ལོ་ཙཱའི་རྩ་བའི་ཐབས་ལམ་གསུམ་དང་འབྲེལ་རྒྱ་བོད་ལོ་ཙཱའི་རྒྱུན་མཐོང་གི་དོག་གནད་འགའ།

དབང་ཆེན་སྒྲོལ་མས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


ཡིག་སྒྱུར་གྱི་ཐབས་ལམ་ལ་གཙོ་བོར་སྒྲ་སྒྱུར་དང་ཐད་སྒྱུར། དོན་སྒྱུར་བཅས་གསུམ་ཡོད་པ་ལས་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་ཡིག་སྒྱུར་ལག་ལེན་ཁྲོད་དུ་ཐབས་ལམ་འདི་གསུམ་ལས་གཙོ་བོ་གང་སྤྱོད་པར་ལྟ་ཚུལ་མི་འདྲ། ལྟ་ཚུལ་མི་འདྲ་བའི་རྐྱེན་གཙོ་བོ་ནི་ཐད་སྒྱུར་དང་དོན་སྒྱུར་གྱི་ཕྱོགས་འདི་གཉིས་ལས་བྱུང་ཡོད་དེ། ལ་ལ་ཞིག་གིས་ཡིག་སྒྱུར་ལག་ལེན་ཁྲོད་དུ་ཐད་སྒྱུར་གཙོ་བོར་འཛིན་དགོས་པར་བཞེད་ལ། དོན་སྒྱུར་གཙོ་བོར་འཛིན་དགོས་ཟེར་མཁན་ཡང་མང་། ཁོ་ཚོར་རང་རང་གི་ལྟ་བ་དང་གནས་ལུགས་རེ་ཡོད་ཀྱང་། དོན་དངོས་སུ་ཡིག་སྒྱུར་ལག་ལེན་ཁྲོད་བསྒྱུར་ཐབས་གསུམ་པོ་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་རོགས་རེས་ཀྱི་ནུས་པ་གདོན་དགོས་པ་ལས་གཅིག་ཀྱང་ཆད་མི་རུང་བས་དངོས་ཡོད་ཀྱི་དགོས་མཁོ་ལ་གཞིགས་ནས་སྒྱུར་ཐབས་འདི་གསུམ་པོ་གང་བདེ་གང་འཚམས་སུ་སྤྱད་ན་ཧ་ཅང་འགྲིག

གཅིག སྒྲ་སྒྱུར་གྱི་གོ་དོན་དང་སྒྲ་སྒྱུར་བྱེད་པའི་གནས་སྐབས་གསལ་བྱེད།

སྒྲ་སྒྱུར་ནི་མ་ཡིག་གི་སྒྲ་ཇི་མ་ཇི་བཞིན་དུ་སྐད་རིགས་གཞན་པ་ཞིག་ཏུ་བསྒྱུར་བ་ཟེར། དཔེར་ན共产党ལ་གུང་ཁྲན་ཏང་དང中国ལ་ཀྲུང་གོ། 四川ལ་སི་ཁྲོན་ཟེར་བ་ལྟ་བུ། སྒྲ་སྒྱུར་ནི་མི་ཡི་རུས་མིང་དང་ས་མིང་། རྒྱལ་ཁབ་དང་མི་རིགས་ཀྱི་མིང་། དངོས་ཡོད་འཚོ་བའི་ཁྲོད་དུ་ངེས་པར་དུ་ཐད་སྒྱུར་དང་དོན་སྒྱུར་བྱེད་ཐབས་འབྲེལ་བའི་ཆེད་ལས་ཀྱི་བརྡ་ཆད་དང་ཡོ་བྱད་ཀྱི་མིང་། འཚོ་བའི་སྤྱོད་ཆས་ཀྱི་མིང་ལྟ་བུ་དག་སྒྲ་སྒྱུར་བྱེད་པ་རེད། ཡིག་སྒྱུར་ཁྲོད་སྒྲ་སྒྱུར་ཆེས་ཉུང་ན་བཟང་ལ། ཉུང་ངུར་གཏོང་བར་བསམ་བློ་ནན་གཏོང་དང་འབད་བརྩོན་བྱེད་དགོས། སྒྲ་སྒྱུར་བྱེད་པའི་སྐབས་སུ་མཉམ་འཇོག་བྱེད་དགོས་པ་ཞིག་ལ། དབྱིན་སྐད་དམ་ཡང་ན་ཕྱི་རྒྱལ་གྱི་སྐད་ཅིག་རྒྱ་སྐད་དུ་སྒྲ་སྒྱུར་བྱས་ཤིང་། རྒྱ་སྐད་དེ་བོད་སྐད་དུ་སྒྲ་སྒྱུར་བྱེད་པའི་སྐབས་སུ། གདོད་མའི་ཡི་གེ་དེའི་སྒྲ་ལྟར་སྒྲ་སྡུར་བྱས་ན་ཧ་ཅང་འགྲིགདཔེར་བཞག་ན་ཕྱི་རྒྱལ་གྱི་རྩོམ་པ་པོའམ་མི་སྣ་གྲགས་ཅན་གྱི་མིང་སོགས་སྒྲ་སྒྱུར་བྱེད་དུས་རྒྱ་ཡིག་གི་མིང་ལྟར་མི་བསྒྱུར་བར་དབྱིན་ཡིག་གི་མིང་ལྟར་བསྒྱུར་ན་ཧ་ཅང་འགྲིག ཡིན་ནའང་དེ་ལ་ཆ་རྐྱེན་ཞིག་ཡོད་པ་ནི་གཞན་གྱི་སྐད་ཡིག་དེ་ཤེས་དགོས། ས་མིང་དང་མི་མིང་སོགས་བསྒྱུར་བར་ཚིག་མཛོད་དང་བསྟུན་རྒྱུ་གལ་ཆེ་མོད། ཡུལ་སྐད་ཀྱི་དབང་གིས་ཡིན་ཤས་ཆེ། ལ་ལ་ཞིག་གི་དེ་ལྟར་སྒྲ་སྒྱུར་བྱས་ན་སྒྲ་ཡང་དག་པར་ཐོན་མེད་པ་འདྲ། དཔེར་ན། 成都ཡི成་ལ་ཁྲེང་ཞེས་གཏན་འཁེལ་བྱས་ཡོད་པས། ཁྲེང་ཏུའུ་ཞེས་དང་北京་ལ་པེ་ཅིང་བསྒྱུར་བ་ལྟ་བུར་ཨམ་སྐད་ལ་སྒྲ་ཡང་དག་པ་ཞིག་ཐོན་མེད་པས། བདག་གི་ལྟ་ཚུལ་ལྟར་ན་ཚིག་མཛོད་དང་ཡང་ན་གཞན་པར་ཐུན་མོང་དུ་གཏན་འཁེལ་བྱས་པའི་མིའི་མིང་དང་ས་མིང་། རྒྱལ་ཁབ། མི་རིགས་སོགས་ཀྱི་མིང་སྒྲ་སྒྱུར་བྱས་ན་སྒྲ་དེ་ཡང་དག་པར་ཐོན་དགོས།

གཉིས། ཐད་སྒྱུར་གྱི་གོ་དོན་དང་ཐད་བསྒྱུར་གྱི་དགོས་པ།

ཐད་སྒྱུར་ནི་འགྱུར་ཡིག་དང་མ་ཡིག་གི་བར། ནང་དོན་གཅིག་འདྲ་ཡིན་ཞིང་ཡི་གེ་རེ་རེའི་དོན་ཡང་གཅིག་འདྲ་ཡིན་པ་མིང་གི་གྲུབ་ཚུལ་ཡང་ཕལ་ཆེར་འདྲ་བའི་འགྱུར་ཐབས་ཤིག་ཡིན། རྒྱ་བོད་ཡིག་སྒྱུར་ཁྲོད་རྒྱུན་པར་སྤྱོད་པའི་ཐབས་ལམ་ཞིག་ཀྱང་ཡིན། འདིས་འགྱུར་ཡིག་གི་སྤུས་ཀ་ཇེ་བཟང་དུ་གཏོང་ཐུབ་པ་མ་ཟད། འགྱུར་ཡིག་གི་མིང་གསར་པ་བྱུང་ནས་སྐད་རིགས་དེའི་མིང་ཚིག་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། ཡིན་ནའང་འདི་ལ་སྐྱོན་ཞིག་ཡོད་པ་ནི། ཐད་སྒྱུར་ཐལ་དྲགས་སོང་ན། བཙན་སྒྱུར་ཞིག་དང་ཚིག་གྱོང་བོ་ཞིག་ཏུ་གྱུར་ནས་ཀློག་མི་བདེ་ལ་གོ་བའང་ལོན་དཀའ། ཐད་བསྒྱུར་ལ་དཔེ་བཞག་ན། 电脑གློག་ཀླད་ཟེར་བ་ལྟ་བུ། 电ནི་གློག་དང脑ནི་ཀླད་པའིི་དོན་ཡིན། 生态ལ་སྐྱེ་ཁམས་ལྟ་བུ།

གསུམ། དོན་སྒྱུར་གྱི་གོ་དོན་དང་ལོ་ཙྰའི་སྐབས་ཐོན་པའི་ནུས་པ།

ནང་དོན་ནི་མ་ཡིག་དང་གཅིག་འདྲ་ཡིན་རུང་ཡི་གེའི་རེ་རེའི་དོན་འདྲ་བའི་ངེས་པ་མེད་ལ། མིང་གི་གྲུབ་ཚུལ་ཡང་གཅིག་འདྲ་ཡིན་པའི་ངེས་པ་མེད་པའི་སྒྱུར་ཐབས་ཤིག་ཡིན། དཔེར་ན飞机ལ་གནམ་གྲུ་དང་出租车ལ་གླ་འཁོར། 摩托车ལ་འཕྲུལ་རྟ། 自行车ལ་ལྕགས་རྟ་ལྟ་བུ།

མིང་ཚིག་གང་ཞིག་བསྒྱུར་བར་སྒྲ་སྒྱུར་དང་ཐད་སྒྱུར། དོན་སྒྱུར་སོགས་བྱེད་ཐབས་གང་ཞིག་སྤྱད་རུང་། ངེས་པར་དུ་རང་ཉིད་ཀྱི་སྐད་དང་ཡི་གེ། བརྡ་སྤྲོད་བཅས་ལ་བསྟུན་དགོས་པ་མ་ཟད། དོན་ཡང་དག་པར་སྟོན་པ་དང་ཀློག་བདེ་བ། གོ་བདེ་བར་འབད་དགོས། ལྷག་པར་དུ་སྤྱིར་བཏང་གི་ཀློག་པ་པོ་དང་མང་ཚོགས་ཀྱིས་དང་དུ་ལེན་ཐུབ་པའི་ཕྱོགས་ལ་འབད་དགོས། དཔེར་ན། མིང་ཚིག་ལ་ལ་ཞིག་བསྒྱུར་ན། མིང་ཚིག་གི་དོན་ཇི་མ་ཇི་བཞིན་དུ་སྟོན་ཐུབ་པའི་རང་ཉིད་ཀྱི་སྐད་དང་ཡི་གེ་ཁྲོད་དུ་ཡོད་པའི་མིང་ཚིག་སོར་འཇོག་བྱས་ནས་བསྒྱུར་ན་ཆོག 努力ལ་བརྩོན་འགྲུས་དང་། 宗教ལ་ཆོས་ལུགས། 牛羊རྟ་ནོར་ལུག་གསུམ་ཟེར་བ་ལྟ་རྗ། འདིའི་སྐོར་ལ་དགེ་མཚན་ཅི་ཡོད་ཅེ་ན། ཕྱོགས་གཅིག་གི་ཐད་ནས་དོན་དེ་གོ་སླ་ཞིང་ཀློག་བདེ་བ་མ་ཟད། མིང་ཚིག་གཅིག་གྱུར་ཡོང་མིན་ཐད་ཀྱི་གནད་དོན་མེད།

བཞི། སྒྱུར་ཐབས་གསུམ་དང་རྒྱུན་འབྱུང་གི་དོག་གནད་འགའ།

གསར་བྱུང་གི་མིང་ཚིག་ལ་ལ་ཞིག་བསྒྱུར་ན། བོད་རང་གི་མང་ཚོགས་ཀྱིས་བཏགས་པའི་མིང་དག་སོར་འཇོག་བྱས་ནས་བསྒྱུར་ན་ཤིན་ཏུ་ཡག་པར་སྣང་དེ། དཔེར་ན། 缝纫机ལ་བཟོ་འཁོར་དང་ཚིག་མཛོད་ནང་དུ་ཚེམ་བཟོ་འཕྲུལ་འཁོར། 奶油搅拌器ལ་འོ་འཁོར། ཚིག་མཛོད་ནང་དུ་འོ་དཀྲོག་འཕྲུལ་ཆས། ཡིན་ནའང་ལ་ལ་ཞིག་ཡུལ་སྐད་ཀྱི་དབང་གིས་དམངས་ཁྲོད་དུ་ཡོད་པའི་མིང་འདི་སྤྱད་ན་འོས་འཚམས་ཤིག་མིན། དཔེར་བཞག་ན། 拖拉机ལ་ལྷ་ས་རྣམས་ཀྱིས་ཐོ་ཕྲུག་ཟེར་བ་དང་ཨ་མདོ་བ་རྣམས་ཀྱིས་སྐྱག་ཕེད་ཟེར་བ་ལྟར། གལ་ཏེ་འདི་ལྟ་བུ་ལ་འཕྲད་ན་ཐད་སྒྱུར་སྤྱད་ན་འགྲིག་སྟེ། འདྲུད་འཐེན་འཁོར་ལོ་ལྟ་བུ། མིང་ཚིག་གསར་པ་ལ་ལ་ཞིག་ལ་སྒྱུར་ཚུལ་དང་མིང་འདོགས་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་ཐོག་མའི་སྐབས་སུ་སྒྱུར་སྟངས་མང་ཡང་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཡིག་སྒྱུར་ལག་ལེན་ཁྲོད་དུ་གཅིག་གྱུར་གྱི་མིང་ཞིག་སྤྱོད་པར་འབད་དགོས། 三个代表ལ་མཚོན་ན། ཐོག་མར་མིང་འདི་བྱུང་མ་ཐག །སྒྱུར་ཚུལ་མང་པོ་ཞིག་ཡོད་དེ། ལ་ལ་ཞིག་གིས་མཚོན་པ་གསུམ་ཞེས་དང་ལ་ལ་ཞིག་གིས་འཐུས་ཚབ་གསུམ། ལ་ལ་ཞིག་གིས་མཚོན་བྱེད་གསུམ་ཞེས་བསྒྱུར། ཚོགས་འདུ་འདི་འདྲའི་ཐོག་ནས་མཚོན་བྱེད་གསུམ་ཞེས་གཅིག་གྱུར་གྱིས་སྤྱོད་པ་གཏན་ལ་འཁེལ་བས། དེང་སང་ཀུན་གྱིས་གཅིག་གྱུར་སྒོས་མཚོན་བྱེད་གསུམ་ཞེས་སྤྱོད་བཞིན་པ་ལྟ་བུ། ཡང་དཔེར་ན། 爱情 感情 恋情 亲情 འདི་ལ་བོད་སྐད་ཀྱིས་བརྩེ་དུང་གིས་ཆོག་པར་བྱས་ཡོད་མོད། ཞིབ་ཏུ་དབྱེ་ན། དགའ་དུང་། བརྩེ་དུང་། མཛའ་དུང་། ཉེ་དུང་ཞེས་བསྒྱུར་ན་འགྲིག །དེ་དང་དེ་ལྟ་བུ་མང་པོ་ཞིག་འདུག

དེ་མིན་བྱ་ཚིག་བསྒྱུར་སྐབས། བྱ་ཚིག་རྩེག་མ་མང་པོ་ཞིག་བྱུང་ནས་བོད་རང་གི་སྐད་དང་ཡི་གེ། བརྡ་སྤྲོད་དང་མི་མཐུན་པར་ར་མགོ་ལུག་སྦྱར་ལྟ་བུ་དེ་དག་ཇི་ལྟར་ཐག་གཅོད་བྱེད་དགོས་ཞེ་ན། བྱ་བྱེད་ཐ་དད་པ་ཞིག་ཡིན་ན། དེ་ལ་འདས་མ་འོངས་དང་སྐུལ་ཚིག་གི་དབྱེ་སྟངས་ལ་བྲིས་ན་བྱ་ཚིག་རྩེག་མ་སེལ་ཐུབ། རྒྱུན་འཁྱོངས་ལ་མཚོན་ན། འདས་པ་ཞིག་རྒྱུན་འཁྱོངས་བྱས་མི་ཟེར་བ། རྒྱུན་བསྐྱངས་ཞེས། རྒྱུན་འཁྱོངས་བྱེད་དགོས་ཞེས་སྐུལ་ཚིག་ལྟ་བུ་ཞིག་ཡིན་ན། རྒྱུན་སྐྱོངས་དགོས། ལེགས་སྒྲུབ། ལེགས་སྒྲུབ་བྱེད་དགོས ལེགས་པོར་སྒྲུབས་དགོས། ལེགས་སྒྲུབ་བྱས། ལེགས་པོར་བསྒྲུབས། ཕྲད་སྦྱར་ནས་བྱ་ཚིག་རྩེག་མ་སེལ་བ། འཛུགས་སྐྲུན་ལ་མཚོན་ན། འཛུགས་བསྐྲུན་བྱས་ བསྐྲུན་ཟིན། འཛུགས་སྐྲུན་བྱེད་དགོས་ལ་ སྐྲུན་དགོས་ཟེར་བ་ལྟ་བུ། འཛུགས་དང་སྐྲུན་ནི་ཕལ་ཆེར་དོན་གཅིག་ཡིན་པས་བྱ་ཚིག་བླངས་ནས་བྱ་ཚིག་གཅིག་གིས་ཚབ་བྱེད་པ་ལྟ་བུ། དེ་དང་དེ་ལྟ་བུའི་བྱ་ཚིག་གི་སྐོར་མང་པོ་ཞིག་འཕྲད་སྲིད་པས། གང་ལ་གང་འཚམས་དང་དེ་ལ་དེ་འཚམས་ཀྱི་ཚུལ་དུ་བྱ་ཚིག་རྩེག་མ་སེལ་ཐབས་ལ་འབད་དགོས།

ལྔ། མཇུག་བསྡུ་བ།

འདི་དག་ནི་ཡིག་སྒྱུར་ཁྲོད་ཀྱི་རྩ་བའི་གྲུབ་ཆ་དང་ཆེས་གཞི་རྩར་གྱུར་བའི་རྨང་གཞིའི་ཐད་ནས་བཤད་པ་ཡིན་ལ། འདི་དག་གི་འབྲེལ་བ་འོས་ཤིང་འཚམས་པར་ཐག་གཅོད་བྱེད་ཐུབ་ན་ཡིག་སྒྱུར་གྱི་ལས་འདི་ཡོངས་སུ་འགྲུབ་པ་ཞིག་ཡིན་ནོ། ། 

(དབང་ཆེན་སྒྲོལ་མ། རྔ་བ་ཉིན་རེའི་གསར་འགྱུར་ཁང་དུ་ཕྱག་ལས་གནང་བཞིན་ཡོད།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1