༄༅།། གཉིད་བདེ་ན་སེམས་ཁམས་བདེ་ཐང་ཡོང་བར་ཕན།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-06
དུས་རབས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མིའི་རིགས་ཀྱི་བསམ་བློ་ལའང་འགྱུར་ལྡོག་སྣ་ཚོགས་འབྱུང་བཞིན་ཡོད། ང་ཚོ་སུ་ཞིག་ཡིན་རུང་འཚོ་བའི་གནོན་ཤུགས་འདྲ་མིན་ལ་གདོང་གཏོད་དགོས་མོད། འོན་ཀྱང་མི་མང་པོ་ཞིག་གིས་གནོན་ཤུགས་དང་ལེན་བྱེད་མ་ཐུབ་པར་སེམས་ཁམས་ལ་གནད་དོན་འབྱུང་གིན་ཡོད། སེམས་ཁམས་བདེ་ཐང་ཡོང་ན་ལུས་ཕུང་བདེ་ཐང་ཡོང་བར་ཁག་ཐེག་བྱེད་ཐུབ་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས། ལུགས་དང་མཐུན་པའི་སྒོ་ནས་གཉིད་པ་ནི་སེམས་ཁམས་བདེ་ཐང་ཡོང་བའི་རྩ་བའི་རྒྱུ་རྐྱེན་རེད། སེམས་ཁམས་བདེ་ཐང་ཡོང་མིན་དེ་གཉིད་བདེ་མིན་ལ་བལྟ་དགོས།
གཉིད་མི་བདེ་བའི་ནད་པར་སེམས་ཁམས་མི་སྐྱིད་པའི་ནད་རྟགས་ཡོད་པར་མ་ཟད། རྒྱུན་པར་ཡི་མུག་པའི་ནད་དང་། དགྲ་ཟླར་ལངས་པ། བཙན་སྐུལ་སོགས་ཀྱི་ནད་རྟགས་ཐོན་པ་རེད། གཉིད་མི་ཁུག་པའི་ནད་པར་གཉིད་བདེ་བའི་མི་དང་བསྡུར་ན་སེམས་ཁམས་བདེ་ཐང་མིན་པའི་ནད་རྟགས་འདྲ་མིན་འབྱུང་། གོང་སྨྲས་དག་ནི་གཉིད་མི་ཁུག་པའི་རྒྱུ་རྐྱེན་ནང་གི་ཆ་ཤས་ཤིག་རེད།
གཉིད་ཀྱི་སྤུས་ཚད་ཞན་པའམ་གཉིད་རྒྱུན་ལྡན་མིན་ན་ཡི་མུག་ཚད་དང་སེམས་ཁྲལ་འབྱུང་ཚད་ཇེ་མང་དུ་སོང་ནས། གཉིད་ཡོང་ཚད་ལ་ཤུགས་རྐྱེན་ཐེབས་པ་དང་སེམས་མི་སྐྱིད་པའི་སྣང་ཚུལ་ཡང་དང་བསྐྱར་དུ་ཐོན་ནས་དུས་ཡུན་རིང་པོར་གཉིད་མི་ཡོང་བ་རེད། ཡི་མུག་པ་དང་སེམས་ཁྲལ་འབྱུང་བ། བཙན་སྐུལ་སོགས་ཀྱི་ནད་རྟགས་དང་།གཉིད་པའི་གོ་རིམ་ཁྲོད་ཀྱི་སད་རྟོགས་དུས་ཚོད་བར་འབྲེལ་བ་དམ་པོ་ཡོད། ཡི་མུག་པ་དང་སེམས་ཁྲལ་འབྱུང་ཚད། བཙན་སྐུལ་སོགས་ཀྱི་ནད་རྟགས་ཇི་ལྟར་མང་ན་གཉིད་དཀའ་བ་དང་གཉིད་ལས་སད་ཚད་དེ་ལྟར་མང་ཞིང་། གཉིད་ཀྱི་སྤུས་ཚད་ཇེ་ཞན་ནས་ཇེ་ཞན་རེད།
གཉིད་སྐྱིད་པོ་ཡོང་མིན་ལ་མི་མང་པོ་ཞིག་གིས་དེ་འདྲའི་མཐོང་ཆེན་བྱེད་ཀྱིན་མེད་ལ། མི་ལ་ལས་ད་རུང་གཉིད་འབབ་བྱེད་ཀྱི་སྨན་འཐུང་བཞིན་ཡོད་པས། སྨན་མ་འཐུང་ན་གཉིད་མི་ཁུག་པའི་ནད་རྟགས་ཐོན་པ་རེད། སྤྱིའི་ཆ་ནས་བཤད་ན། གཉིད་མི་ཁུག་པའི་དུས་ཡུན་ཟླ་གསུམ་ལས་བརྒལ་ན་དེ་ནི་དལ་གཤིས་གཉིད་མི་ཁུག་པའི་ནད་རྟགས་རེད། དལ་གཤིས་གཉིད་མི་ཁུག་པའི་རྒྱུ་རྐྱེན་ནི་ཧ་ཅང་རྙོག་འཛིང་ཡིན། གཉིད་ཀྱི་གེགས་རྐྱེན་ལ་རྒྱལ་སྤྱིའི་སྟེང་རྒྱུ་རྐྱེན་རིགས་བཅུ་གཅིག་ལྷག་ཡོད་པར་བཤད་ལ། རིགས་སོ་སོའི་བར་གྱི་ནད་བཅོས་བྱེད་ཐབས་ལ་ཡང་མི་འདྲ་ས་མང་པོ་ཡོད།
དེའི་ཕྱིར། དལ་བའི་རང་བཞིན་གྱི་གཉིད་མི་ཁུག་པའི་ངོ་བོ་དང་རྒྱུ་རྐྱེན་གཏན་འཁེལ་བྱེད་པར་བརྟག་དཔྱད་དང་དབྱེ་ཞིབ་གསལ་པོ་བྱས་ནས་སྨན་པའི་ངག་བཞིན་སྨན་བཅོས་བྱེད་དགོས། ཁྱད་པར་དུ་ཡུན་རིང་པོར་སྨན་བསྟེན་ཡང་དྲག་མི་ཐུབ་པའི་ནད་རྟགས་ལ་རྒྱུ་རྐྱེན་གསལ་པོ་མིན་པར་མ་ཟད། གེགས་རྐྱེན་སྣ་ཚོགས་ཡོད་པས་བརྟག་དཔྱད་དང་དབྱེ་ཞིབ་གསལ་པོ་བྱས་ནས་སྨན་པའི་ངག་བཞིན་སྨན་བཅོས་བྱེད་དགོས།
དེ་མིན། མཚན་མོའི་བྱ་སྤྱོད་རྒྱུན་ལྡན་མིན་པའི་སྣང་ཚུལ་ཏེ། མཚན་མོར་གཉིད་གཏམ་མང་བ་དང་། མཚན་མོར་གཅིན་མང་བ། སོ་བརྡར་བ། རྨི་ལམ་འཁྲུགས་པ་སོགས་ཀྱིས་གཉིད་ཁུག་པར་གེགས་རྐྱེན་བཟོ་བས་མཉམ་འཇོག་གང་ལེགས་བྱེད་དགོས། །
(མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ་ལས་བཏུས།)