཀྱི་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པའི་བསླབ་ཚན་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོར་གྱུར།

བོད་སྐད་ཡིག་རྩོམ་རིག་གི་ཞིབ་འཇུག་སློབ་མའི་སློབ་གསོར་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱིས་རྟེན་གཞི་བྱས་ཏེ། ཚན་རིག་ཞིབ་འཇུག་དེ་ཞིབ་འཇུག་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་བཅུག་སྟེ། ཚན་རིག་ཞིབ་འཇུག་གིས་སློབ་ཁྲིད་ལ་སྐུལ་འདེད་གཏང་རྒྱུ་ནི་བོད་སྐད་ཡིག་རྩོམ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་སྲུང་ཡིན།

དུས་མཚུངས་སུ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་སློབ་གསོ་བཅོས་བསྒྱུར་རྣམ་གྲངས། དེ་མིན་སྤུས་ལེགས་སློབ་ཚན་འཛུགས་སྐྲུན་སོགས་རྣམ་གྲངས་ཀྱི་གྲོན་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་སློབ་ཁྲིད་བཅོས་བསྒྱུར་ལ་སྐུལ་འདེད་དང་། ཆེད་ལས་འཛུགས་སྐྲུན་དང་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན། དེ་བཞིན་ཆེད་ལས་འཛུགས་སྐྲུན་དང་རིག་ཚན་འཛུགས་སྐྲུན་གཙིགས་སུ་བཟུང་སྟེ། དགེ་རྒན་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ནང་རྐྱེན་འཛུགས་སྐྲུན་ལ་ལྟ་སྐུལ་བྱས་ཏེ། སློབ་ཁྲིད་དོ་དམ་ལས་ཀ་རིམ་བཞིན་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་དོ་དམ་གྱི་ལམ་དུ་བསྐྱོད་པ་རེད།

དགེ་རྒན་གྱི་དཔུང་སྡེ་ནི་རིག་ཚན་འཛུགས་སྐྲུན་གྱི་རྨང་རྡོ་བརྟན་པོ་ཡིན།
དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ནི་རིག་ཚན་འཛུགས་སྐྲུན་གྱི་རྨང་གཞི་ཡིན་ཏེ། ལོ་ངོ་70ལྷག་གི་འཕེལ་རྒྱས་བརྒྱུད་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ལ་ཆུ་ཚད་མཐོ་ཞིང་ལས་སྒོར་བྱང་ཆུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཆགས་འདུག

ཉེ་བའི་ལོ་ཤས་རིང་། བོད་རིག་པའི་སློབ་གླིང་གི་དངོས་གཞི་དང་ཞིབ་འཇུག་སློབ་མའི་སློབ་ཁྲིད་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་། ལེགས་སྒྲིག་གང་མང་བརྒྱུད། སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་དང་བོད་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་དཔུང་ཁག་འཛུགས་སྐྲུན་ལ་ཐོག་མའི་གཞི་ཁྱོན་ལྡན་ཞིང་། སྒྲིག་ཁོངས་ཀྱི་གྲངས་འབོར་དང་། སློབ་གཉེར་གྱི་བརྒྱུད་རིམ། ལས་ཀའི་གོ་གནས། ཤེས་བྱའི་གྲུབ་ཚུལ་བཅས་ཚང་མ་ལུགས་མཐུན་ཅན་དུ་འཕེལ་རྒྱས་བྱུང་བ་དང་། ཆེད་ལས་ཀྱི་གྲུབ་ཚུལ་དང་། རིག་གནས་ཀྱི་གྲུབ་ཚུལ། ལོ་ཚོད་ཀྱི་གྲུབ་ཚུལ་བཅས་ཀྱང་ལེགས་འགྱུར་བྱུང་སྟེ། བོད་སྐད་ཡིག་རྩོམ་རིག་སློབ་ཁྲིད་ཞིབ་འཇུག་ཁྱབ་ཁོངས་ནས་འགྲན་རྩོད་ཀྱི་ནུས་པ་ངེས་ཅན་ལྡན་ཡོད།

ད་ལྟ་མཐོ་རིམ་གོ་མིང་ཐོབ་མཁན་གྱིས་46%ཟིན་པ་དང་། རབ་འབྱམས་པའི་ཡན་གྱི་བསླབ་གནས་ཐོབ་མཁན་82% འབུམ་རམས་པའི་བསླབ་གནས་ཐོབ་མཁན་42%བཅས་ཡོད། དགེ་རྒན་དར་གཞོན་གྱི་བསྡུར་ཚད་46%ཡིན། བོད་སྐད་ཡིག་རྩོམ་རིག་གི་དགེ་རྒན་དཔུང་ཁག་གིས་གཙོ་བོར་བོད་སྐད་ཡིག་རྩོམ་རིག་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ལས་ཀ་གཉེར་བ་དང་། རྨང་གཞི་དེའི་ཐོག དགེ་རྒན་ཁ་ཤས་ཀྱིས་ད་དུང་ལོ་རྒྱུས་ཡིག་ཚགས་རིག་པ་དང་། མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པ། བོད་རིག་པ་དང་མིའི་རིགས་རིག་པ་སོགས་ཀྱི་རིག་ཚན་གྱི་རྒྱབ་ལྗོངས་ལྡན་པས། བོད་སྐད་ཡིག་རྩོམ་རིག་གིས་རྨང་གཞི་དང་སྣ་མང་རིག་གཞུང་རྒྱབ་ལྗོངས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་མ་ལག་གྲུབ་འདུག དེ་བཞིན་ཞིང་ཆེན་རིམ་པའི་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་པ་1དང་། རྒྱལ་ཡོངས་མིའི་རིགས་རིག་པའི་སྐོར་གྱི་རྒྱལ་ཁབ་སློབ་གསོ་མཛུབ་སྟོན་ཨུ་ལྷན་གྱི་ཨུ་ལྷན་1ཡོད་པ་རེད། གཞན་དགེ་རྒན་ལ་ལར་རྒྱལ་ཁབ་དམངས་ཨུའི་ཕུལ་བྱུང་ལས་དོན་པ་དང་། རྒྱལ་ཁབ་དམངས་ཨུའི་དགེ་རྒན་མིང་གྲགས་ཅན། སི་ཁྲོན་ཞིང་ཆེན་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ། སི་ཁྲོན་ཞིང་ཆེན་ཕུལ་བྱུང་དགེ་རྒན། སློབ་གྲྭ་རིམ་པའི་དགེ་རྒན་མིང་གྲགས་ཅན་སོགས་ཀྱི་མཚན་སྙན་ཐོབ།

བོད་སྐད་ཡིག་རྩོམ་རིག་རྨང་གཞི་དེར་བརྟེན་ནས་གྲུབ་འབྲས་གང་ལེགས་ཐོབ་སྟེ། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་རུ་ཁག་གི་མཚན་གསོལ་བ་དང་། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་དང་སློབ་གྲྭ་རིམ་པའི་སློབ་གསོ་དང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་5དང་། སློབ་གྲྭ་རིམ་པའི་སློབ་ཁྲིད་སྤུས་ལེགས་བྱ་དགའ་5དང་། དགེ་རྒན་གཞོན་དར་གྱི་ནུས་རྩལ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་2ཐོབ་པ་དང་།
ལྷག་པར་དུ་ཞིང་ཆེན་རིམ་པ་དང་སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན་16ཡོད་པ་རེད།

མིག་སྔར། བོད་སྐད་ཡིག་རྩོམ་རིག་ལ་བསྡོམས་པས་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་3དང་། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་11དང་། ཆེད་མཁས་དགེ་རྒན31བཅས་ཡོད། དེ་ཡང་ལྷག་པར་དུ་དགེ་རྒན་ཆེན་མོ་བསོད་ནམས་ཕུན་ཚོགས་ཀྱིས་བོད་སྐད་ཡིག་རྩོམ་རིག་ཁྲོད་ཀྱི་བོད་ཀྱི་གནའ་རབས་ཡིག་ཚགས་རིག་པའི་ཁ་ཕྱོགས་ཀྱི་འབུམ་རམས་པ་གསོ་སྐྱོང་དང་། དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་དང་མགོན་པོ་བཀྲ་ཤིས་ཀྱིས་བོད་སྐད་ཡིག་དང་བོད་ཀྱི་རྩོམ་རིག་ཁ་ཕྱོགས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་འགན་འཁུར་བཞིན་འདུག
ཤེས་ལྡན་མི་སྣ་གསོ་སྐྱོང་ནི་རིག་ཚན་འཛུགས་སྐྲུན་གྱི་སྲོག་གི་རྩ་བ་ཡིན།
  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་དུས་དང་རྣམ་པ་ཀུན་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་སློབ་གཉེར་དམིགས་ཡུལ་ལག་ཏུ་བསྟར་ནས། བསྡོམས་པས་དངོས་གཞི་སློབ་མ་2000ལྷག་དང་། དེ་མིན་རིགས་མི་འདྲ་བའི་སློབ་མ་5000ལྷག་གསོ་སྐྱོང་བྱས་ཡོད། 1991ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་འགོ་བཙུགས་པ་ནས་བཟུང་། ཞིབ་འཇུག་སློབ་མ་300ལྷག་གསོ་སྐྱོང་བྱས།

བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ནས་མི་རིགས་སློབ་གྲྭ་ཆེན་མོ་གཞན་དང་བསྡུར་ན་ཐུན་མིན་གྱི་ཇུས་འགོད་ལྡན། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་བོད་སྐད་ཡིག་ཟིན་ཐོ་དང་འབྲེལ་བ་ཡོད་པའི་རྩོམ་རིག་ལོ་རྒྱུས་དང་མཚན་ཉིད་རིག་པ་སོགས་རིག་ཚན་མང་པོའི་ཕྱོགས་བསྡུས་ཐད་ཚན་ཞིབ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། བོད་སྐད་ཡིག་རྩོམ་ཡིག་ཆེད་ལས་དང་འབྲེལ་བའི་ཞིབ་འཇུག་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་ཞིང་། བོད་རིག་པའི་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མ་འབོར་ཆེན་གསོ་སྐྱོང་བྱས། དེ་ཡང་ཆེད་ལས་རྨང་གཞི་དང་ཆབ་སྲིད་བྱང་ཚད་བཟང་བས་སྤྱི་བདེ་དང་རྒྱལ་ཁབ་བདེ་འཇགས། དྲག་ཆས་ཉེན་རྟོག་པ། ཁྲིམས་ཁང་སོགས་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་སྡེ་ཁག་གལ་ཆེན་དུ་ལས་ཀ་བྱེད་པར་བསྡུ་ལེན་བྱས་པ་དང་། ལ་ལ་སྡེ་ཁག་གི་འགོ་ཁྲིད་དུ་གྱུར་ནས་བོད་ཁུལ་སྤྱི་ཚོགས་བརྟན་བརླིང་ལ་བྱས་རྗེས་བཞག་དང་འཇོག་བཞིན་ཡོད།

གསོ་སྐྱོང་བྱ་ཐབས་དེ་འདྲའི་འོག་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་ཞིང་རིམ་ཁག་དང་རིགས་ཁག་གི་བྱེད་སྒོའི་ཁྲོད་བྱ་དགའ་ཡང་ཡང་ཐོབ། དཔེར་ན་2014ལོའི་སློབ་མ་བཀྲ་ཤིས་ཚེ་རིང་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཀྲུང་གོའི་སྙན་ཚིག་ཚོགས་ཆེན་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། ཁམས་པའི་བརྙན་འཕྲིན་ཁང་གི་2016ལོའི་རྒྱ་བོད་སྐད་གཉིས་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། 2015ལོའི་སློབ་མ་ཞིག་ལ་སྐབས་དང་པོའི་རྒྱལ་ཁབ་དམངས་ཨུའི་རྒྱུད་ཁོངས་ཚན་རིག་ཁྱབ་སྤེལ་འགྲེལ་བཤད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། 2016ལོའི་སློབ་མ་ཚེ་རིང་བཀྲ་ཤིས་ལ་ཁམས་པའི་བརྙན་འཕྲིན་ཁང་གི་2017ལོའི་རྒྱ་བོད་སྐད་གཉིས་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། 2012ལོའི་སློབ་མར་སྐབས་དང་པོའི་ཀྲུང་གོའི་ན་གཞོན་APPའགྲན་བསྡུར་ཁྲོད། “བོད་སྨན་ལྷ་རྗེ་བཟང་པོ”ཡི་APPརྣམ་གྲངས་ལ་ཉེར་སྤྱོད་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་སྟེ། ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་ཁྲོད་ཀྱི་ཉེར་སྤྱོད་རིགས་ཀྱི་བྱ་དགའ་ཐོབ་པའི་རྣམ་གྲངས་གཅིག་པུ་ཡིན།

ཉེ་བའི་ལོ་བཅུའི་རིང་། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་སྤྱི་ཚོགས་ལ་སྤུས་ལེགས་ཆེད་ལས་ཤེས་ལྡན་མི་སྣ་སྐྱེལ་འདྲེན་གྱི་ཟམ་མ་ཆད་ཅིང་། ནུབ་རྒྱུད་ས་ཁུལ་གྱི་ལས་ཁུངས་མང་པོ་ཞིག་གིས་ལོ་ལྟར་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ནས་ཕུལ་བྱུང་སློབ་ཐོན་སློབ་མ་བསྡུ་བཞིན་འདུག དཔེར་ན་རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་སྤྱི་བདེ། མི་རིགས་སློབ་གསོ་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག སློབ་ཐོན་སློབ་མའི་ལས་ཞུགས་ཚད་90%ཡི་ཡན་ཟིན་པ་དང་། བོད་ཁུལ་སྤྱི་ཚོགས་འཛུགས་སྐྲུན་ལ་བྱས་རྗེས་འབུར་ཐོན་བཞག་པའི་ཕུལ་བྱུང་མི་སྣ་མང་པོ་བྱུང་། ཁོ་ཚོས་རང་རང་གི་ལས་གནས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་ཡོད། དེ་ཡང་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་ཀྱང་ཐོག་མཐའ་བར་གསུམ་དུ་དེ་ལྟར་མཐའ་འཁྱོངས་བྱས་ནས་ཟམ་མི་ཆད་པར་རིག་ཚན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

མ་འོངས་པར་ལྷོ་ནུབ་མི་རིགས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛུགས་སྐྲུན་ཐད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་དར་ཆ་མཐོན་པོར་བསྒྲེང་བཞིན། དུས་རབས་གསར་པའི་རྒྱལ་ཡོངས་མཐོ་རིམ་སློབ་ཆེན་གྱི་དངོས་གཞིའི་སློབ་གསོའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་གྱི་བསམ་བློའི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གྱིས་གཙོ་ཁྲིད་བྱས་ཏེ། “གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་རྒྱུན་འཁྱོངས་དང་། ཁྱད་ཆོས་མངོན་གསལ་དོད་པའི་སློབ་གཉེར་བྱེད་སྟངས་སྔར་བས་མཐའ་འཁྱོངས་དང་རིག་ཚན་སྣོལ་མའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་བཞིན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་མུ་མཐུད་གསར་བརྗེ་དང་བོད་སྐད་ཡིག་རྩོམ་རིག་གིས་མི་རིགས་ས་ཁུལ་དང་སྤྱི་ཚོགས། དེ་མིན་རྒྱལ་ཁབ་ཀྱི་ཆེད་བློས་འགེལ་ཆོག་པ་དང་། སྤྱོད་གོ་ཆོད་པ། ལས་ཀ་ཡག་པ། ཉར་ཐུབ་པ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1