གཟི་བརྗིད་ཀྱི་བ་དན་དགུང་དུ་སྒྲེང་པའི་སི་ཁྲོན་བོད་ཁུལ་གྱི་དཔེ་བཟང་མི་སྣ་།

ངེད་གསར་འགོད་པ། རྣམ་དཀར་ལྷ་མོ། འཇིགས་མེད། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


སྤྱི་ཟླ་9པའི་ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡོར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་འཚོགས་པ་དང་། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚོགས་པ་དང་དཔེ་སྟོན་མི་སྒེར་ལ་གཟེངས་བསྟོད་གནང་། དེ་བཞིན་དཔེ་སྟོན་ཚོགས་པ་665དང་དཔེ་སྟོན་མི་སྒེར་812ལ་གཟེངས་བསྟོད་ཐོབ་འདུག

དེའི་ཁྲོད་དུ་སི་ཁྲོན་ལ་དཔེ་སྟོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་བོད་རིགས་ཚབ་བྱེད་མི་སྣ་7ཡོད་དེ། མིང་ཐོག་གཤམ་ལྟར།

ཀྲང་ཧྲི་མའོ། བོད། སི་ཁྲོན་ཞིང་ཆེན་ཆུ་ཆེན་རྫོང་ཨན་ཉིང་གྲོང་རྡལ་ཨན་ཉིང་ཡུལ་ཚོའི་འོས་འགན་འགྲེལ་བཤད་པ།

གསེར་སྒྲོན། མོ། བོད། སི་ཁྲོན་ཞིང་ཆེན་ཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་གི་སློབ་གཙོ།

རབ་བརྟན་ཆུང་བ། བོད། སི་ཁྲོན་ཞིང་ཆེན་རྟའུ་རྫོང་ལྟེ་གནས་རྒན་བཀུར་ཁང་གི་འགོ་གཙོ།

ཝང་ཁྲང་ཧྲེན། བོད། སི་ཁྲོན་ཞིང་ཆེན་བརྒྱད་ཟིལ་རྫོང་དཀར་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་འགྲེལ་བཤད་པ།

འཆི་མེད་རྡོ་རྗེ། བོད། ཀྲུང་གོའི་སྦྲག་སྲིད་ཚོགས་པ་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཡན་ལག་སྤྱི་གཉེར་ཁང་གི་སྦྲག་སྐྱེལ་ཁ་ལོ་བ།

བློ་བཟང་ནམ་མཁའ། བོད། ཀྲུང་གུང་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་སྒྲིག་ཨུའི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན།

ལི་ཅིན། བོད། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་ཡི་རྔ་བ་ཁུལ་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་གཙོ།

མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང་མི་སྣ་ཀྲང་ཧྲི་མའོ།

2019ལོའི་ཟླ་9པའི་ཚེས་27ཉིན། ཕ་ཡུལ་ཆུ་ཆེན་ནས་ཡིན་པའི་གྲོང་མི་དཀྱུས་མ་ཀྲང་ཧྲི་མའོ་ལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་མི་སྒེར་གྱི་གཟེངས་བསྟོད་པེ་ཅིན་ནས་གནང་། ཀྲང་ཧྲི་མའོ་1967ལོར་ཆུ་ཆེན་རྫོང་དམའ་འབྲིང་མཐར་ཕྱིན་རྗེས་ད་ལྟའི་བར་དུ་ཆུ་ཆེན་རྫོང་ནས་ལས་ཀ་ལས་པ་རེད། ཁོང་གིས་སྔ་གཞུག་ཏུ་ཞིང་ལས་མཉམ་ལས་ཁང་གི་ལས་ཀ་ཐོ་འགོད་པ་དང་ཐོན་སྐྱེད་རུ་ཁག་གི་རྩིས་པ། དམངས་གཉེར་སློབ་གྲྭའི་དགེ་རྒན་སོགས་ཀྱི་ལས་ཀ་གང་མང་ཞིག་གཉེར་བ་རེད། ལྷག་པར་དུ་2004ལོར་ཆུ་ཆེན་རྫོང་ཡུལ་སྐོར་ཅུས་ཀྱི་001གི་འགྲེལ་བཤད་པར་བསྐོས་ནས་ཆན་ལུང་གིས་ཆུ་ཆེན་དམག་དྲངས་པའི་སྐོར་གྱི་དམག་འཁྲུག་ལ་འགྲེལ་བཤད་གནང་བའི་འགན་ཁུར་བ་རེད། ཁོང་ནི་སྤྱིར་ན་རིག་གནས་ལ་དགའ་ཞེན་དང་སྤྲོ་བ་ཆེ་བའི་མི་ཞིག་ཡིན་པས། འབྲེལ་ཡོད་རྡོ་རིང་གི་རིང་ཐུང་འཇལ་བ་ནས་འགོ་བཟུང་ཏེ། རྡོ་རིང་གི་ཡིག་འབྲི་རེ་རེ་ནས་ཞིབ་འཇུག་ཞིབ་ཕྲ་བྱས་པ་དང་།
འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་ཀློག་པ། ཆེད་མཁས་པ་རྣམས་ལ་བློ་འདྲི་སློབ་སྦྱོང་བྱས་ནས་ཆན་ལུང་གི་རྡོ་རིང་ལ་ཆ་རྒྱུས་ཡོད་མཁན་གྱི་འགྲེལ་བཤད་པ་དང་ཆེད་མཁས་པ་ཞིག་ཏུ་གྱུར། 2010ལོའི་ཟླ་10པའི་ཚེས་29ཉིན་ཁོང་ནི་རྒྱལ་ནང་གི་སློབ་གྲྭ་གྲགས་ཅན་སི་ཁྲོན་སློབ་ཆེན་གྱི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གིས་གདན་འདྲེན་བྱས་ནས་ཆན་ལུང་གིས་ཆུ་ཆེན་ལ་དམག་དྲངས་པའི་དམག་འཁྲུག་སྐོར་གྱི་འཆད་ཁྲིད་བྱས། ཁོང་གི་ཆུ་ཆེན་གྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་། དམངས་ཁྲོད་གཏམ་རྒྱུད། ལྷ་སྒྲུང་སོགས་ཀྱི་ཟུར་སྣེ་ཕུན་སུམ་ཚོགས་པའི་སྒོ་ནས་འཆད་ཁྲིད་གནང་བ་རེད། ཁོང་གི་འགྲེལ་བཤད་བྱེད་པའི་སྐབས་སུ་སྐད་གདངས་མཐོ་བ་དང་སྐད་ཆའི་སྒྱུ་རྩལ་གྱིས་ཕྱུག་པ། རང་གི་ཁྱད་ཆོས་མངའ་བའི་འགྲེལ་བཤད་ཀྱི་རིགས་སྣ་ཞིག་ཏུ་གྱུར་འདུག

སྨི་གྲུ་བཞི་མ་བཅུ་ཙམ་ཡོད་པའི་དཔེ་ཁང་ནང་ནས་ཀྲང་ཧྲི་མའོ་ཡིས་ཡིག་རྩལ་སྦྱོང་པ་དང་། སྙན་ངག་འབྲི་བ། དཔེ་ཆར་བལྟ་བ། ཁོང་གི་རིག་གནས་ལ་དགའ་བའི་སྤྲོ་བ་དེ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན། ཁོང་གིས་ད་ལྟ་ཚང་མའི་དོ་སྣང་བྱེད་བཞིན་པའི་ཆན་ལུང་གིས་ཆུ་ཆེན་ལ་དམག་དྲངས་པའི་སྐོར་གྱི་དམག་འཁྲུག་དང་། ཆུ་ཆེན་གྱི་དམངས་སྲོལ་རིག་གནས། མི་ཆོས་རིག་གནས་སོགས་གཙོ་བོ་བྱས་པའི་དཔེ་ཆ་ཞིག་འབྲི་བཞིན་ཡོད་པ་དང་ཡིག་འབྲུ་ཁྲི་30ལྷག་བྲིས་ཚར་ཡོད་པ་རེད།

ད་ལྟ་ལོ་70ལྷག་ཡིན་པའི་ཀྲང་ཧྲི་མའོ་ཡིས་རང་གི་དྲྭ་འཕྲིན་གྱི་སྒོ་ཕྱེས་ནས། 《ཆན་ལུང་གིས་ཆུ་ཆེན་ལ་དམག་དྲངས་པའི་སྐོར་གྱི་དམག་འཁྲུག་དང་རྡོ་རིང་།》 《ཆུ་ཆེན་གྱི་སྒེག་ཉམས།》སོགས་ཀྱི་རྩོམ་ཡིག་སྤེལ་བ་རེད། དེ་མིན་《ཕ་ཡུལ་གྱི་བརྩེ་བ།》དང་《དམག་དཔོན་རུ་ཁག་གི་རྗེས་ཤུལ་ལ་ཕྱིན་པ།》སོགས་ཀྱི་ཕ་ཡུལ་ལ་བསྟོད་པའི་སྙན་ངག་མང་པོ་ཀྱང་བྲིས་འདུག

ཀྲང་ཧྲི་མའོ་ལགས་ནི་རིག་གནས་སྒྱུ་རྩལ་ལ་སྤྲོ་བ་ཧ་ཅང་འཕེལ་འདུག 2002ལོར། མ་རྩ་དང་སྒྲིག་ཆས་མེད་པའི་གནས་ཚུལ་འོག །ཁོང་གིས་ཆུ་ཆེན་རྫོང་གི་ཞིང་སྡེ་ཆེད་ལས་མིན་པའི་འཁྲབ་སྟོན་རུ་ཁག་དང་པོ་བཙུགས་པ་རེད། ད་ལྟར་མིང་ལ་ཨན་ནེན་ཆན་ལུང་རྡོ་རིང་གི་ཆེད་ལས་མིན་པའི་འཁྲབ་སྟོན་རུ་ཁག་ཟེར། ཁོང་གིས་ནམ་ཡང་ས་གནས་ཀྱི་རིག་གནས་དང་མང་ཚོགས་ཀྱི་སྒྱུ་རྩལ་འཚོ་བ་ལ་དོ་སྣང་དང་འབད་པ་བྱེད་བཞིན་པའི་ཞིང་པ་དང་ཆེད་མཁས་པ། སྒྱུ་རྩལ་པ་ཞིག་གང་ཟེར་ན་ཆོག་ཆོག་ཞིག་རེད། ཁོང་ལ་སྔ་གཞུག་ཏུ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཁམས་པའི་བརྙན་འཕྲིན་ཁང་། རྔ་བ་ཉིན་རེའི་ཚགས་པར་ཁང་སོགས་རྒྱལ་ཁབ་དང་ས་གནས་རིམ་པའི་བརྙན་འཕྲིན་ཁང་དང་ཚགས་པར་ཁང་གིས་བཅར་འདྲི་མང་པོ་བྱས་ནས་ཁོང་གི་སྙིང་སྟོབས་ལ་ཁས་ལེན་དང་བསྟོད་བསྔགས་བྱས་དང་བྱེད་བཞིན་ཡོད་པ་རེད། ། 

ལང་ཚོའི་མེ་ཏོག་མི་རིགས་སློབ་གསོ་ལ་ཕུལ་བའི་སློབ་གཙོ་གསེར་སྒྲོན།


2019ལོའི་སྤྱི་ཟླ་10པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་གསེར་སྒྲོན་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣ་ཚོ་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་གཟིགས་སྟེགས་སུ་བུད་ནས། རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྟད་མོ་བལྟས།

གསེར་སྒྲོན་ནི་རོང་ཁྱིམ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བ་ཡིན་ལ། ཏང་གི་དྲོད་ཁོལ་འོག་གཉོམ་ལག་རྒྱས་ཤིང་། མི་རིགས་སློབ་གསོའི་སྦྲང་རྩི་མྱོང་མཁན་ཞིག་ཡིན། གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ལོ་ངོ་31རིང་ལ་ཁོ་མོས་ཐོག་མའི་སེམས་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་ཀྱི་འབད་འབུངས་བྱས་ཤིང་། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་སྐད་གཉིས་སློབ་གསོའི་སྔོན་ཐོན་ལས་བྱེད་མི་སྣ་དང་སི་ཁྲོན་ཞིང་ཆེན་དང་རྔ་བ་ཁུལ་གྱི་གསུམ་བརྒྱད་བུད་མེད་དར་ཆ་སྒྲེང་མཁན། སི་ཁྲོན་ཞིང་ཆེན་སྔོན་ཐོན་ལས་བྱེད་མི་སྣ། རྒྱལ་ཡོངས་མཛངས་མའི་བྱས་རྗེས་ཅན་གྱི་མིག་དཔེ་སོགས་ཀྱིས་བྱ་དགའ་དང་མཚན་སྙན་ཐོབ་མྱངས་ལ། ཛམ་ཐང་རྫོང་གི་དགེ་བཟོ་བའི་ཕུལ་བྱུང་ཚབ་བྱེད་ཡིན།

མོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་འདེབས་མཁན་དེ་ཡིན་ལ། མཛེས་སྡུག་བདེ་སྐྱིད་ཀྱི་ཁྱིམ་གཞི་ཆེན་པོའི་འབྲས་བུ་མྱོང་མཁན་དེ་ཡང་ཡིན། ལོ་ངོ་དུ་མའི་ཁྲོད་གསེར་སྒྲོན་གྱིས་དགེ་སློབ་མང་པོའི་སྣེ་ཁྲིད་ནས་མི་རིགས་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་གྱི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་བཏབ། སློབ་ཁྲིད་བཅོས་བསྒྱུར་ནས་འགོ་བརྩམ་སྟེ། ཁོ་མོས་སྤྱིར་བཏང་གི་ཐབས་ལམ་དང་པོ། ཐབས་ལམ་གཉིས་པ་སོགས་སློབ་ཁྲིད་བྱ་ཐབས་རིགས་གསུམ་མཉམ་དུ་སྡེབ་ནས་སློབ་ཁྲིད་བྱེད་པའི་སློབ་ཁྲིད་སློབ་གསོའི་ཐབས་ཤེས་འཚོལ་སྙེག་བྱས་ཤིང་། བྱ་ཐབས་མི་འདྲ་བའི་དགེ་སློབ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་རོགས་རམ་བྱས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཕན་ཚུན་གཞོགས་འདེགས་དང་མཉམ་དུ་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབོད་སྐུལ་ལག་ལེན་བྱས་ཏེ། སློབ་གྲྭའི་ཁྲོད་ཀྱི་བོད་རིགས་དང་ཆའང་རིགས། ཧའེ་རིགས། རྒྱ་རིགས་ཀྱི་དགེ་རྒན་དང་སློབ་ཕྲུག་དང་རྡོག་རྩ་གཅིག་སྒྲིལ་བྱས་ཡོད།

གསེར་སྒྲོན་ལགས་ཀྱིས་བཤད་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་གི་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་ཞིག་ཡིན་པའི་ཆ་ནས། ང་རང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྣ་བདམས་ནས། གདན་ཞུ་ལྟར་པེ་ཅིན་ཏུ་སོང་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་དགའི་མཛད་སྒོའི་སྟེང་དུ་ཞུགས་པར་མ་ཟད། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་འབུལ་བའི་ཆོ་ག ། རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སོགས་ལ་ཞུགས་པ་ཡིན། ང་རང་གིས་བསམ་ན་གཟི་བརྗིད་འདི་ང་ཚོའི་སློབ་གྲྭའི་དགེ་བཟོ་བ་ཡོངས་ཀྱི་འབད་བརྩོན་ལྷོད་མེད་དང་གོང་རིམ་འགོ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་དང་བྲལ་ཐབས་མེད་ལ། དེ་མིན་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མི་རིགས་སོ་སོའི་བྱམས་སེམས་ཚོགས་པས་མཉམ་དུ་འབད་པ་བྱས་པའི་གྲུབ་འབྲས་རེད། གཟི་བརྗིད་འདི་ང་གཅིག་པུའི་མིན་ལ། ངས་སྐད་གསང་མཐོན་པོས་ནམ་རྒྱུན་ངའི་ཉེ་འཁོར་ན་གནས་པའི་ཁྱོད་ཚོར་བཀའ་དྲིན་ཆེ་ཞུ་བ་ཡིན་ལ། ང་རང་སློབ་གྲྭར་ལོག་རྗེས། ངས་ངེས་པར་དུ་ཐེངས་འདིའི་རྒྱལ་སྟོན་སྐོར་གྱི་མུ་འབྲེལ་བྱེད་སྒོར་ཞུགས་པ་སེམས་འདུན་དགེ་སློབ་ཚོར་བརྒྱུད་སྤྲོད་བྱས་ནས། ཚང་མར་མེས་རྒྱལ་གྱི་སྟོབས་འབྱོར་དང་མེས་རྒྱལ་གྱི་གཟི་བརྗིད་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན། ངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་འཚོ་བའི་གྲུ་ཟུར་སོ་སོ་བཏབ་ནས། མེས་རྒྱལ་གྱི་སང་ཉིན་སྔར་ལས་ལྷག་པའི་སྟོབས་འབྱོར་ལྡན་ཞིང་། རྒྱལ་ཁབ་དར་ཞིང་འབངས་རྣམས་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུ། ། 

བྱམས་བརྩེའི་དྲོད་ཁོལ་ཉམ་ཐག་རྒན་རྒོན་ལ་ཕུལ་བའི་རབ་བརྟན་ཆུང་བ།


བློ་མཐུན་རབ་བརྟན་ཆུང་བ་ཡིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ། དཀའ་བ་ཁྱད་དུ་བསད་ནས་ཧུར་ཐག་འབད་བརྩོན་གྱིས་འབངས་ལ་ཞབས་ཞུ་བསྒྲུབས་པ་དང་། རྒན་བཀུར་སྲི་ཞུ་སྒྲུབ་པའི་ལོ་ཟླའི་ཁྲོད་ནས་རང་ཉིད་ཚེ་སྲོག་མར་མེ་བཞིན་སྒྲོན། ཁོས་ལས་དོན་གྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་མོད། དེ་དག་ཡོད་ཚད་རང་ཉིད་ལ་ཐོབ་བྱ་འབའ་ཞིག་གི་ཆེད་དུ་མིན་ལ། ཡོད་ཚད་རང་ཉིད་ཀྱི་ཚེ་སྲོག་འདིའི་ཆ་ཤས་སུ་བརྩིས་འདུག །ཁོས་རང་ཉིད་ཀྱི་ཡོད་ཚད་ལས་དོན་གྱི་ཆེད་དུ་འབུལ་ནས་གཞི་རིམ་ལས་བྱེད་པ་ཞིག་གི་མིག་དཔེ་གྱུར་འདུག་ལ། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་ཆུང་བྱམས་ཀྱི་གོམས་གཤིས་བཟང་པོ་སེམས་ལ་འཇགས་འདུག
1993ལོ་ལ། རབ་བརྟན་ཆུང་བས་རྟེན་ས་འཁོར་ས་མེད་པའི་བགྲེས་སོང་ཁྲིན་ཡོན་ཏཱ་རང་ཁྱིམ་དུ་བསུས། རང་ཉིད་བུ་ཡི་ཚུལ་དུ་བྱས་ནས་གཉོར་སྐྱོང་བྱས། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། རབ་བརྟན་གྱི་རླབས་ཆེ་བའི་བྱ་གཞག་ལ་སྒེར་དང་གཞུང་ཕྱོགས་ཀྱི་གསར་འགོད་པ་དང་སྨྱན་སྦྱོར་གང་མང་ཞིག་གིས་བཅར་འདྲི་བྱས་ཀྱང་བློ་ཡུལ་ལས་འདས་པའི་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མི་འདུག

ལོ་ངོ་37ལྷག་གི་ཕལ་བའི་ལས་ཀའི་བརྒྱུད་རིམ་དང་། ལོ་ངོ་33ལྷག་གི་ཏང་མིའི་འཚོ་བའི་ཁྲོད། ཁོས་རང་ཉིད་ཀྱི་བློས་གཏོང་དེ་འགན་འཁྲི་ཞིག་ཏུ་བརྩིས་ཡོད་ལ། འདི་ལས་ཁོའི་རླབས་ཆེའི་གཙང་དག་གི་གཤིས་བཟང་མཚོན་ཐུབ་པ་མ་ཟད། གཞུང་གི་ཆེད་ལ་འབད་འབུངས་དང་རྒན་བཀུར་ཆུང་བྱམས་ཀྱི་འགྱུར་མེད་རང་གཤིས་མཚོན་ཡོད། ཁོས་བགྲེས་སོང་འདི་ལ་རོགས་སྐྱོར་རམ་གཉོར་སྐྱོང་བྱས་པ་ལས། རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རྟོགས་བརྗོད་ཅིག་བྲིས་པ་དང་འདྲ། ཁོའི་བྱ་བཞག་གིས་གུང་ཁྲན་ཏང་མི་ཞིག་གི་ཁས་ལེན་དམ་བཅའ་མཚོན་ཡོད་ལ། ཁོའི་བློ་སྤོབས་ཀྱི་གཞི་རིམ་ལས་བྱེད་པ་ཞིག་གི་རྣམ་པ་མངོན་ཡོད། ཁོའི་བསྙེན་བཀུར་གྱི་གཤིས་བཟང་འདིའི་ཀྲུང་ཧྭའི་བུ་རྒྱུད་དག་གི་རྒྱུན་ཐག་མ་ཆད་པའི་ལྷད་མེད་གཤིས་བཟང་མཚོན་ཐུབ་ལ། བྱས་རྗེས་ཅན་གྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་རབ་བརྟན་ཆུང་བས་མ་ཁེ་སི་ཡིས་སྔོན་ཆད་གསུང་མྱོང་བའི་སྐད་ཆ་སྟེ། མི་མང་པོ་ཞིག་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་མི་དེ་ནམ་ཡང་མི་དེ་དག་འདྲ་བར་བདེ་སྐྱིད་ལྡན་ཞེས་པ་ལྟར། རབ་བརྟན་ཆུང་བ་ཡང་མི་དེ་འདྲ་ཞིག་བྱེད་འདོད་ཡོད་ལ། མངོན་སུམ་འཚོ་བའི་ཁྲོད་དུ་ཡང་ཁོ་རང་མི་དེ་འདྲ་ཞིག་བྱས་ནས་ལས་ཀ་སྒྲུབ་བཞིན་ཡོད། ཁོས་འབད་བརྩོན་ལྷོད་མེད་ཀྱིས་བགྲེས་སོང་དག་ལ་ཞབས་ཕྱི་སྒྲུབ་ནས་བདེ་སྐྱིད་ཀྱི་འཚོ་ཞིང་ལ་རྒྱ་ཡོད་པའི་སྒོ་ནས་གསོན་དུ་བཅུག །དེ་དག་གི་སྣེ་ཁྲིད་དེ་རྒན་གསོ་ཁང་དེ་བདེ་སྐྱིད་ཁྱིམ་གཞིས་དང་སྤྲོ་དགའི་ཁྱིམ་གཞིས། མཛེས་སྡུག་གི་ར་བ་ཞིག་ཏུ་བསྐྲུན་ཡོད་ལ། ཁོས་རང་ཉིད་ཀྱི་རེ་སྙེག་དང་བློས་གཏོང་འགན་འཁྲི་ཞིག་ཏུ་བརྩིས་ནས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་ལས་ཁོའི་གཞུང་དྲང་བློ་དཀར་ཀྱི་རང་གཤིས་མི་མཚོན་པ་མེད།

མཛེས་སྡུག་ཡིད་འོང་གི་གནས་མཆོག་རྟའུ་ཡུལ་ན། གངས་ལྗོངས་བུ་དང་བུ་མོའི་གངས་རི་ལས་དཀར་བའི་ལྷག་བསམ་དང་རྩྭ་ཐང་ལས་ཡངས་པའི་ཁོག་རྒྱ། བྲག་རི་ལས་བརྟན་པའི་བློ་སྤོབས་ཀྱིས་ཕ་ཡུལ་གྱི་ས་ཆེན་དྲོན་མོའི་སྟེང་ནས་རང་ཉིད་ཀྱི་ཡོད་ཚད་འབུལ་བཞིན་ཡོད་ལ། རབ་བརྟན་ཆུང་བས་དེ་ཡིས་རང་ཉིད་འབད་འབུངས་ཀྱི་དམིགས་འབེན་བྱས་ནས་ལོ་བཅུ་ཉིན་གཅིག་ལྟར་བསྐྱངས་ཤིང་། རྒན་བཀུར་བྱམས་སྐྱོང་གི་ལམ་ནང་ནས་གོམ་པ་འཇགས་མ་མྱོང་ལ། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་གི་ཆ་ནས་ཁོས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཤིང་། རང་ཉིད་ཉེ་འཁོར་གྱི་ལས་གྲོགས་དང་མང་ཚོགས་ཀྱི་མིག་དཔེ་ལྟ་སར་གྱུར། ངས་བསམ་ན་སྐད་ཆ་གང་ཞིག་དང་ཚིག་རྒྱན་གང་ཞིག་གིས་རབ་བརྟན་ཆུང་བར་བསྟོད་སྒྲ་འཐེན་ན་བརྒལ་མི་འདུག་སྙམ། ཁོས་བློ་དཀར་གཞུང་དྲང་། རྟག་བརྟན་འགྱུར་མེད། ཧུར་ཐག་འབད་བརྩོན། ལས་གནས་བརྟན་སྲུང་། རྒན་བཀུར་ཆུང་བྱམས་ནི་ང་ཚོའི་གང་ཟག་སྤྱིའི་སློབ་སྦྱོང་དང་མིག་དཔེ་བཟུང་ན་བཟུང་ཆོག་ཆོག་རེད། ། 

མི་རིགས་སྲིད་ཇུས་དམངས་ཁྲོད་དུ་བསྒྲགས་པའི་དུས་ཀྱི་ཕོ་ཉ་ཝང་ཁྲང་ཧྲན།


ཝང་ཁྲང་ཧྲན་ནི་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་སྐལ་གྲོང་རྡལ་གྱི་ལས་ཀ་པ་དཀྱུས་མ་ཞིག་ཡིན། 1983ལོར་བརྒྱད་ཟིལ་རྫོང་དུ་གློག་བརྙན་བཤམས་སྟོན་རུ་ཁག་དང་པོའི་གློག་བརྙན་བཤམས་སྟོན་གྱི་དྲིལ་བསྒྲགས་ལས་འགན་འཁུར་ནས། དཀར་ཆུས་གྲོང་སྡེ་དང་། ཐང་མགོ་ཤང་གཉིས་ཀྱི་ནགས་ར། དགོན་སྡེ། རྫོང་གྲོང་བཅས་སུ་ལོ་གང་བོར་ས་གནས་19རུ་སྐོར་སྐྱོད་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་བརྙན་བཤམས་སྟོན་དང་དྲིལ་བསྒྲགས་བྱས་ཤིང་། ཅིའུ་ལུང་རྫོང་ནི་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་གཙོ་བོར་བྱས་པའི་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་དམིགས་བསལ་རྫོང་ཞིག་ཡིན་པ་སྔར་བས་ཤེས་རྟོགས་ཐུབ་པ་དང་མི་རིགས་ཁག་གི་རིག་གནས་ཕན་ཚུན་སྤེལ་རེས་དང་མཉམ་འདྲེས་བྱས་ནས་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་ཡོད། ཁོང་གིས་གློག་བརྙན་སྟོན་ཞོར་དུ་མི་རིགས་ཁག་གི་རིག་གནས་དང་། སྒྱུ་རྩལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་སྲིད་ཇུས་ཤེས་བྱ་སོགས་སློབ་སྦྱོང་བྱས་ནས་གློག་བརྙན་སྟོན་པའི་གོ་སྐབས་གང་ལེགས་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་དང་ཁ་བརྡ་བྱས། ལོ་བཅུ་གཅིག་རིང་གི་གློག་བརྙན་བཤམས་སྟོན་གྱི་བརྒྱུད་རིམ་ཁྲོད། ཏང་གི་དུས་སྐབས་ཁག་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་དང་། ལྷག་པར་དུ་ཀྲུང་དབྱང་གི་བོད་རིགས་ས་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་དང་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཚང་མ་མི་སེར་གྱིས་གོ་བདེ་ཤེས་སླའི་སྐད་ཆ་ནས་བརྒྱུད་བསྒྲགས་བྱས་པར་རིམ་ཁག་འགོ་ཁྲིད་ཀྱི་ཁས་ལེན་དང་རྒྱ་ཆེའི་མི་སེར་གྱི་ཁས་ལེན་ཐོབ་ཡོད།

2012ལོར་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཁུལ་ཨུ་མང་ཚོགས་ནང་ཞུགས་རྒྱུར་འོས་སྦྱོར་བྱས་པ་དང་ཁུལ་ཨུས་མང་ཚོགས་སྒྲོག་འགྲེལ་པར་གདན་ཞུ་བྱས་ཏེ། ལོ་ཁ་ཤས་རིང་“རྒྱལ་གཅེས་དང་། ཁྲིམས་སྲུང་། དྲིན་ཚོར། མཐུན་སྒྲིལ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་དར་མདོ་གྲོང་ཁྱེར་དང། ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱལ་ཟིལ་རྫོང་། དུང་འཁྱིལ་ལུང་ཤུར་སོགས་ས་ཆ་མང་པོ་ཞིག་ཏུ། དགོན་སྡེའི་དགེ་འདུན་པ་དང་། ཞིང་འབྲོག་མང་ཚོགས། སྤྱིར་བཏང་གི་ལས་བྱེད་ལས་བཟོ་པ། འགོ་ཁྲིད་ལས་བྱེད་པའི་རིམ་པ། ཤང་དང་གྲོང་རྡལ་གྱི་གྲོང་ཚོའིི་ལས་བྱེད་པ། ཁེ་ལས་པ། སློབ་གྲྭའི་དགེ་སློབ། མི་རིགས་མང་པོ་འདུས་པའི་གྲོང་གསེབ་ཀྱི་ཚོགས་སྤྱི་སོགས་ཚོགས་པ་མི་འདྲ་བར་སྔ་རྗེས་སུ་སྒྲོག་འགྲེལ་ཐེངས་སུམ་བརྒྱ་ལྷག་ཙམ་བྱས་པ་རེད།

2010ལོ་ནས་2019ལོའི་བར་ཝང་ཁྲང་ཧྲེན་གྱིས་ཧྭ་ཆིའུ་གྲོང་ཚོར་བཅའ་སྡོད་བྱེད་རིང་གྲོང་རྡལ་ཡོངས་ཀྱི་ལས་ཀའི་སྒྲ་བརྙན་ཟིན་ཐོ་དང་།
གསར་འགྱུར་སྤེལ་གཏོང་། གནས་སྤོས་ཡུལ་མི་མཐུན་སྦྱོར་སོགས་ཀྱི་ལས་ཀ་སྤེལ་བ་དང་ཆབས་ཅིག་གྲོང་ཚོ་དང་མི་སེར། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ཤེས་རྟོགས་བྱེད་པར་ཡོང་བ་རེད། དྲིལ་བསྒྲགས་དང་སྐུལ་སློང་ཐེངས་མང་བྱས་པ་བརྒྱུད་མང་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་འཕེལ་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་མ་དངུལ་བསྡུ་རུབ་ཀྱིས་ཆུ་དང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས།

ཁོང་གིས་མི་ཚེ་གང་པོར་གཞི་རིམ་གྱི་སྒྲོག་འགྲེལ་དང་རིག་གནས་བྱེད་སྒོ་ལ་འབུལ་ཡོད་པས། བཀུར་འོས་པ་དང་བསྔགས་འོས་པ་ཞིག་ཡིན། ཁོང་གིས་ཀྱང་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ། རྫོང་རིམ་པ་ཁག་གི་ཏང་སྲིད་དང་འབྲེལ་ཡོད་སྡེ་ཁག་གིས་གཟེངས་བསྟོད་ཐེངས་མང་བྱས་མྱོང་། ། 

གངས་འཁྱགས་སྦྲག་ལམ་འཕྲེད་དུ་བཅད་པའི་ཁམས་པའི་ཕོ་རྒོད་འཆི་མེད་རྡོ་རྗེ།

འཆི་མེད་རྡོ་རྗེ་ཞེས་གླེང་ཡོང་དུས་མདོ་དབུས་ཁམས་གསུམ་ཡང་ན་ཀྲུང་གོའི་རྒྱལ་ཁབ་ཡོངས་ལ་མཚོན་ན་ངོ་མི་ཤེས་མཁན་ཞིག་ཡོད་རྒྱུ་མ་རེད། ཁོང་གི་རླབས་ཆེའི་བྱ་བཞག་དང་བརྟན་སྲུང་ལ་གཞོན་རབས་པ་མང་པོ་ཞིག་གི་རྗེས་སུ་ཡི་རང་བྱེད་བཞིན་འདུག །བྱ་དགའ་དང་མཚན་སྙན་གྱིས་བཀང་བའི་ཁམས་པའི་ཕོ་རྒོད་འདིའི་རླབས་ཆེའི་བྱ་བཞག་ཅི་ཞིག་སྒྲུབ་སོང་ཞེ་ན། ཁོས་ལོ་ངོ་30རིང་ལ་སྦྲག་ལམ་ནས་སྦྲག་འཁོར་བསྐོར།

ཐོག་མའི་སེམས་འདུན་མི་བརྗེད་པར་ལོ་ངོ་30ཡི་རིང་ལ་གངས་འཁྱག་དང་གཡང་གཟར་གྱི་ཁ་ལ་བཏེགས་པའི་ལམ་ཕྲན་བརྟན་སྲུང་བྱས་ཤིང་། ཁྲོན་བོད་སྦྲག་ལམ་ནི་བོད་ལྗོངས་དང་མེས་རྒྱལ་ནང་ལོགས་འབྲེལ་འདྲིས་བྱེད་པའི་སྦྲག་སྐྱེལ་ལམ་བུ་གལ་ཆེན་ཞིག་ཡིན་ལ། 1954ལོའི་ཟླ་12པར་ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་པ་ནས་བཟུང་། ཁྲེན་ཏུའུ་ནས་ལྷ་སའི་བར་གྱི་ཁྲོན་བོད་སྦྲག་ལམ་ལོ་ངོ་65ལྷག་ལ་རྒྱུན་འཁྱོངས་བྱས། འདི་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་ཆེས་མཐོ་བའི་རིམ་པ་དང་པོའི་རླངས་འཁོར་སྦྲག་ལམ་ཡིན། དར་མདོ་ནས་སྡེ་དགེ་བར་གྱི་སྦྲག་ལམ་དེ་བས་ཀྱང་ཉེན་ཁ་ཆེ་ཞིང་ཁ་བ་བུ་ཡུག་གི་གནོད་སྐྱོན་རྒྱུན་མི་ཆད། རང་བྱུང་གི་ཆ་རྐྱེན་སྡུག་པོས་སྦྲག་ལམ་འདི་ཆེས་དཀའ་ཁག་ཆེ་བ་དང་ཉེན་ཁ་ཆེ་བའི་ལམ་ལ་བགྲང་བཞིན་ཡོད་ལ། ལོ་རེའི་ནང་ཁ་ཆར་གྱི་གནོད་པ་ཆེ་བས་ལམ་འདི་ལ་གངས་ཁྲོད་ཀྱི་སྦྲག་ལམ་ཞེས་འབོད་བཞིན་ཡོད། ལོ་ངོ་30ལྷག་གི་རིང་ལ་འཆི་མེད་རྡོ་རྗེ་ཡིས་ཟླ་རེར་ཐེངས་20ལྷག་རིང་ལ་གངས་ཁྲོད་ཀྱི་སྦྲག་ལམ་འདིའི་སྟེང་དུ་འགྲོ་བཞིན་ཡོད་ལ། ཁྲོན་བོད་སྦྲག་ལམ་གྱི་སྟེང་ནས་ནམ་རྒྱུན་ཆག་སྐྱོན་བྱུང་བའི་རླངས་འཁོར་མང་པོ་ཡོད་ལ། འཆི་མེད་རྡོ་རྗེ་དང་ཁོའི་ལས་གྲོགས་ཚོས་ཉིན་རྟག་པར་དེ་དག་ལ་རོགས་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། འཁོང་འཚང་གི་སྐབས་སུ་འགྲིམ་འགྲུལ་སྣེ་ཤན་པའི་ཚབ་བྱས་ནས་དེ་དག་ལ་བཀོད་འདོམས་ཡང་བྱེད་བཞིན་ཡོད། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་འདི་ལྟར་ཡ་རབས་ཀྱི་སྤྱོད་པ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་གི་སྦྲག་སྐྱེལ་རླངས་འཁོར་དེ་གངས་ཁྲོད་སྦྲག་ལམ་སྟེང་གི་ཆེས་མཛེས་སྡུག་གི་མཛེས་ལྗོངས་སུ་གྱུར།

མི་མང་པོ་ཞིག་གིས་ལས་གནས་གཅིག་པ་ཞིག་བརྟན་སྲུང་བྱ་རྒྱུ་ནི་དཀའ་ལས་ཆེ་བའི་དོན་དག་ཞིག་ཡིན་ལ། ལྷག་པར་དུ་དཀའ་སྡུག་གི་ཁྲོད་ནས་ལས་གནས་བརྟན་སྲུང་རྒྱུན་འཁྱོངས་ཐུབ་པ་ནི་དངོས་གནས་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་མ་ཟད། ཁོའི་བློ་སྤོབས་དང་ལྷག་བསམ་ལ་ང་ཚོས་ཡི་རང་བྱེད་འོས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་བདེན་མོད། ལན་རེར་གེགས་དང་བར་ཆད་ནི་ལྡོག་ཐབས་མེད་པ་ཞིག་ཡིན་ལ། 2012ལོའི་ཟླ་9པའི་ཉིན་ཞིག་ལ་ཁོས་ནམ་རྒྱུན་དང་འདྲ་བར་སྦྲག་འཁོར་བཏང་ནས་དཀར་མཛེས་ལ་ལོག་པའི་ལམ་བར་ནས། ཇག་རྐུན་འགའ་རྒྱུགས་ནས་རླངས་འཁོར་བཀག་ནས་འཆི་མེད་རྡོ་རྗེ་ལ་གཅར་རྡུང་དང་གྲིའི་བསྣུན་ནས་རྨས་སྐྱོན་ཆེན་པོ་བཟོས། ལུས་ལ་གྲི་ཡིས་17བསྣུན་ཡོད་ལ། རྩིབ་རུས་བཞི་བཅག་འདུག་ཞིང་། མགོ་རུས་ཀྱང་བཅག་འདུག དེ་མིན་ལག་པའི་རྩ་དང་རྐང་པ་སོགས་ལ་རྨས་སྐྱོན་ཆེན་པོ་བཟོས་འདུག །སྔ་གཞུག་ཐེངས་དྲུག་ལྷག་ལ་གཤག་བཅོས་བྱས་ནས་ཚེ་སྲོག་གི་ཉེན་ཁ་ལས་ཐར། འོན་ཀྱང་ལག་པ་གཡོན་པས་སྐ་རགས་ཀྱང་བཅིངས་མི་ཐུབ་པའི་ཚོད་ལ་སླེབས། སྐབས་དེ་དུས་ཁོའི་སེམས་ལ་སྡུག་བསྔལ་ཆེན་པོ་སྐྱེས་མོད། ཁོའི་ཆུང་མ་དང་ཀྲུང་ལུགས་སྨན་པ་རྒན་པ་དག་གི་རོགས་རམ་འོག་རིམ་བཞིན་ལག་པ་འགུལ་ཐུབ་པ་བྱུང་། རྨས་སྐྱོན་ཅུང་ཙམ་ཇེ་བཟང་དུ་སོང་རྗེས་ཁོ་རང་སྔར་བཞིན་སྦྲག་འཁོར་སྐོར་ནས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱ་བཞིན་ཡོད་ལ། ཁོས་བཤད་ན་ཁོས་སྐྱེལ་བ་ནི་སྦྲག་ཡིག་མ་ཡིན་པ་བྱིས་པ་དག་གི་སློབ་དེབ་དང་སློབ་བསྡུའི་ཡི་གེ་ཡིན། སྦྲག་ཁུག་དག་མང་ཚོགས་ཀྱི་ལག་ཏུ་འབྱོར་བའི་འཛུམ་མདངས་དེ་ང་ལ་མཚོན་ན་ཆེས་བདེ་སྐྱིད་ལྡན་པའི་དོན་དག་ཅིག་རེད་ཞེས་ལབ་བཞིན་འདུག ། 
དྲང་བདེན་གཤིན་རྗེའི་རྒྱ་མ་ལག་ཏུ་ཐོགས་པའི་སྒྲིག་ཨུའི་ཧྲུའུ་ཅི་བློ་བཟང་ནམ་མཁའ།

དྲང་བདེན་གཤིན་རྗེའི་རྒྱ་མ་ལག་ཏུ་ཐོགས་པའི་སྒྲིག་ཨུའི་ཧྲུའུ་ཅི་བློ་བཟང་ནམ་མཁའ།


 ལྷགས་རླུང་དང་གྲང་ངར་ཆེ་བའི་གསེར་རྟ་རུ་བགྲང་བྱ་བརྒྱད་ཙམ་ལ་ལས་དོན་བསྒྲུབས་ཤིང་། ངལ་གསོ་དང་ལེ་ལོ་སྤང་སྟེ་ཉིན་མཚན་དབྱེར་མེད་དུ་མཐོ་སྒང་གི་འཛུགས་སྐྲུན་ཆེད་དུ་འབད་འབུངས་བྱས། མི་རིགས་མཐུན་སྒྲིལ་ལ་སྲུང་འཛིན་བྱེད་པའི་བསམ་སྤྱོད་དེ་ཁོའི་འཚར་ལོངས་བྱུང་བའི་རྐང་རྗེས་རེ་རེར་ཐིམ་ཞིང་། རང་གི་བརྩེ་སེམས་དང་བྱ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མཛེས་པའི་མེ་ཏོག་ལ་ཆུ་གཏོར་ཏེ། མཐོ་སྒང་གི་ཡུལ་གྲུ་འདི་རུ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་སྙན་མོ་ཞིག་བརྩམས་ཡོད།


 ཁོང་ལ་མིང་གཞན་དུ་“སྐད་འཕྲིན་ཧྲུའུ་ཅི་”ཞེས་བཏགས་ཡོད་དེ། སྐད་འཕྲིན་ལ་བརྟེན་ནས་གྲོགས་པོའི་གྲངས་འབོར་ཇེ་ཆེ་རུ་བཏང་བ་དང་། ས་གནས་དེ་གའི་དམངས་སྤྱོད་ཁེ་ལས་དང་སྒེར་གྱི་ཚོང་ཁང་སོགས་དང་འབྲེལ་བ་ལེགས་པོ་བཙུགས་ཡོད། སྤྱིར་སྒྲིག་ཨུའི་ཧྲུའུ་ཅི་ནི་མི་རྣམས་ཀྱི་མཐོང་ལམ་དུ་ཧ་ཅང་གཟབ་ནན་ཞིག་ཡིན་ཀྱང་། ད་ཐེངས་ཁོང་གིས་རང་འགུལ་སྒོས་གཞན་པའི་སྐད་འཕྲིན་སྣོན་པ་མ་ཟད། ཁོ་ཚོ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་པས། གཟའ་འཁོར་གཅིག་ཙམ་གྱི་རིང་ལ་སྐད་འཕྲིན་གྱི་གྲོགས་པོ་ཆིག་སྟོང་ལས་བརྒལ་བ་སྣོན་ཡོད། ཁོང་གིས་སྐད་འཕྲིན་གྱི་གྲོགས་ཚོམས་འདི་ཡོད་རྗེས། མི་དམངས་མང་ཚོགས་ཀྱི་སྐད་སྒྲ་ཐོས་ཐུབ་བཞིན་འདུག་ཅེས་ལབ་མྱོང་། དོན་དངོས་ཀྱང་དེ་འདྲ་ཞིག་ཡིན་ཏེ། གྲོགས་པོ་ཇེ་མང་སོང་རྗེས། ཁུངས་སྣེའང་ཇེ་མང་སོང་བས། ཁོང་གིས་སྐད་འཕྲིན་ལ་བརྟེན་ནས་གསེར་རྟ་རྫོང་ཁོངས་ཀྱི་ཧམ་ཟ་ཅན་དང་ལྐོག་ངན་རུལ་སུངས་ཅན། དེ་མིན་སྒེར་སྡོམ་བྱེད་མཁན་མང་པོ་ངོས་ཟིན་ཏེ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་ནོར་འཁྲུལ་ཅན་རྣམས་བཏུལ་དང་འདུལ་བཞིན་ཡོད།

 ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་མཐོང་ལམ་དུ་བློ་བཟང་ནམ་མཁའ་ནི་ལས་དོན་ནན་སྒྲུབ་དང་མི་ལ་བྱམས་བརྩེ་ཆེ་བའི་སྒྲིག་ཨུའི་ཧྲུའུ་ཅི་ཞིག་ཡིན་ལ། ཁྲིམས་འགལ་སྒྲིག་འགལ་གྱི་ནོར་འཁྲུལ་ཡོད་པའི་མིའི་མཐོང་སྣང་དུ་ཁོང་ནི་ཞུམ་པ་མེད་པའི་ངར་ལྕགས་ཤིག་དང་གཡོ་འགུལ་མེད་པའི་ཕ་བོང་ལྟ་བུ་ཞིག་ཡིན་ཞིང་། ནོར་འཁྲུལ་ཤོར་མྱོང་བའི་ལས་བྱེད་པའི་ངོས་སུ་ཁོང་ནི་ན་ནད་བཅོས་པའི་ལྷ་རྗེ་དང་ལས་བྱེད་པ་སྐྱོབ་པའི་རྗེ་བོ་ལྟ་བུ་ཞིག་ཡིན། 2017ལོ་ནས། གསེར་རྟ་རྫོང་གི་རྒྱུན་རྐྱེན་འདྲ་མིན་དབང་གིས་དུས་རྒྱུན་ལས་གནས་ལ་མི་ཞུགས་པའི་ལས་བྱེད་མི་སྣ་53གཙང་སེལ་བྱས་ཏེ། ཁོ་ཚོའི་ལག་ནས་དམིགས་འབེན་གྲུབ་འབྲས་ཀྱི་སྒོར་ཁྲི་118དང་ཁ་གསབ་ཀྱི་སྒོར་ཁྲི་95ལྷག་ཚུར་བླངས། མང་ཚོགས་ཀྱི་རེ་ཞུ་དང་དགོས་མཁོ་ལ་སྣ་ཁ་སྟོང་ཕྲག་ཡོད་ཅིང་། དེ་ལ་རྣམ་པ་དང་ངོས་འཛིན་སྟངས་ཀྱང་སྟོང་ཕྲག་ཡོད་དགོས། འགྱུར་བཞིན་པ་ནི་རྣམ་པ་ཡིན་ལ། འགྱུར་རྒྱུ་མེད་པ་ནི་ཐོག་མའི་བསམ་འདུན་ཡིན། ཐོག་མའི་བསམ་འདུན་སྲུང་འཛིན་བྱེད་པའི་གཡོ་མེད་ཀྱི་ནུས་ཤུགས་ཤིག་ཡོད་པའི་རྐྱེན་གྱིས། ད་གཟོད་བློ་མཐུན་བློ་བཟང་ནམ་མཁའ་ལ་སྤུན་ཟླ་མི་རིགས་སོ་སོའི་དམངས་སེམས་དང་ཁས་ལེན་ཐོབ་པ་རེད།

 བློ་བཟང་ནམ་མཁའ་ནི་སྤྱི་ལོ་1979ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་སྐྱེས། སྤྱི་ལོ་2001ལོའི་ཟླ་5པར་ལས་གནས་ལ་ཞུགས་པ་དང་། སྤྱི་ལོ་2004ལོའི་ཟླ་6པར་ཏང་ནང་དུ་ཞུགས། ཁོང་གིས་སྔ་གཞུག་ཏུ་དཀར་མཛེས་རྫོང་དཀར་རགས་ཡུལ་ཤོག་གིི་འགོ་འཛིན་དང་། དཀར་མཛེས་རྫོང་བྱེ་གསེར་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི། དཀར་མཛེས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན། དཀར་མཛེས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་། གསེར་རྟ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། གསེར་རྟ་རྫོང་ཨུ་རྒྱུན་ཨུ་དང་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁུལ་སྒྲིག་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་སོགས་ཀྱི་ལས་འགན་བཞེས། 

ཡ་རབས་གཞན་ཕན་གྱི་ལས་ལ་གཞོལ་བའི་གཉན་ཆེན་ཐང་ལྷའི་བུ་རྒྱུད་ལི་ཅིན།


ལི་ཅིན་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་བདག་པོ་ཡིན་པའི་ཆ་ནས། ཁོས་རྒྱུན་དུ་འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བ་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། 2001ལོར་སྒྱུ་རྩལ་ཚོགས་པ་བཙུགས་ནས་བཟུང་། སྔ་རྗེས་སུ་གླུ་པ་200ལྷག་དང་འཁྲབ་སྟོན་པ་800ལྷག་གསོ་སྐྱོང་བྱས་ཤིང་། དེ་ཚོ་ནི་སི་ཁྲོན་དང་བོད་ལྗོངས། ཀན་སུའུ། མཚོ་སྔོན། ཡུན་ནན་སོགས་ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ་ནས་ཡོང་བའི་བོད་རིགས་དང་། ཆའང་རིགས། སོག་རིགས། ཧུའེ་རིགས། རྒྱ་རིགས་སོགས་ཚུད་ཡོད།


བགྲང་བྱ་19ཡི་འཕེལ་རྒྱས་བརྒྱུད། གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པས་ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དེ་གྲོང་ཁྱེར་གྱི་“རིག་གནས་ས་རྟགས་”སུ་གྱུར་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཤེས་ལྡན་པའི་“འབྱུང་ཁུངས་”སུ་གྱུར་ཡོད། སེམས་སུ་ཕུགས་འདུན་དང་རེ་སྙེག་བཅངས་ཤིང་། གངས་ཅན་མཐོ་སྒང་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་གཞོན་ནུ་མང་པོས་འདི་ནས་གྲོང་ཁྱེར་གྱི་སྒོ་ཆེན་རྡུང་བ་དང་། འདི་ནས་རྣམ་པ་གསར་པའི་འཛམ་གླིང་ཞིག་མཐོང་ཡོད། ཁོང་གིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་འདི་འདྲ་གཏོང་མེད་པ་དང་། གུང་ཁྲན་ཏང་ཡོན་ཁྲི་མ་འབུམ་གྱིས་ས་གནས་འདི་རུ་འབད་བརྩོན་ལྷུ་ལེན་བྱས་མེད་ཚེ། ང་ཚོ་རི་བོ་ལས་བརྒལ་ཐུབ་རྒྱུ་མ་རེད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཤར་རླུང་དེ་མེད་ན། ང་ཡང་ཞིང་གྲོང་གི་བྱིས་པ་ཞིག་ནས་ཁེ་ལས་པ་ཞིག་ཏུ་འགྱུར་སྲིད་རྒྱུ་མ་རེད། དེ་དག་ཚང་མ་ཏང་གིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་གནང་བའི་ལོངས་སྤྱོད་རེད། མི་ཞིག་ཡིན་པའི་ཆ་ནས། ང་ཚོས་རྩ་བ་དེ་བརྗེད་མི་རུང་། རང་ལ་ཆ་རྐྱེན་ཡོད་ན་མི་མང་པོར་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།

2008ལོ་ནས་བཟུང་། དཔྱིད་གསར་དུས་ཆེན་ཡང་སྤྱི་ཕན་འཁྲབ་སྟོན་གྱི་ལམ་དུ་བསྐྱལ་ཞིང་། ཁ་བ་ལྷབ་ལྷུབ་འབབ་པའི་འབྲོག་ས་དང་། ཇ་བསྲུས་མའི་དྲི་ཞིམ་འཐུལ་བའི་སྦྲ་ནག་གི་ནང་ལོགས་སུ་ཆར་རླུང་མཉམ་སྡེབ་དང་ལག་སྦྲེལ་མདུན་སྐྱོང་བཅས་ཀྱི་རྐང་རྗེས་བཞག་ཡོད། ལི་ཅིན་གྱིས་རྒྱུན་དུ། ཏང་ཡོན་ཡིན་པ་དང་དམ་བཅའ་བཞག་ཚར་ནས་བཟུང་། ལག་ལེན་དུ་བསྟར་དགོས་པ་ལས་རྫུན་བཟོ་བྱ་མི་རུང་ཞེས་ལབ་བཞིན་ཡོད། ཁོང་གིས་ཀྱག་ཀྱོག་གི་ལམ་བུའི་ཁྲོད་དུ། རང་ནུས་གང་ཡོད་སྟོན་པའི་རྨང་རྡོ་ལྟ་བུ་ཞིག་ལ་སྤྲུལ་ནས། སྔོན་ཐོན་གྱི་གུང་ཁྲན་ཏང་མི་ཞིག་གི་ཚད་གཞི་འཛིན་ཏེ་དཔེ་བཟང་ཅན་དུ་བྱས་ཤིང་། རླབས་ཆེན་གྱི་དུས་རབས་གསར་པའི་ཁྲོད་དུ་བྱས་རྗེས་ཕྲན་ཙམ་འཇོག་རྒྱུའི་སེམས་འདུན་མངོན་ཡོད།

ཁོང་ལ་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱིས་བསྟོད་བསྔགས་དང་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་དེ། 2018ལོར། སི་ཁྲོན་ཞིང་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་“སི་ཁྲོན་ཞིང་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་བའི་བྱ་དགའ་”ཞེས་པ་ཐོབ། 2018ལོར། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་སོགས་ཀྱིས་“སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་པ་”ཞེས་པའི་མཚན་སྙན་གནང་། 2019ལོར། “སི་ཁྲོན་གྱི་མི་བཟང་”ཞེས་པའི་མཚན་སྙན་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་“སི་ཁྲོན་དགེ་ལས་བྱ་དགའ་”ཆེས་བྱམས་བརྩེ་ལྡན་པའི་མི་སྣ་ཞེས་པའི་མཚན་སྙན་ཐོབ་པ་དང་། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་“རྒྱལ་ཡོངས་དབུལ་སེལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་བའི་བྱ་དགའ་”ཞེས་པ་གནང་། 2019ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣ་”ཞེས་པའི་མཚན་སྙན་བསྩལ། 










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1