ཁམས་ཉག་རོང་གླག་ཁོག་ས་ནས་གནའ་བོའི་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་བ་།

གསེར་ཀུན་དགས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


 

དེ་ཡང་ཐེངས་འདིར་གྲོགས་དམ་པ་བླ་མ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་བྲག་བརྐོས་རི་མོའི་གནས་ཚུལ་ངོ་སྤྲོད་བྱས་པ་བརྒྱུད་ཕྲན་ཡང་ས་གནས་དེར་རྟོག་ཞིབ་ཐེངས་གཅིག་ཏུ་བསྐྱོད་པའི་འདུན་མ་ཤུགས་དྲགས་སྐྱེས་མོད། འོན་ཀྱང་། རེ་ཞིག་མི་ཁོམ་པའི་དབང་གིས་ནར་འགྱངས་སུ་ལུས། 2019ལོའི་སྤྱི་ཟླ་9པའི་ཚེས་28ཉིན་གྱི་ཞོགས་པར་ང་རང་དངོས་སུ་བྲག་བརྐོས་རི་མོ་དེར་རྟོག་ཞིབ་ཏུ་འགྲོ་བར་སེམས་ཐག་རྦད་ཀྱིས་བཅད་དེ་ལམ་ལ་ཆས། དགུང་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་གཞི་ནས་རྡོ་ཡི་བང་མཛོད་དུ་གྲགས་པ་ཁམས་གླག་ཐལ་ལམ་ལྷ་རུ་མ་ཞེས་པའི་ཡུལ་ཁམས་ལྟ་ན་སྡུག་ཅིང་། ཐང་དང་རི་སུལ། ནགས་ཚལ་དང་ཆུ་ངོགས་སོགས་ཀྱིས་དྲི་ཟའི་འཇིག་རྟེན་ལ་ཅོ་འདྲི་བ་ལྟ་བུའི་གནས་མཆོག་དེར་འབྱོར། དེའི་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་པའི་སྟེང་ཡུལ་དེའི་སྡེ་མི་གུ་དྲགས་ལགས་ཀྱི་བདག་རྐྱེན་དང་ལམ་ཁྲིད་ལ་བརྟེན་ནས་ཤར་མར་བྲག་བརྐོས་རི་མོའི་ཕྱོགས་སུ་ཆས། གཞུང་ལམ་བསྐྲུན་ཟིན་མེད་པ་དང་ས་ལམ་ཤ་སྟག་ཡིན་པས་དུས་ཚོད་གསུམ་རིང་གི་འཕྲུལ་རྟའི་ལམ་ལ་ཆས་མཐར་ཉིན་གུང་གི་དུས་ཚོད་བཅུ་གཅིག་སྟེང་ད་གདོད་དམིགས་ཡུལ་ལ་འབྱོར།

བྲག་རིས་འདིའི་ནང་དོན་མི་གསལ། 
此图内容有待考究

བྲག་བརྐོས་རི་མོ་ཆགས་ཡུལ་ནི་ཁམས་ཉག་རོང་གླག་ཁོག་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་བདུན་ཅུ་ཡས་མས་ཤིག་སོང་མཚམས་ཀྱི་ཁམས་གླག་སྨད་ས་ཆ་ཡིན་ཞིང་། གནས་དེའི་བྲག་རིས་ནི་མཚོ་འཕགས་སྨི་4260ལོན་པའི་རི་བོ་ཁ་ལྷོ་ཕྱོགས་སུ་འཁོར་བ་ཞིག་གི་འདབས་སུ་ཉི་འོད་དང་ཆར་ཆུ་གང་ཡང་འགོག་མི་ཐུབ་པའི་བྲག་འབུར་ཞིག་ཡོད་པ་དེའི་ངོས་སུ་བརྐོས་འདུག བྲག་འབུར་དེའི་སྤྱིའི་དབྱིབས་ནི་སྔོན་གྱི་བང་སོ་ཞིག་དང་འདྲ་ཞིང་སྟེང་དུ་ད་དུང་མཁར་ཤུལ་ཞིག་མ་ཡིན་ནམ་སྙམ་པའི་རྡོ་ཆག་ཅིག་ཀྱང་འདུག བྲག་འབུར་གྱི་མདུན་ངོས་སམ་རི་མོའི་ངོས་ནི་རྡོ་རང་ག་བ་ཞིག་མ་ཡིན་པར་ངོས་སྙོམས་ཞིང་འཇམ་ལ་ཁ་དོག་སྨུག་པོ་ཡིན་པས་ཕལ་ཆེར་ཁྲོ་ལྕགས་ཀྱི་གཞི་རྒྱུ་ཡོད་པའི་རྡོ་གཅལ་གྱི་རིགས་ཤིག་ཡིན་པ་འདྲ། བྲག་རིས་ཀྱི་མདུན་དུ་ཡིག་དུམ་མཚོ་སྟོད་ཅེས་པའི་མཚོ་ཆུ་དལ་གྱིས་རིང་དུ་བཞུར་ཞིང་ད་དུང་རི་བོ་ཅུང་ཙམ་ཆེ་བ་གཉིས་ཕན་ཚུན་བསྣོལ་ཡོད་པས་ས་དཔྱད་ལས་མདུན་རི་ཕྱག་རྒྱ་བསྣོལ་བ་ཞེས་པ་དེ་དང་འདྲ། བྲག་འབུར་གྱི་རྒྱབ་རི་ནི་ཚང་ཚང་གི་གཡུ་ལོ་རྒྱས་པའི་ནགས་ཚལ་སྟུག་པོ་ཞིག་ཡིན་ལ། དེར་ཤྭ་བ་དང་རྒོ་བ། གཟིག་དང་དོམ་སོགས་རྒོད་སྐྱེས་སྲོག་ཆགས་མང་པོ་བག་ཕེབས་སུ་གནས་ཡོད་པར་བཤད།

སྒོ་ཕྱུགས་འདུལ་སྦྱོང་གི་རྣམ་པ། 驯服牲口图

ཡུལ་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན། བྲག་འབུར་དེའི་རྒྱབ་ཀྱི་ནགས་ཚལ་དུ་རི་དྭགས་སྣ་ཚོགས་ཡོད་པས་སྔོན་གྱི་གཉུག་མར་གནས་པའི་རྔོན་པ་རྣམས་ཀྱིས་ཡུལ་དེར་རིང་པོར་རྔོན་བྱས་པས་ལུང་པ་དེའི་མིང་ལའང་རྔོན་པ་ལུང་པ་ཟེར་ལ། བྲག་ལྡེབས་ངོས་ཀྱི་རྔོན་པ་དང་རྔོན་ཁྱི། ཤྭ་བའི་རི་མོས་ཀྱང་རྔོན་པའི་འཚོ་བ་དེ་མཚོན་པར་མ་ཟད། དེ་གའི་དམངས་ཁྲོད་དུའང་ཤྭ་བ་སྨན་རྭ་ཅན་གྱིས་དངོས་གྲུབ་སྩོལ།། ཡུ་མོ་ཚུལ་དར་ཅན་གྱིས་དངོས་གྲུབ་སྩོལ། །ཅེས་ཤྭ་བ་མཆོད་པའི་བསང་ཡིག་ཅིག་ཀྱང་ཡོད་པར་བཤད། ཡང་ལུང་པ་འདིའི་མདའ་རུ་ཡིག་དུམ་རི་མོ་ཐང་ཞེས་ཟེར་ལ། དེ་ནི་བྲག་ལྡེབས་ངོས་ཀྱི་རི་མོ་འདི་ཁོ་ན་ཙམ་རྒྱུ་མཚན་དུ་བྱས་པས་བཏགས་པའི་མིང་ཞིག་མིན་ལ། ལུང་པ་འདིའི་མདའ་རུ་ད་དུང་གེ་སར་དུམ་པ་ཞེས་རྡོ་ཡི་ངོས་སུ་ཡི་གེ་དུམ་པ་བྲིས་པ་ཞིག་དང་། རྡོ་ཡི་སེང་གེ་སོགས་ངོ་མཚར་བའི་རང་བྱུང་གི་སྣང་བརྙན་མང་དུ་མཆིས་པས་དེ་སྐད་ཐོགས་པར་སྙམ་མོ། །གང་ལྟར་མིང་འདི་གཉིས་ནི་ད་ལྟའི་མི་ཞིག་གིས་བློས་བཟོ་བྱས་པ་མ་ཡིན་པར་སྔོན་ནས་དེ་སྐད་འབོད་པར་བཤད།

རྡོ་ཡིས་དྲས་གྲུབ་བྱས་པའི་ནོར་ནག་གི་གཟུགས། 
牦牛图

དེ་ནས་རྔོན་པ་ལུང་པའམ་རི་མོ་ཐང་གི་བྲག་བརྐོས་རི་མོ་དངོས་ལ་ཞུགས་པ་ཡིན་ལ། བལྟས་པ་ཙམ་གྱིས་བྲག་རིས་འདི་ནི་མིག་སྔར་རྙེད་ཟིན་པའི་མངའ་རིས་རུ་ཐོག་དང་མཚོ་ནུབ་ཁུལ་གྱི་བྲག་རིས་སོགས་དང་འདྲ་བར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཞིབ་འཇུག་གི་རིན་ཐང་ལྡན་པ། མདོ་དབུས་མཐོ་སྒང་གི་ཚབ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་བྲག་རིས་ཤིག་ཡིན་པར་བློ་བདེ་ཆོག་ལ། བྲག་ལྡེབས་འདིའི་མཐོ་ཚད་ལ་ས་ངོས་ནས་སྤྱི་ཁྲེ༢དང་ཕྱེད་ཡོད་པ་དང་། གཡས་གཡོན་གྱི་རིང་ཚད་ལ་སྤྱི་ཁྲེ༧དང་ཕྱེད་ཙམ་ཡོད། བྲག་ལྡེབས་ཀྱི་ནང་དོན་གཙོ་བོ་ནི་གཡག་དང་ཤྭ་བ། རྔོན་པ་མདའ་གཞུ་ཅན། རྔོན་ཁྱི། ཞིང་འབྲོག་གི་ཡོ་བྱད་བཅས་རེད། རི་མོ་དེ་དག་ལས་ཁར་ཁེར་ཞིག་ནི་རྡོ་རུད་ཀྱིས་བརྐོས་ཤིང་ཁ་ཁེར་ཞིག་གཟོང་བརྐོས་ཀྱིས་དྲུས་གྲུབ་བྱས་པ་ཤ་སྟག་ཡིན་པས་ཕལ་ཆེར་རྡོ་ཆས་རྙིང་པའི་དུས་རབས་ལས་ཅུང་འཕྱི་ཞིང་རྡོ་ལྕགས་མཉམ་སྤྱོད་ཀྱི་དུས་རབས་སམ་ཟངས་ཆས་ཀྱི་དུས་རབས་སུ་བྱུང་བ་ཞིག་ཨེ་ཡིན་སྙམ། བྲག་རིས་དེ་དག་ལས་ཁོ་བོས་གྲངས་སུ་འདེབས་ཐུབ་པའི་ཚབ་མཚོན་རི་མོ་ནི་རྔོན་ཁྱི་བརྒྱད་དང་། ཤྭ་བ་བཅུ་གསུམ། གཡག་བཅུ་བཅས་རེད། བྲག་རིས་དེ་དག་གི་རྣམ་པ་ནི་རྔོན་པས་ཤྭ་བ་ལ་མདའ་འཕེན་ཞིང་། རྔོན་ཁྱི་གསུམ་གྱིས་ཤྭ་བ་རྭ་རིང་གཅིག་ཁེར་ཆོད་བྱས་ཤིང་ཤྭ་བ་དེ་ཧ་ཅང་འུ་ཐུག་པའི་ཉམས་དང་།
མཐའ་འཁོར་དུ་གཡག་དང་ནོར་གྱིས་བསྐོར་ཡོད་ཅིང་མི་ལ་ལས་གཡག་གམ་འབྲོང་ལ་མདའ་འཕེན་དང་། ལ་ལ་རྟར་ཞོན་དེ་རི་དྭགས་འདུལ་སྦྱོང་བྱེད་ཀྱིན་འདུག་པས་གནའ་བོའི་བོད་ཀྱི་འབྲོག་པའི་འཚོ་བའི་ཉམས་སྣང་ལྡན། ཡིན་ཡང་ད་དུང་ཐང་གཤོལ་དང་འཇོར་སོགས་སོ་ནམ་གྱི་ཡོ་བྱད་དང་ཡིག་གཟུགས་ཤིག་ཡིན་ནམ་སྙམ་པའི་རི་མོ་དེ་ཙམ་མི་གསལ་བ་དང་། ཅི་ཡིན་ངོས་མི་ཟིན་པའི་རི་མོའང་མང་དག་ཅིག་ཡོད་པས་ད་དུང་རྟོག་དཔྱོད་དགོས།

རྡོའི་སེང་གེའི་མགོ 
石狮子头

ཡང་གྲོགས་དམ་པ་བླ་མ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན་བྲག་རིས་འདིའི་རྩ་རུ་རྡོ་ཡིས་བཟོས་པའི་སེང་གེ་ཞིག་ཡོད་པར་གསུངས་མོད། འོན་ཀྱང་ད་ལྟ་ནི་ཞིག་དང་ཆག ཡལ་སོགས་རྒྱུ་རྐྱེན་གང་ཡིན་མི་ཤེས་པར་སེང་གེའི་མགོ་ལས་གཟུགས་སྨད་མཐོང་དུ་མི་སྣང་ཡང་། སེང་གེའི་གཟུགས་དབྱིབས་ཡོད་པ་དེར་གཞིགས་ན། བྲག་རིས་འདིར་རྗེས་མར་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཅུང་ཙམ་ཐེབས་ཡོད་པར་ངེས་ཤེས་བརྟན་པོ་འདྲོངས་ཐུབ་ལ། གང་ལ་ཟེར་ན་གནའ་བོའི་བོན་ལུགས་སུ་འབྱུང་བའི་ཁམས་ཀྱི་བྱེ་བྲག་སའི་མཚོན་རྟགས་སུ་སེང་གེ་དང་། ཆུའི་མཚོན་རྟགས་སུ་འབྲུག མེའི་མཚོན་རྟགས་སུ་ཁྱུང་། རླུང་གི་མཚོན་རྟགས་སུ་སྟག་གི་གཟུགས་རྣམས་བཀོད་སྲོལ་བྱུང་ཞིང་། ཚུལ་དེ་དུས་རིམ་གོང་མ་ནས་བཟུང་བོན་ལུགས་ཀྱི་ཆོ་ག་འགའི་ཁོངས་སུ་ཆུད་ཅིང་། དུས་རིམ་བར་མ་དང་འོག་མའི་ནང་སྔར་རྒྱུན་མུ་མཐུད་ནས་དར་བ་མ་ཟད་བོད་མི་ཚོས་དེང་དུས་སུ་བེད་སྤྱོད་བྱེད་བཞིན་པའི་རླུང་རྟ་བྱ་བ་འདི་རྣམས་བྱུང་བ་ཡིན། ཞེས་ཆོས་རྒྱལ་ནམ་མཁའི་ནོར་བུས་མཛད་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པའི་ཤོག་ངོས་108པར་གསལ་ལོ།།

རླུང་རྟའི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་ཡོད། ཇི་ལྟར་མཚོན་པའི་ཚུལ་ཡང་གནའ་བོའི་བོན་པོ་ཚོས་འབྱུང་བ་དང་འབྱུང་བའི་ཁམས་གཉིས་སུ་ཕྱེས་ཏེ། འབྱུང་བ་ནི་ས་ཆུ་མེ་རླུང་རྣམས་ཡིན་པ་དང་འབྱུང་བའི་ཁམས་ནི་འབྱུང་བའི་ཀློང་དེར་ཡོད་གཡོ་བ་ཅན་གྱི་ནུས་ཤུགས་ཤིག་ལ་ངོས་འཛིན། དེས་ན་འབྱུང་བ་སའི་སྙིང་པོ་ནི་སྲ་ཞིང་མཁྲེགས་པའི་རང་བཞིན་དང་ལྡན་པའི་རི་བོ་ཆེན་པོ་རྣམས་ཡིན་ལ། ད་དུང་ཆེས་སྲ་ཞིང་མཁྲེགས་པ་གངས་ཀྱི་རི་བོ་རྣམས་ཀྱི་སྤོའམ་གངས་རིའི་ཀློང་དུ་གནས་འཆའ་ཞིང་། གཡོ་བ་ཅན་གྱི་སྲོག་གི་ནུས་པ་དང་ལྡན་པ་ནི་སེང་གེ་ཡིན་སྟབས། འབྱུང་བ་ས་ཁམས་ཀྱི་མཚོན་རྟགས་སུ་སེང་གེ་བཀོད་པ་ཡིན་ཞེས་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པའི་ཤོག་ངོས་110ངོར་གསལ་བས་ན། རྡོ་བཟོའི་སེང་གེ་འདི་ཡང་གནའ་བོའི་བོན་ལུགས་ཀྱི་ས་ཁམས་མཚོན་རྟགས་ཤིག་མ་ཡིན་ནམ་སྙམ་ལ། དེ་ཡང་གནའ་བོའི་བོན་ལུགས་ལྟར་ན་རྡོའི་སེང་གེ་ནི་གཙོ་བོ་གསས་ཁང་དང་བང་སོའི་ས་དགྲ་གནོན་བྱེད་དུ་བཙུགས་པ་མང་སྟེ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་རུ། “ར་ས་འཕྲུལ་སྣང་གི་ས་དགྲ་གནོན་པའི་ཤར་གྱི་སྲིན་མོའི་འདོམས་ལ། དབང་ཕྱུག་ཆེན་པོའི་རྟེན་བཙུགས། ལྷོའི་རུས་སྦལ་ལ། བྱ་ཁྱུང་གི་རྟེན་བཙུགས། བྱང་གི་གྱད་སྟོབས་ཅན་གཡུལ་དུ་ཞུགས་པ་དེ་ལ། རྡོའི་སེང་གེ་དཀར་མོ་མཛད་དོ།།” ཞེས་པ་དང་།
འཕྱོངས་རྒྱས་མུ་ར་རིའི་རི་སྐེད་དུ་བཏབ་ཡོད་པའི་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་བང་སོའི་ཤར་དུའང་འདི་ལྟ་བུའི་རྡོའི་སེང་གེ་ལག་པ་གཡས་པ་ཆག་སྐྱོན་ཤོར་བ་ཞིག་དང་ནུབ་ཏུ་རྡོའི་སེང་གེ་མགོ་མེད་ཅིག་མཆིས་པ་སོགས་ཀྱིས་རྟོགས་ནུས་སོ།།

གོང་དུ་སྨྲོས་པའི་བྲག་རིས་གཡག་དང་ཤྭ་བ་རྔོན་ཁྱི་སོགས་དང་རྡོའི་སེང་གེ་འདི་གཉིས་ནི་ངེས་པར་དུ་དུས་ཚོད་གཅིག་གི་ནང་དུ་བྱུང་བའི་ངེས་པ་མེད་ལ། དུས་རབས་རིམ་ཅན་གྱི་མི་རྣམས་ཀྱིས་སྔོན་གྱི་རི་མོ་རྙིང་བ་དེ་རྣམས་མཐོང་བས་དེ་དག་གི་གཤམ་དུ་གསར་སྣོན་གྱི་རི་མོ་ཅི་རིགས་བཀོད་མྱོང་བ་ཡོད་དེ། དཔེར་ན་དེང་སང་མངའ་རིས་རུ་ཐོག་ནས་གསར་རྙེད་བྱུང་བའི་ཁ་སྒར་བྲག་རིས་དང་རི་ཐོག་ར་བང་གི་གོ་རའི་བྲག་རིས་སོགས་ཀྱི་ངོས་སུ་དེང་དུས་ཀྱི་མིས་གསར་དུ་བསྣན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས“ཨོཾ་མ་ནྀ་པདྨེ་ཧཱོཾ།”ཞེས་པ་བརྐོས་ཡོད་པ་འདིས་ཀྱང་མཚོན་ནུས་སོ།།

སྤྱིར་རྗེས་དཔག་གམ་རིག་འདེད་པའི་ཐབས་ལམ་འདི་ནི་གནའ་བོའི་བྲག་བརྐོས་རི་མོའི་གསང་རྒྱ་བརྟོལ་བའི་ཐབས་ལམ་ཉག་གཅིག་དེ་མིན་ན་ཡང་།
དེ་དག་ལས་ཐབས་ལམ་ཆེས་ལེགས་ཤོས་དེ་ཡིན་པ་ནི་སྨོས་མི་དགོས་པའི་ཕྱིར། ང་ཚོས་མིག་སྔར་རྙེད་ཟིན་པ་དང་གནའ་དཔྱོད་པ་དག་གིས་སྤྱི་བསྒྲགས་བྱས་ཟིན་པའི་མངའ་རིས་རུ་ཐོག་གི་བྲག་རིས་དང་བྱང་ཐང་གི་བྲག་རིས། དེ་བཞིན་ལོ་ངོ་3200ལྡན་པའི་མཚོ་ནུབ་ཁུལ་གྱི་འབྲོག་ལུང་བྲག་རིས་དག་ལ་གཞིགས་ན། ཁམས་གླག་ཁོག་ས་ཆའི་བྲག་རིས་འདི་ལ་མ་མཐའ་ཡང་རྡོ་ཆས་གསར་མའི་དུས་རབས་སམ་ཡང་ན་དེ་ལས་བརྒལ་ཏེ་ལོ་ངོ་སྟོང་ཕྲག་གསུམ་ནས་བཞིའི་བར་གྱི་ལོ་རྒྱུས་ཡོད་པ་དངོས་ཤུགས་བརྒྱུད་གསུམ་ནས་རྟོགས་ཐུབ། དེ་བཞིན་མཚོན་དོན་གྱི་ཆ་ནས་ཀྱང་གཡག་གམ་འབྲོང་ནི་བོད་མི་རིགས་ཀྱི་བླ་ཟོག་གམ་(རྒྱའི་ཡིག་ཆ་འགའ་རེའི་ནང་དུ་བོད་ལ牦牛崇拜人ཞེས་འབོད)དགྲ་འགོག་གི་ལྕགས་རི་ལྟ་བུར་སྒོམ་བཞིན་ཡོད་ལ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གནའ་རབས་ཀྱི་ཆོ་ག་རྙིང་བ་རྣམས་ལས་ཀྱང་ཡ་བདུད་དང་བཙན་དྲི་བརྩོག་ངན་གྱིས་བསྔངས་པའི་ངོ་།། གཡག་རྡུང་ཀུས་ཕ་གཅིག་ལ་སྣོར་ལ་ཟ་བའི་ངོ་།། ཞེས་པ་ལས་གཡག་རྡུང་བྱེད་དེ་དགྲ་འགོག་གི་མཚོན་ཆ་ལྟ་བུར་ངོས་འཛིན་བཞིན་ཡོད་ལ་དེར་མ་ཟད་གནའ་བོའི་བོན་གྱི་དཔེ་རྙིང་ལམ་སྟོན་པའི་མདོ་ཞེས་པར་མཚོན་གྱི་སེ་དགུ་འགོག་བྱེད།། མངོན་གཡག་ཁ་དྲག་རླས་པ་བྱས། ཞེས་གཡག་ནི་མཚོན་འགོག་པར་ངོས་བཟུང་ཡོད་པ་མ་ཟད་དེང་སང་ད་དུང་ཡང་གཡག་མགོའམ་འབྲོང་མགོ་ནི་བོད་མའི་སྡོད་ཁང་གི་ཡང་ཐོག་དང་ཁང་སྒོ་རུ་དགྲ་འགོག་གི་ཚུལ་དུ་བརྒྱན་སྲོལ་ཡོད་པ་ལྟ་བུ་རེད། དེས་ན་མིག་སྔར་རྙེད་ཟིན་པའི་མདོ་དབུས་མཐོ་སྒང་གི་བྲག་རིས་དང་ཁམས་གླག་ཁོག་གི་བྲག་བརྐོས་རི་མོ་འདི་ལས་འབྲོང་ངམ་གཡག་ནི་དེའི་འཐུས་ཚབ་རང་བཞིན་གྱི་སྲོག་ཆགས་ཡིན་པ་དང་། གྲངས་འབོར་ཆེས་མང་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་དམིགས་བསལ་ལྡན་པ། རྔོན་པ་དང་འབྲོག་པའི་འཚོ་བའི་རྣམ་པ་ཡང་བྲག་རིས་འདིའི་གཞི་རྩའི་ཁྱད་ཆོས་སམ་རང་བཞིན་དུ་ཆགས་ཡོད་པས་བྲག་རིས་འདིའི་མཚོན་དོན་ཡང་གནའ་བོའི་བོད་མི་རིགས་ཀྱི་མེས་པོ་དག་གི་འཚོ་གནས་གོམས་གསུམ་དང་འབྲེལ་བ་ཡོད་པའི་སྣང་བརྙན་ཞིག་ཡིན་པ་བསྙོན་མེད་རེད་སྙམ།

ལར་ང་ཚོས་ནི་རང་གི་ཤ་མིག་གི་མཐོང་ཡུལ་དུ་གྱུར་བ་ཁོ་ན་ལ་གཞི་བཅོལ་ཏེ་བཤད་བཞིན་ཡོད་པ་ལས། ལྐོག་ཏུ་གྱུར་བའི་བྲག་རིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་བྲག་རིས་རང་སྟེང་གིས་བཤད་པའི་ནང་དོན་དེ་ནམ་ཞར་རྟོགས་ཐུབ་ཀྱིན་མེད་པར་མ་ཟད། ཧི་མ་ལ་ཡི་རི་རྒྱུད་འདིར་བྲག་བརྐོས་རི་མོ་ལས་གཞན་ས་བརྐོས་(དཔེར་ན་ལི་ཐང་དགེ་བསྙེན་རི་བོའི་ཤོད་ཀྱི་སྤང་བཀྲ་མཆོད་རྟེན་ལྟ་བུ)རི་མོ་དང་ཆུ་རིས་སོགས་མང་དུ་བྱུང་ཡོད་སྲིད་མོད། དེ་དག་ནི་དུས་ཀྱི་ཚེ་མ་ཐུབ་པས་ད་ལྟའི་ཞིབ་འཇུག་གི་མཐིལ་དུ་རྔོ་མི་ཐོགས་པར་ལུས་པ་ལྟ་བུ་རེད། འོ་ན་དེ་དག་ལས་བྲག་རིས་འདི་དག་ནི་ཡི་གེ་མ་བྱུང་བའི་སྔོན་གྱི་ཡི་གེའི་ཚབ་མཚོན་ནམ་འཚོ་བའི་གནས་སྟངས། ཡང་ན་ལོ་རྒྱུས་ཀྱི་འཕེལ་འགྲིབ། ཆོས་ལུགས་ཀྱི་དད་མོས་སོགས་མཚོན་པའི་བརྡ་རྟགས་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་ནི་གདོན་མི་ཟའོ།།

གཞན་ཡང་ཡུལ་འདིའི་མི་རྣམས་ཀྱིས་བཤད་པ་ལྟར་ན་གནས་འདིར་ཆ་འཕྲིན་དང་འགྲིམ་འགྲུལ་གྱི་སྟབས་བདེ་མེད་པས་མིག་སྔར་བྲག་བརྐོས་རི་མོ་འདི་ལ་ཞིབ་འཇུག་གམ་རྟོག་ཞིབ་བྱེད་མཁན་གཅིག་ཀྱང་བྱུང་མེད་ལ། དེ་ལས་ཁོ་བོ་ནི་བྲག་རིས་འདིའི་ཆེས་ཐོག་མའི་རྟོག་ཞིབ་པ་རེད་ཅེས་དང་། བྲག་རིས་འདི་ལ་སྲུང་སྐྱོབ་ཡག་པོ་ཞིག་བྱེད་རྒྱུ་ནི་ཁོང་ཚོའི་རེ་བ་ཉག་གཅིག་ཡིན་ཞེས་བཤད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1