༄༅།། རྟེན་རྫས་བཤམས་མཛོད་ཁང་དང་འབྲེལ་བའི་མཛོད་ཉར་རིག་དངོས་ཀྱི་སྐོར་གླེང་བ།

། སྙིང་ལྕགས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 11-08



སྙིང་ལྕགས་རྒྱལ།
[ནང་དོན་གནད་བསྡུས།]རྩོམ་འདིའི་ནང་རྟེན་རྫས་བཤམས་མཛོད་ཁང་གི་ལོ་རྒྱུས་དང་འཕེལ་རིམ་སོགས་བརྒྱུད་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གནས་ཚུལ་ངོ་སྤྲོད་དང་། དེ་མིན་རྟེན་རྫས་བཤམས་མཛོད་ཁང་གི་ངོ་བོ་དང་ནུས་པ། རིགས་དང་དབྱེ་བ། རིག་དངོས་འཚོལ་བསྡུ་སོགས་རྟེན་རྫས་རིག་པའི་གཞུད་དང་སྦྱར་ཏེ་བསྟན་ཡོད་ཁར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་འཚོལ་བསྡུའི་ཐབས་ལམ་དང་ལོ་ངོ་བཅུ་བཞིའི་རིང་རིག་དངོས་རྩིས་སྤྲོད་དང་ཞལ་འདེབས། ཉོ་སྒྲུབ་དང་གནའ་དཔྱད་སྔོག་འདོན་ལས་བྱུང་བའི་རིག་དངོས་ཀྱི་གྲངས་འབོར་སོགས་རེའུ་མིག་གི་ལམ་ནས་བསྟན་ཡོད།
[བརྡ་ཆད་གཙོ་བོ།]རྟེན་རྫས་བཤམས་མཛོད་ཁང་། ངོ་བོ་དང་ནུས་པ། རིག་དངོས། འཚོལ་བསྡུའི་ཐབས་ལམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G260[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)03 -102-11
          རྟེན་རྫས་བཤམས་མཛོད་ཁང་གི་ལོ་རྒྱུས་དང་འཕེལ་རིམ།   
          རྟེན་རྫས་བཤམས་མཛོད་ཁང་ཞེས་པ་ནི་རིག་དངོས་ཉར་ཚགས་དང་། ཞིབ་འཇུག སློབ་གསོ། ཕྱི་ནང་རིག་གནས་ལས་ཐོན་པའི་དངོས་པོའི་ཆ་འཕྲིན་དང་རང་བྱུང་གི་དམར་དཔེ་སོགས་མིག་དབང་གིས་ཉམས་སུ་མྱོང་ས་ཞིག་དང་། དེ་མིན་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ལ་ཞབས་འདེགས་ཞུ་བའི་རིག་གནས་དང་སློབ་གསོའི་ལྟེ་གནས་ཤིག་ལ་ཟེར། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་རིམ་གྱིས་བྱུང་བ་ཞིག་ཡིན་ཞིང། ཆེས་ཐོག་མའི་རྟེན་རྫས་བཤམས་མཛོད་ཁང་ནི་རིག་དངོས་དང་དཔེ་རྙིང་ཉར་ཚགས་བས་པ་ལས་བྱུང་བ་དང་། དེར་དབྱིན་ཇིའི་སྐད་དུrepositoryཞེས་འབོད།  དེའི་གོ་དོན་ནི་རིག་དངོས་མཛོད་ཉར་ལྟེ་བའོ།  དེ་ནས་རིམ་བཞིན་ཡོ་རོབ་རིག་གནས་བསྐྱར་དར་སྐབས་སུ་ཕྱི་གླིང་གི་རྒྱལ་ཁབ་དུ་མར་རྟེན་རྫས་བཤམས་མཛོད་ཁང་བྱུང་སྟེ་དབྱིན་ཇིའི་མིང་དུ་muSeumཟེར། མིང་འདི་ནི་ཀེ་རུ་སིའི་( Greek)མིའུ་ཇིའམ་( Muses)ཞེས་པའི་སྒྲ་སྒྱུར་ལས་བྱུང་། དོན་ནི་ཀེ་རུ་སིའི་ལྷ་སྒྲུང་ལས་བསྟན་པའི་ཚན་རིག་དང་སྒྱུ་རྩལ་ལ་མངའ་བསྒྱུར་བའི་ལྷ་མོ་ཨང་དགུ་པ་མཆོད་པའི་གནས་ཡིན་ཏེ། ཀེ་རུ་སིའི་རིག་གནས་ཀྱི་ནང་དོན་ཆ་ཚང་མཚོན་བྱེད་ཙམ་མོ། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་བཞི་པའི་སྐབས་མ་ཆི་ཏོན་( Macedonia)གྱི་ཨ་ལེ་སན་ཏ་( Alexandria)དང་དེའི་རྒྱུན་འཛིན་པ་ཐོ་ལུ་སི་སོ་ཐོས་( Ptolemy    ISoter)ཨེ་ཇིབ་( Egypt)ཀྱི་ཨ་ལེ་སན་ཏའི་གྲོང་ཁྱེར་དུ་རིག་དངོས་ཉར་ཚགས་ཀྱི་མིའུ་ཛིའམ་ལྷ་ཁང་ཞིག་བཞེངས་པ་དང་། ཁོང་གཉིས་ཀྱི་དམག་དཔུང་གིས་ཡོ་རོབ་དང་ཨ་ཧྥེ་རི་ཁ་སོགས་ཡུལ་གྲུ་དུ་མར་དཔུང་འཇུག་གིས་རྩ་ཆེ་བའི་རིག་དངོས་བཙན་འཕྲོག་བས་ཏེ་ལྷ་ཁང་དེར་ཉར་ཞིང་། ཕྱིས་སུ་ཆེད་ལས་མཁས་པར་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཆེད་དུ་མཁོ་འདོན་བྱས། ལྷ་ཁང་དེ་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་ཆེས་སྔ་བའི་རྟེན་མཛོད་ཁང་གི་རྣམ་པ་ཞིག་ཡིན་ཞིང་། སྐབས་དེའི་མིའུ་ཛིའམ་ལྷ་ཁང་དེ་ནི་ཆེད་ལས་ཞིབ་འཇུག་སྡེ་ཁག་ཅིག་ཡིན།   
          དེང་རབས་ཀྱི་དོན་སྙིང་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་ལོ་1753ལོར་དབྱིན་ཇིའི་རྒྱལ་ས་ལུན་ཏོན་དུ་ཐོག་མར་བཙུགས་པའི་དབྱིན་ཇིའི་རྟེན་མཛོད་ཁང་( BritishMuseum in   London)ཞེས་པ་དེ་ཡིན་པ་དང་། རང་རྒྱལ་གྱི་ཆེས་སྔ་བའི་རྟེན་མཛོད་ཁང་ནི་ཆིང་རྒྱལ་རབས་དུས་མཇུག་ཏུ་ཀྲང་ཅན་(张謇)ཞེས་པ་ནས་སྤྱི་ལོ་1905ལོར་བསྐྲུན་པའི་ནན་ཐུང་རྟེན་མཛོད་ཁང་(南通博物苑)ཞེས་པ་དེ་ཡིན། རང་རྒྱལ་གྱི་རྒྱལ་གཉེར་རྟེན་མཛོད་ཁང་ཐོག་མ་ནི་སྤྱི་ལོ་1912ལོར་པེ་ཅིང་ཀོ་ཙེ་ཅོན(北京国子监)དུ་དབུ་བརྙེས་པའི་རྒྱལ་གཉེར་ལོ་རྒྱུས་རྟེན་མཛོད་ཁང་གི་སྟ་གོན་གྲ་སྒྲིག་ཁྲུའུ་ཞེས་པ་དེ་ཡིན།   
          རང་རེ་བོད་ལ་མཚོན་ན། རྟེན་རྫས་བཤམས་མཛོད་ཁང་ཞེས་པའི་ཐ་སྙད་དང་འབྲེལ་བའི་སྐོར་ལ། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ཡུལ་གྲུ་ཀུན་ཏུ་ཕེབས་སྐབས་དེང་རབས་དབྱིན་ཇིའི་སྲོལ་ལྟར་བསྐྲུན་པའི་རྟེན་རྫས་བཤམས་མཛོད་ཁང་མང་པོར་ལྟ་སྐོར་དུ་བསྐྱོད་གནང་བ་མ་ཟད།    muSeumཞེས་པར་“ངོ་མཚར་དངོས་རིགས་འདུ་ཁང་”ཞེས་བོད་སྐད་དུ་ཐོག་མར་བསྒྱུར་གནང་ཡོད། ཐ་སྙད་འདི་ནི་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་འབུམ་》ཞེས་པའི་ཁྲོད་ཀྱི་《རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་མཆོད་རྟེན་དང་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ་》ཞེས་པའི་ནང་ཐོག་མར་བྱུང་ཞིང་། དེ་ཡང་དེབ་དེའི་ནང་། “ས་ར་ན་ཐའི་གནས་ཞིག་རལ་དུ་སོང་བའི་རྟེན་རྣམས་ལ་ཡིད་དག་པའི་མཇལ་བའི་ཕྱིར་ངོ་མཚར་དངོས་རིགས་འདུ་ཁང་མིའུ་ཛིའམ་ཞེས་པར་ཕེབས་ཆོག་” ཅེས་དང་།“པཊ་ན་ཁུལ་གྱི་ན་ལནྡྲའི་ངོ་མཚར་དངོས་རིགས་འདུ་ཁང་ནང་ཏེར་ར་ཀོ་ཊ་ཞེས་པའི་སྡེར་མའི་ལྡེབས་ངོས་སུ་སེང་གེ་ངར་སྐད་འདོན་བཞིན་པའི་འདྲ་པར་དང་”ཞེས་དང་། “ལན་དའི་མིའུ་ཛིའམ་ཞེས་པ་ངོ་མཚར་དངོས་རིགས་འདུ་ཁང་སོགས་དང་”ཞེས་དང་། “གནས་དེ་དང་ཉེ་བར་མིའུ་ཛིའམ་ཞེས་པ་ངོ་མཚར་དངོས་རིགས་འདུ་ཁང་ནང་དུ་གནས་དེའི་ས་བསལ་བ་ནས་ཐོན་པའི་རྟེན་བྱིན་ཅན་དང་ཅ་དངོས་རྙིང་མ་དང་ཡིག་རིས་འཁོད་པའི་དངོས་པོ་ངོ་མཚར་ཅན་མང་པོ་མཆིས་པ་གནས་འཇལ་བ་རྣམས་ལ་གནས་དེའི་འབྱུང་ཁུངས་ཀྱི་ལོ་རྒྱུས་བསྟན་པའི་ཆེད་བཞག་ཡོད་”ཅེས་བཀོད་ཡོད་པ་ལྟ་བུ་ཡིན། དེ་ལྟར་གོང་གསལ་དེ་དག་ལས་བོད་ཀྱི་ལོ་རྒྱུས་སྟེང་ཕྱི་རྒྱལ་དང་ལྷག་པར་དུ་རྒྱ་གར་གྱི་རྟེན་རྫས་བཤམས་མཛོད་ཁང་སྐོར་གྱི་muSeumཞེས་པའི་ཐ་སྙད་བོད་དུ་སྒྱུར་མཁན་ཐོག་མ་དེ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ཡིན་པ་ངེས་ཤེས་བྱ་ཐུབ། རང་རེ་བོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཕོ་བྲང་པོ་ཏཱ་ལ་དང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཡོད་པའི་ནང་པའི་དགོན་སྡེ་དང་གཙུག་ལག་ཁང་སོགས་ནི་རྟེན་རྫས་བཤམས་མཛོད་ཁང་གི་ཐོག་མའི་རྣམ་པ་ཡིན་ཞེས་བརྗོད་ཆོག འོན་ཀྱང་དེང་རབས་ཀྱི་དོན་སྙིང་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་ལོ་1999ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་ནོར་བུ་གླིང་གའི་ཉེ་འགྲམ་གྱི་ཤར་ལྷོའི་ཁུལ་དུ་དབུ་བརྙེས་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཞེས་པ་དེ་ཡིན་ཞིང་། དེའི་ཕྱིའི་བཀོད་པ་ནི་བོད་ལུགས་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ23508དང་། འགྲེམས་དངོས་ཆོམས་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་10451ཡོད། ཚོམས་ཆེན་གྱི་དབུས་སུ་སྔོན་འགྲོ་ཁང་དང་། གཙོར་འགྲེམས་ཁང་། རྟེན་རྫས་མཛོད་ཉར་ཁང་བཅས་གསུམ་ཡོད་ཅིང་།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནང་མཛོད་ཉར་རིག་དངོས་ཁྱོན་ཁྲི་བཞི་ལྷག་ཡོད་པ་དང་། དེ་དག་གི་ཁྲོད་ལོ་རྒྱུས་སྔོན་ནམ་ཡིག་འགོད་མ་བྱུང་གོང་གི་ཤུལ་དངོས་དང་། དེ་བཞིན་རྒྱུ་ཆ་དང་བཟོ་བཀོད་མི་འདྲ་བའི་ལྷ་སྐུ།  དུས་རབས་རིམ་བྱུང་གི་གསེར་བྲིས། དངུལ་བྲིས། བྱུ་རུའི་ཚོན་བྲིས་སོགས་ཀྱི་བཀའ་བསྟན་དང་གསུང་རབ། ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག རོལ་ཆས་དང་མཆོད་ཆས། སྲོལ་རྒྱུན་ལག་རྩལ་གྱི་ཐོན་རྫས། གཞན་ཡང་ཁྱད་ཆོས་འབུར་དུ་ཐོན་པའི་རྫ་ཆས་དང་གཡང་ཊི་དཀར་ཡོལ་སོགས་ཀྱིས་རབ་ཏུ་ཕྱུག་ལ། དེ་དག་ལས་བོད་ཀྱི་འོད་སྟོང་འབར་བའི་རིག་གནས་ཉིང་བཅུད་དང་ངོ་མཚར་ཆེ་བའི་སྒྱུ་རྩལ་སྣ་ཚོགས་ཤེས་རྟོགས་བྱ་ཐུབ། རྩ་བའི་འགྲེམས་དངོས་ལ་ལོ་རྒྱུས་སྔོན་དང་། ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས། རིག་གནས་དང་སྒྱུ་རྩལ། ཐང་གའི་སྒྱུ་རྩལ།  དམངས་སྲོལ་རིག་གནས། ཡོན་མིང་ཆིང་རྒྱལ་རབས་གསུམ་གྱི་དཀར་ཆས་དང་གཡང་ཏིའི་རིག་དངོས་སོགས་སུ་དབྱེ་ཡོད། ཕྱོགས་བསྡུས་རང་བཞིན་ལྡན་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དེ་ཉིད་དངོས་སུ་བཙུགས་པ་ནས་བཟུང་ལྗོངས་ཕྱི་ནང་དུ་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་དེང་རབས་རྟེན་རྫས་བཤམས་མཛོད་ཁང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དཔེར་ན། མཚོ་སྔོན་བོད་ཀྱི་གསོ་རིག་དངོས་མང་བཤམས་སྟོན་ཁང་དང་། གཞིས་ཀ་རྩེའི་རྫོང་རིའི་འགྲེམས་སྟོན་ཁང་། ཡར་ཀླུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། དེ་མིན་ལོ་རྒྱུས་ཀྱི་མི་སྣ་དང་སྐུ་དྲག་གི་གཞིས་ཀ་མཚོན་ཐུབ་པའི་ཕ་ལྷ་གཞིས་ཀ་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་ཀྱི་འགྲེམས་སྟོན་ཁང་སོགས་དང་། གཞན་ཡང་ལོ་རྒྱུས་དང་རིག་གནས་ཀྱི་ངོ་བོ་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་ཕུད། དེང་གི་ཆར་རིག་ཚན་གཞན་དག་གི་འགྲེམས་སྟོན་ཁང་དཔེར་ན། བོད་ལྗོངས་ཚན་རྩལ་དང་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་ཞེས་པ་དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་ཞེས་པ་སོགས་འཛུགས་གཉེར་གྲ་སྒྲིག་བྱེད་དང་བྱེད་མུས་ཡིན།   
          རྟེན་རྫས་བཤམས་མཛོད་ཁང་གི་ངོ་བོ་དང་ནུས་པ།   
          འཛམ་གླིང་ཡུལ་གྲུ་སོ་སོར་བྱུང་བའི་རྟེན་རྫས་བཤམས་མཛོད་ཁང་ཁག་གི་བྱེད་ནུས་དང་རྣམ་པ་མི་འདྲ་སྟེ། ལ་ལས་མི་རིགས་ཀྱི་རིག་གནས་ལོ་རྒྱུས་མཚོན་པ་དང། ལ་ལས་ཡུལ་གྲུ་ག་གེ་མོ་ཞིག་གི་རིག་གནས་མཚོན་པ། ལ་ལ་ནི་དམ་པ་ཞིག་ལ་རྗེས་དྲན་གྱི་ཚུལ་དུ་འགྲེམས་སྟོན་ཁང་བསྐྲུན་ཏེ། ཤུལ་དངོས་འགྲེམས་སྟོན་གྱི་ཐོག་ནས་དམ་པ་གང་དེའི་ལོ་རྒྱུས་དང་དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པའི་སྐོར་བསྟན་པ། དེ་མིན་དེང་གི་ཆར་སྐྱེ་ཁམས་རྟེན་རྫས་བཤམས་མཛོད་ཁང་སོགས་བསྐྲུན་ཏེ་གནས་དེའི་ཡུལ་སྲོལ་དང་སྐྱེ་ཁམས་སོགས་ཟུང་འབྲེལ་གྱིས་རིག་གནས་བརྒྱུད་བསྒྲགས་བྱེད་པ་སོགས་ལྟ་བུ་ཡིན། གང་ལྟར་རྟེན་རྫས་བཤམས་མཛོད་ཁང་ནི་རིག་དངོས་བདག་གཉེར་དང་ཚན་རིག་གི་སྒོ་ནས་མི་རབས་རྗེས་མར་སྔོན་བྱུང་ལོ་རྒྱུས་སོགས་ཁྱབ་བསྒྲགས་བྱེད་པའི་གཞུང་སྒེར་གང་རུང་ནས་བཙུགས་པའི་སྡེ་ཁག་ཅིག་ཡིན། དེ་ཡང་རྟེན་མཛོད་ཁང་གིས་རིག་དངོས་འཚོལ་བསྡུ་དང་ཉར་ཚགས།  ཚན་རིག་གི་ཞིབ་འཇུག འགྲེམས་སྟོན་སོགས་ཀྱི་ལས་དོན་སྤེལ་ཏེ་ལོ་རྒྱུས་དང་ཚན་རིག་གི་རིག་གནས་ཤེས་བྱ་སོགས་ཁྱབ་བསྒྲགས་བྱས་ནས་སྤྱི་འབངས་ཀྱི་ཚན་རིག་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་ལ་ཞབས་འདེགས་ཞུ་བ་ཡིན། དེ་ནི་རིག་གནས་སྡེ་ཁག་གཞན་དག་དང་མི་འདྲ་བར། རིག་དངོས་འགྲེམས་སྟོན་བྱས་པ་བརྒྱུད་དེ་མི་རྣམས་ལ་གོ་བསྐོན་སློབ་གསོ་གཏོང་གི་ཡོད། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རྟེན་མཛོད་ཁང་གི་བྱེད་ནུས་ཀྱང་སྣ་མང་ཅན་དུ་འགྱུར་ནས་དེང་གི་ཆར་རིག་དངོས་ཉར་ཚགས་བྱེད་པའི་རྣམ་པ་ལས་བརྒལ་ཏེ་སྤྱིར་ནུས་པ་གཙོ་བོ་ལྔ་ཙམ་ལྡན་ཡོད་པ་སྟེ། དང་པོ། ཡིག་ཆ་དང་ཆ་འཕྲིན་འཚོལ་བསྡུ།  གཉིས་པ། རིག་དངོས་དག་སྒྲིག་དང་བདག་གཉེར།   གསུམ་པ། ཚན་རིག་གི་ཞིབ་འཇུག   བཞི་པ། འགྲེམས་སྟོན། ལྔ་པ།  སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བཅས་ཡིན། རང་རྒྱལ་གྱི་རྟེན་མཛོད་ཁང་གི་ནུས་པ་ནི་སྤྱིར་ན་ཕྱི་རྒྱལ་གྱི་རྟེན་མཛོད་ཁང་གི་ནུས་པ་དང་གཅིག་མཚུངས་སུ་སྣང་ཡང་། དེ་ལ་ཡང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྔ་ལྡན་ཡོད་དེ། གཅིག་ནི་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་རིག་གནས་ཀྱི་ཤུལ་དངོས། གལ་ཆེ་བའི་རང་བྱུང་གི་དམར་དཔེ་སོགས་ལ་བདག་གཉེར་དང་། གཉིས་ནི་སློབ་གསོ་དང་། ཚན་རིག་རིག་གནས་དང་ཤེས་བྱ་སོགས་བརྒྱུད་བསྒྲགས་བྱེད་པ། གསུམ་ནི་ཚན་རིག་ཞིབ་འཇུག་གི་ལས་དོན་སྤེལ་བ། བཞི་ནི་སློབ་གསོ་ཁྱབ་སྤེལ་བཏང་སྟེ་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་དང་། སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་དང་བསམ་པའི་དཔལ་ཡོན་ལ་སྐུལ་སྤེལ་གཏོང་བ། ལྔ་ནི་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་དར་སྤེལ་དང་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཐད་ལ་སྐུལ་འདེད་གཏོང་བ་བཅས་ཡིན། གོང་དུ་ཞུས་པའི་རྟེན་མཛོད་ཁང་གི་ནུས་པ་དེ་དག་ནི་རྒྱལ་ཕྱི་རྒྱལ་ནང་གི་མཁས་པས་ཡུན་རིང་དབྱེ་ཞིབ་བྱས་པའི་ཆོད་སྡོམ་ཞིག་ཡིན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་མཚོན་ན། འདིས་བོད་ལྗོངས་ཀྱི་གདོད་མའི་སྤྱི་ཚོགས་ནས་དུས་རབས་རིམ་བྱུང་གི་རིག་དངོས་སྣ་ཚོགས་འགྲེམས་སྟོན་བྱས་ནས་བོད་ཀྱི་མེས་པོ་དག་གི་རྣམ་དཔྱོད་ཀྱི་རྩལ་དང་འོད་སྟོང་འཕྲོ་བའི་རིག་གནས་སོགས་རྗེས་རབས་པར་ངོ་སྤྲོད་དང་། གནའ་རབས་ཀྱི་ཤེས་བྱ་བརྒྱུད་བསྒྲགས། ཚན་རིག་གི་ཞིབ་འཇུག མི་རྣམས་ཀྱི་བསམ་པའི་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ནུས་པ་འདོན་བཞིན་ཡོད།   
          རྟེན་མཛོད་ཁང་གི་རིགས་དང་རྣམ་པ།   
          དེང་གི་རྟེན་རྫས་བཤམས་མཛོད་ཁང་ནི་རིག་དངོས་ལ་དོ་དམ་བྱ་རྒྱུ་གཅིག་པུ་མིན་པར་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ནས་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་འགྱུར་ཡོད། ཉེ་རབས་ཀྱི་རྟེན་མཛོད་ཁང་ནི་སྤྱི་ཚོགས་ལོ་རྒྱུས་དང་རང་བྱུང་ཚན་རིག མཛེས་རྩལ་རི་མོ་སོགས་ཀྱི་ནང་དོན་འདུས་པའི་ཕྱོགས་བསྡུས་ཅན་ཞིག་ཡིན་པ་དང་། རིམ་བཞིན་རིག་དངོས་དང་མཛོད་ཉར་རིག་དངོས་ཀྱི་ཁྱད་ཆོས་དང་བསྟུན་ནས་རིགས་དང་རྣམ་པ་མི་འདྲ་བའི་རྟེན་མཛོད་ཁང་མང་པོ་བྱུང་ཡོད་ལ་རང་རང་གི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད། རང་རྒྱལ་གྱི་རྟེན་མཛོད་ཁང་ལ་རྩ་བའི་ཆ་ནས་རྣམ་པ་བཞི་ཡོད་དེ། ལས་རིགས་མ་ལག་གི་རིགས་དང་། རྗེས་དྲན་གྱི་རིགས། ཕྱོགས་བསྡུས་ཀྱི་རིགས། རང་བྱུང་ཚན་རིག་གི་རིགས་བཅས་སོ། ལས་རིགས་མི་འདྲ་བའི་ཆེད་ལས་རིགས་ཀྱི་རྟེན་མཛོད་ཁང་ལ་ལོ་རྒྱུས་ཀྱི་རིགས་དང་། གསར་བརྗེའི་ལོ་རྒྱུས་ཀྱི་རིགས། རིག་གནས་སྒྱུ་རྩལ་གྱི་རིགས། མི་རིགས་ཀྱི་རིགས། ཐོན་སྐྱེད་དང་ཚན་རྩལ་གྱི་རིགས་སོགས་ཡོད། རྗེས་དྲན་རིགས་ཀྱི་རྟེན་མཛོད་ཁང་ནི་རྗེས་དྲན་ཁང་དང་ཡང་ན་སྐྱེས་བུ་དམ་པའམ་གྲགས་ཅན་མི་སྣ་སོགས་ཀྱི་འཁྲུངས་ཡུལ་སོགས་ཡིན། ཕྱོགས་བསྡུས་ཀྱི་རྟེན་མཛོད་ཁང་ནི་ས་ཁུལ་གྱི་ལོ་རྒྱུས་རྟེན་མཛོད་ཁང་སོགས་དང་། རང་བྱུང་ཚན་རིག་གི་རིགས་ལ། སྤྱིར་བཏང་གི་རང་བྱུང་རྟེན་མཛོད་ཁང་དང་། ཆེད་ལས་ཀྱི་རང་བྱུང་རྟེན་མཛོད་ཁང་། ལྡུམ་རའི་རང་བཞིན་གྱི་རྟེན་མཛོད་ཁང་དཔེར་ན། སྲོག་ཆགས་གླིང་ག་དང་རྩི་ཤིང་གི་ར་བ་ལྟ་བུ། ཚན་རྩལ་གྱི་རིགས་ལ་ཚན་རིག་ལག་རྩལ་རྟེན་མཛོད་ཁང་དང་ཚན་རྩལ་ལོ་རྒྱུས་རྟེན་མཛོད་ཁང་སོགས་ཡོད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་ས་ཁུལ་ལོ་རྒྱུས་རང་བཞིན་གྱི་ཕྱོགས་བསྡུས་རྟེན་མཛོད་ཁང་ཞིག་ཡིན།   
          རྟེན་མཛོད་ཁང་གི་རིག་དངོས་འཚོལ་བསྡུ་དང་དེའི་ཁྱབ་ཁོངས།   
          རིག་དངོས་ནི་རྟེན་མཛོད་ཁང་གི་སྲོག་རྩ་ལྟ་བུ་ཡིན་ཕྱིར། རིག་དངོས་འཚོལ་བསྡུ་ནི་རྟེན་མཛོད་ཁང་ཞིག་གི་ལས་འགན་གཙོ་བོ་ཞིག་ཡིན། དེས་ན་རྟེན་མཛོད་ཁང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་རྟེན་མཛོད་ཁང་གི་ངོ་བོ་དང་འོས་འགན་ལ་དམིགས་ནས་རིག་དངོས་འཚོལ་བསྡུ་བྱ་དགོས་ཤིང།  རིག་དངོས་འཚོལ་བསྡུ་བྱ་རྒྱུ་ནི་རྟེན་མཛོད་ཁང་གི་རིག་དངོས་མུ་མཐུད་དུ་ཇེ་མང་དང་འཐུས་སྒོ་ཚང་དུ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་ལ་དོ་དམ་དང་བདག་གཉེར་བྱ་རྒྱུར་ཡང་ནུས་པ་གལ་ཆེན་ཐོན་ཐུབ་རྒྱུ་མ་ཟད། དེ་ནི་རྟེན་མཛོད་ཁང་ཞིག་གི་བྱ་གཞག་ཡོད་ཚད་ཀྱི་རྨང་གཞིའང་ཡིན། རིག་དངོས་འཚོལ་བསྡུ་བྱ་རྒྱུའི་ཁོངས་སུ་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཆེས་ཁྱད་དུ་འཕགས་པའི་རིག་གནས་ཀྱི་ཤུལ་བཞག་སྟེ། ལོ་རྒྱུས་སྟེང་ཐོན་པའི་དུས་རབས་རིམ་བྱུང་གི་རྩ་ཆེའི་སྒྱུ་རྩལ་དང་མཇེས་རྩལ་སྐོར་གྱི་དངོས་རིགས་སོགས་དང་། གལ་ཆེ་བའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་དང་རིན་ཐང་ལྡན་པའི་ཕྱག་བྲིས་དང་གནའ་དཔེ་སོགས། དེ་བཞིན་ལོ་རྒྱུས་སྟེང་བྱུང་མྱོང་བའི་དུས་རབས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་སྤྱི་ཚོགས་ལམ་ལུགས་དང་སྤྱི་ཚོགས་ཐོན་སྐྱེད། སྤྱི་ཚོགས་འཚོ་བ་མཚོན་པའི་ཚབ་མཚོན་རང་བཞིན་ལྡན་པའི་དངོས་རིགས་སོགས་ཚུད་ཡོད། རྟེན་མཛོད་ཁང་སོ་སོའི་ངོ་བོ་མི་འདྲ་ཕྱིར་འཚོལ་བསྡུ་བྱེད་པའི་རིག་དངོས་ཀྱི་ཁྱབ་ཁོངས་ཀྱང་མི་འདྲ་སྟེ། ལོ་རྒྱུས་རྟེན་མཛོད་ཁང་ལ་ཆ་མཚོན་ན་འཚོལ་བསྡུ་བྱེད་པའི་རིག་དངོས་ཀྱི་ཁྱབ་ཁོངས་གཙོ་བོ་ནི། དང་པོ། ལོ་རྒྱུས་མི་འདྲ་བ་མཆོན་པའི་ཆབ་སྲིད་དང་། དཔལ་འབྱོར་གྱི་འགྱུར་ལྡོག གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་རིག་དངོས་དང་ཡིག་ཆ་སོགས་ཡིན་དགོས་པ། གཉིས་པ། ཐད་ཀར་དང་རིམ་ཅར་བའི་སྒོ་ནས་གྲལ་རིམ་འཐབ་རྩོད་དང་འབྲེལ་བ་མཚོན་པའི་རིག་དངོས་དང་ཡིག་ཆ་སོགས། གསུམ་པ། འཐུས་ཚབ་རང་བཞིན་ལྡན་པའི་ཞིང་ལས་དང་ལག་ཤེས་ཐོན་སྐྱེད་ཀྱི་ལག་མཐོན་སྐྱེད་བྱ་འགུལ་དང་འབྲེལ་བ་ཡོད་པའི་དངོས་ཆས་སོགས། བཞི་པ། གལ་ཆེ་བའི་ལོ་རྒྱུས་མི་སྣ་དང་། བསམ་བློ་བ། སློབ་གསོ་བ། ལག་ཤེས་བཟོ་པ་དང་ཆོས་ལུགས་མི་སྣའི་ཤུལ་དངོས་དང་བརྩམས་ཆོས། དེ་འབྲེལ་གྱི་ཡིག་ཚགས། ལྔ་པ། ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་ཁྲོད་བྱུང་བའི་རྩ་ཆེ་བའི་སྒྱུ་རྩལ་གྱི་དངོས་རིགས་དང་མཛེས་རྩལ་དངོས་ཆས་སོགས། དྲུག་པ། མི་རིགས་ཁག་གི་སྤྱི་ཚོགས་འཕེལ་རྒྱས་མཚོན་ཐུབ་པའི་ཐོན་སྐྱེད་ཡོ་བྱད་དང། འཚོ་བའི་ལག་ཆ། དེ་བཞིན་ཚན་རིག་ལག་རྩལ་དང་རིག་གནས་སྒྱུ་རྩལ། ལོ་རྒྱུས་མི་སྣ་དང་འབྲེལ་བ་ཡོད་པའི་རིག་དངོས་དང་ཡིག་ཚགས། བདུན་པ། དུས་རབས་འདྲ་མིན་ནང་བྱུང་བའི་མི་རིགས་ཁག་གི་འཚོ་བའི་རྣམ་པ་དང་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས་སོགས་མཚོན་ཐུབ་པའི་དཔེ་མཚོན་ཅན་གྱི་རིག་དངོས། བརྒྱད་པ། རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བ་མཚོན་ཐུབ་པའི་རིག་དངོས་ལྟ་བུ་ཡིན། གཞན་ཡང། རྗེས་དྲན་རིགས་ཀྱི་རྟེན་མཛོད་ཁང་གི་རིག་དངོས་ལ་མཚོན་ན། མི་སྣ་ཆེ་གེ་མོ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་དྲན་གསོའི་རིན་ཐང་ཡོད་པའི་རིག་དངོག  བརྙན་དཔར།  ཕྱག་བྲིས།  ཡིག་ཚགས། རི་མོའི་བརྩམས་ཆོས་སོགས་དང་། དེ་མིན་རྗེས་དྲན་བྱེད་སའི་འབྲེལ་ཡོད་གནའ་ཤུལ་དང་རྗེས་དྲན་གྱི་འཛུགས་སྐྲུན་དངོས་པོ་དང་དེའི་ཉེ་འཁོར་གྱི་རིག་དངོས་དང་ཡིག་ཆ་སོགས་འཚོལ་བསྔུ་བྱ་དགོས་པ་ལྟ་བུའོ།   
          བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལྟ་བུ་ནི་ས་ཁུལ་ལོ་རྒྱུས་རང་བཞིན་གྱི་ཕྱོགས་བསྡུས་རྟེན་མཛོད་ཁང་ཞིག་ཡིན་ཕྱིར། བོད་ལྗོངས་ཀྱི་འཕོ་འགྱུར་དང་འབྲེལ་བ་ཡོད་པའི་གནའ་རབས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས། དམག་དོན། ལོ་རྒྱུས་སོགས་མཆོན་ཐུབ་པའི་རིག་དངོས་དང་། དེ་བཞིན་དེ་དག་དང་འབྲེལ་བ་ཡོད་པའི་མི་སྣ་གལ་ཆེན་གྱི་ལོ་རྒྱུས་དང་བརྩམས་ཆོས་སོགས་འཚོལ་བསྡུ་གང་ལེགས་བྱས་ཡོད་ཀྱང་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རིག་དངོས་ཤིན་ཏུ་དཀོན་པར་བརྟེན། རྗེས་སུ་དེའི་ཐད་དམིགས་ཡུལ་ཡོད་པའི་སྒོ་ནས་འཚོལ་བསྡུ་བྱས་ནས་བོད་ཀྱི་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱ་རྒྱུར་རྨང་གཞི་ལེགས་པོ་ཞིག་འདིང་བ་དང་དཔྱད་གཞི་མཁོ་འདོན་བྱེད་དགོས།   
          རིག་དངོས་འཚོལ་བསྡུ་བྱེད་པའི་ཐབས་ལམ་ཐད་གནའ་དཔྱད་སྔོག་འདོན་དང་མིའི་རིགས་རིག་པའི་བརྟག་དཔྱད། དམངས་ཁྲོད་ནས་འཚོལ་བསྡུ་བྱེད་པ་བཅས་ཀྱི་ཐབས་ལམ་འགའ་ཡོད་པ་ལས།   
          དང་པོ། གནའ་དཔྱད་སྔོག་འདོན་ཞེས་པ་ནི་གནའ་དཔྱད་རིག་པའི་གཞུང་ལུགས་དང་ལག་ལེན་སྟེང་ནས་གནའ་ཤུལ་ག་གེ་མོ་ཞིག་ལ་ཚན་རིག་གི་ཐབས་ཤེས་སྤྱད་དེ་ས་འོག་ཏུ་གནས་པའི་རིག་དངོས་གསར་དུ་སྔོག་འདོན་བྱེད་པ་ལ་ཟེར། རིག་དངོས་དེ་རིགས་ནི་ལས་ཁུངས་དང་མི་སྒེར་གྱིས་གང་འདོད་དུ་སྔོག་འདོན་བྱེད་མི་ཆོག་སྟེ ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དགོས་པ་མ་ཟད། སྔོག་འདོན་བྱེད་ཆོག་པའི་ལག་ཁྱེར་དགོས་ལ་གོང་རིམ་ནས་ཆོག་མཆན་ཡང་ཞུ་དགོས། ད་ཆ་བོད་ལྗོངས་སུ་གནའ་དཔྱད་སྔོག་འདོན་ལས་ཐོན་པའི་རིག་དངོས་ཀྱི་གྲས་སུ་ཆབ་མདོའི་མཁར་རོ་དང་ལྷ་སའི་ཆུ་གོང་། ལྷོ་ཁའི་བྲག་མགོ་ཕུག འདམ་གཞུང་གི་ལྕགས་རི་ཐང་། སྟོད་མངའ་རིས་ཀྱི་མཐོ་ལྡིང་དགོན་པ་དང་། ཁྱུང་ལུང་མཁར་གདོང་། དྭགས་ལྷ་སྒམ་པོ་དགོན་སོགས་ནས་ཐོན་པའི་རྡོ་ཆས་དང་རྫ་ཆས། གནའ་དཔེ་ཐ་ཐོར། ལྷ་སྐུ་དང་ཐང་ག་སོགས་ཡོད།   
          གཉིས་པ། མིའི་རིགས་རིག་པའི་བརྟག་དཔྱད་ཅེས་པ་ནི་ཡུལ་བྱེ་བྲག་པ་ཞིག་ཏུ་དངོས་སུ་བསྐྱོད་ཅིང་ཞིབ་འཇུག་གི་ཐབས་ཤེས་སྤྱད་དེ་གཞིས་སྡོད་མི་རིགས་ཁག་གི་སྤྱི་ཚོགས་ལམ་ལུགས་དང་ཐོན་སྐྱེད། ཡུལ་སྲོལ་གོམས་འདྲིས་དང་འཚོ་བ་སོགས་མཚོན་ཐུབ་པའི་འཐུས་ཚབ་ཅན་གྱི་རིག་དངོས་བསྡུ་རུབ་བྱེད་པ་ལ་ཟེར།  དཔེར་ན། བོད་ཀྱི་ཡུལ་གྲུ་ཀུན་དུ་གནའ་ནས་བཟུང་ཕ་མེས་ནས་བརྒྱུད་ཡོང་བའི་ཐོན་སྐྱེད་ལག་རྩལ་གྱི་རིགས་ལ་རྫ་ཆས་བཟོ་སྟངས་དང་། རྫ་ཆས་ཀྱི་རིགས་དང་ནུས་པ། རྫ་ཆས་ཀྱི་ལས་རིགས། དེ་མིན་འབྲོག་ལས་དང་ཞིང་ལས། ནགས་ལས་སོགས་ཀྱི་ཐོན་སྐྱེད་མཁོ་ཆས་སོགས་ཇི་སྙེད་ཅིག་ཡོད་དེ། མེས་པོའི་རྣམ་དཔྱོད་ཀྱི་རྩལ་དང་འཚོ་བ་རོལ་སྟངས་ལ་གསལ་བཤད་བྱ་ཐུབ་པའི་རིག་དངོས་ལྟ་བུའོ།   
          གསུམ་པ། དམངས་ཁྲོད་ནས་འཚོལ་བསྡུ་བྱེད་པ་ཞེས་པ་ནི་སྤྱི་ཚོགས་སྟེང་ཁ་ཐོར་དུ་སོང་བའི་རིག་དངོས་འཚོལ་བསྡུ་བྱེད་པ་ལ་ཟེར།  ལས་དོན་དེ་ནི་རྟེན་མཛོད་ཁང་གི་ལས་བྱེད་མི་སྣས་དམངས་ཁྲོད་དུ་དངོས་སུ་བསྐྱོད་དེ་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རིག་དངོས་འཚོལ་བསྡུ་བྱེད་པའི་ཆ་ནས་བསྒྲུབ་དགོས་ཤིང་། དེར་རིག་དངོས་གཏོང་སྤྲོད་དང་། བརྗེ་སྤོར། རྩིས་སྤྲོད། ཞལ་འདེབས། གཡར་པོ་དང་ཉོ་སྒྲུབ་སོགས་རིགས་དྲུག་ཡོད་པ་སྟེ།   
          གཏོང་སྤྲོད་ནི་རྟེན་མཛོད་ཁང་དང་རིག་དངོས་ཉར་ཚགས་སྡེ་ཚན་གྱིས་ཕན་ཚུན་རོགས་རམ་གྱི་ཚུལ་དུ་དངོས་རིགས་གཏོང་སྤྲོད་བྱེད་པ་ལ་ཟེར།  དེ་ཡང་སྤྱིར་བཏང་ཕྱོགས་གཅིག་ནས་གཏོང་སྤྲོད་བྱེད་པ་ལས་ཕྱོགས་གཉིས་ཕན་ཚུན་བརྗེ་སྤོར་བྱེད་པ་ཞིག་མིན། རིག་དངོས་གཏོང་སྤྲོད་བྱེད་པའི་དམིགས་ཡུལ་ནི་རིག་དངོས་འགྲེམས་སྟོན་བྱེད་སྐབས་འགྲེམས་སྟོན་ལ་དངོས་སུ་མཁོ་བའི་རིག་དངོས་དེ་སྡེ་ཚན་གཞན་ནས་རོགས་རམ་གྱི་ཚུལ་དུ་སྟོང་ཆ་ཁ་སྐོང་བྱེད་རྒྱུ་དེ་ཡིན་ཞིང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་འདིའི་རིགས་ཀྱི་རིག་དངོས་མང་པོ་མེད།   
          བརྗེ་སྤོར་ཞེས་པ་ནི་རྟེན་མཛོད་ཁང་དབར་དང་རིག་དངོས་ཉར་ཚགས་སྡེ་ཚན་དབར་ཕན་ཚུན་མོས་མཐུན་བྱུང་བ་དང་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོད་པའི་རྩ་དོན་འོག་རིག་དངོས་ཕན་ཚུན་བརྗེ་སྤོར་བྱེད་པ་ལ་ཟེར། རིག་དངོས་གཏོང་སྤྲོད་དང་བརྗེ་སྤོར་གང་ཡིན་ཡང་ངེས་པར་དུ་རིག་གནས་སྲིད་འཛིན་དོ་དམ་ཚན་པར་ཟིན་ཐོ་འགོད་དགོས་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཡིན་ཚེ་རྒྱལ་ཁབ་ཀྱི་རིག་དངོས་དོ་དམ་ཚན་པ་ནས་ཆོག་མཆན་ཐོབ་དགོས།   
          རྩིས་སྤྲོད་ཅེས་པ་ནི་དངུལ་ཁང་དང་ལྕགས་རིགས་བཙོ་སྦྱངས་བཟོ་གྲྭ ཤོག་བཟོ་ཁང་། དེ་བཞིན་ཅ་དངོས་མཁོ་མེད་ཕྱིར་བསྡུ་སྡེ་ཁག་གི་ཆག་སྐྱོན་ཐེབས་པའི་ཡོ་བྱད་དང་མཁོ་མེད་དངོས་རིགས་ཁྲོད་གདམ་གསེས་བྱས་པ་ལས་ཐོན་པའི་རིག་དངོས་དག་རྩིས་སྤྲོད་དང་། དེ་མིན་རིག་དངོས་ཚོང་ཁང་ནས་མཁོ་འདོན་བས་པའི་རིན་ཐང་ལྡན་པའི་རིག་དངོས་དག་རྩིས་སྤྲོད་བྱེད་པ་ལ་ཟེར།  རྩིས་སྤྲོད་བྱས་པའི་རིག་དངོས་ལ་ངེས་པར་དུ་རིན་གོང་གཏན་འཁེལ་བྱ་དགོས་ལ།  གཞན་ཡང་སྤྱི་བདེ་དང་འགག་སྒོ བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པ་ནས་གཞུང་བཞེས་བཏང་བའི་རིག་དངོས་རིགས་ཀྱང་རྩིས་སྤྲོད་བྱ་དགོས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཙུགས་པ་ནས་ད་བར་སྤྱི་ཚོགས་ལས་རིགས་ཁག་གིས་རྩིས་སྤྲོད་བྱས་པའི་རིག་དངོས་ཀྱི་གྲངས་འབོར་ནི2800ལྷག་ཟིན་ཡོད།   
          ཞལ་འདེབས་ཞེས་པ་ནི་མི་སྒེར་དང་གཞུང་གིས་རིག་དངོས་རིན་ཐང་ཅན་རྟེན་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་ཏེ་མཛོད་ཉར་རིག་དངོས་འཐུས་ཚང་དུ་གཏོང་བ་ལ་ཟེར། ཞལ་འདེབས་སུ་ཕུལ་བའི་རིག་དངོས་རིགས་ངེས་པར་དུ་རྩིས་ལེན་འགྲོ་ལུགས་སོགས་གཉེར་ཚར་རྗེས་གཞི་ནས་མཛོད་ཁང་དུ་ཉར་ཆོག རྟེན་མཛོད་ཁང་ནས་རིག་དངོས་དེ་དག་གི་ལོ་རྒྱུས་དང་ཚན་རིག སྒྱུ་རྩལ་གྱི་རིན་ཐང་སོགས་ལ་གཞིགས་ནས་ཞལ་འདེབས་འབུལ་མཁན་ལ་བྱ་དགའ་དང་མཚན་སྙན་སྤྲོད་སྲོལ་ཡོད།  ད་བར་བོད་ལྗོངས་རྟེན་མཛོད་ཁང་ལ་ཞལ་འདེབས་གནང་མཁན་གྱི་མི་སྣའི་ཁྲོད་ཕྱི་གླིང་བ་དང་རྒྱལ་ནང་གྱི་རྒྱ་རིགས་དོ་སྣང་ཅན། བོད་ཀྱི་གྲྭ་བཙུན་དང་ཆོས་ཚོགས་བཅས་ཚུད་ཡོད་ཅིང་། དེ་དག་ལས་ཚབ་མཚོན་ཅན་གྱི་མི་སྣ་དང་སྡེ་ཁག་རེ་གཉིས་ཀྱི་གནས་ཚུལ་མདོ་ཙམ་བཀོད་ན། སྤྱི་ལོ་1999ལོའི་ཟླ2པའི་ཚེས་5ཉིན་བོད་ཀྱི་རིག་དངོས་ཉར་ཚགས་མཁན་བློ་མཐུན་ཡེ་ཤིན་ཧྲིན་(叶星生)གྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རིག་དངོས་གྲངས་འབོར2330ལྷག་རིན་མེད་ངང་ཞལ་འདེབས་སུ་ཕུལ་བ་དང་། དེ་མིན་ཨ་མེ་རི་ཁའི་ཧྥུ་ཅི་ཉི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་( The University   of   Virginia)ཆེད་མཁས་པ་John  \/incent     Bellezzaཡིས་བར་སྐོར་གྱི་ཁྲོམ་གཞུང་དུ་རིག་དངོས་ནག་ཚོང་རྒྱག་མཁན་གྱི་ལག་ནས་མི་དམངས་ཤོག་སྒོར4500སྤྲད་དེ་ཉོས་པའི་རྟ་སྲབ་ཆ་ཚང་གྲངས་འབོར35དང་ལི་མའི་གྲི་ཆུང་བཅས་རིག་དངོས་ངོ་གྲངས36ཙམ་སྤྱི་ལོ2002ལོའི་ཟླ9པའི་ཚེས9ཉིན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་ཡོད་པ། སྤྱི་ལོ2004ལོའི་ཟླ7པའི་ཚེས་12ཉིན། ཆབ་མདོ་སྟེང་ཆེན་རྫོང་ཞུ་ཚང་དགོན་པའི་བཙུན་མ་དཔལ་ལྡན་མཚོ་མོ་དང་ཉི་ཟླ་ཚེ་དབང་གཉིས་ཀྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྒྱལ་དབང་ལྔ་པས་ཞང་སྟོན་ལ་གནང་བའི་བཀའ་ཤོག་དང་། རྒྱལ་དབང་སྐུ་ཕྲེང་དྲུག་པས་ཞང་སྟོན་ལ་གནང་བའི་བཀའ་ཤོག དེ་མོ་ཧོ་ཐོག་ཐུས་གཡུང་དྲུང་དཔལ་བཞི་སྡེ་ལ་གནང་བའི་བཀའ་ཤོག ཞུ་ཚང་དགོན་པར་གནང་བའི་བཀའ་རྒྱ་སོགས་གཞུང་ཡིག་རྩ་ཆེན་བཞི་རིན་མེད་དུ་ཕུལ་ཡོད་པ་ལྟ་བུ་དང་། དེ་བཞིན་འབྲེལ་ཡོད་ལས་ཁུངས་དང་ཚོགས་པས་རིག་དངོས་དུ་མ་ཞལ་འདེབས་སུ་ཕུལ་ཡོད་པ་དེ་དག་ཁྲོད་ལས་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་སྤྱི་ལོ2003ལོའི་ཟླ6པའི་ཚེས8ཉིན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩ་ཆེན་སྐུ་བརྙན་དང་ཐང་ག མཆོད་ཆས་སོགས་གྲངས་འབོར་132ཙམ་རིན་མེད་དུ་ཕུལ་ཡོད་ཅིང་། དེ་དག་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས8དང་རིམ་པ་གསུམ་པའི་རིག་དངོས29ཡོད་པ་བཅས་གོང་ཞུས་རྣམས་ནི་དཔེ་མཚོན་ཙམ་མོ།   
ཉོ་སྒྲུབ་ཅེས་པ་ནི་རྟེན་མཛོད་ཁང་གིས་མི་སྒེར་གྱིས་བཙོང་འདོད་པའི་རིག་དངོས་ལ་འོས་འཚམ་གྱི་རིན་གོང་སྤྲད་ནས་ཚུར་བསྡུས་པ་ལ་ཟེར། དེའི་ཐད་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་སྔ་ཕྱི་བར་གསུམ་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྩ་ཆེའི་རིག་དངོས་རྙིང་ཆས་ཚོང་ཁང་དང་རིག་དངོས་ནག་ཚོང་རྒྱག་མཁན་གྱི་ཁྲོད་ནས་བོད་ཀྱི་རྩ་ཆེའི་རིག་དངོས་དང་དམངས་སྲོལ་རིག་དངོས་དུ་མ་རྩ་སྟོང་དུ་མི་འགྲོ་བའི་ཆེད་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་ཡོད། ལྷག་པར་དུ་སྤྱི་ལོ2007ལོ་དང2011ལོར་རིག་དངོས་རྙིང་ཆས་ཚོང་ཁང་ནས་སྔ་རྗེས་སུ་དམས་སྲོལ་རིག་དངོས་གྲངས་འབོར399བླུས་པ་སོགས། བོད་ཀྱི་རྩ་ཆེའི་རིག་དངོས་ཡུལ་གྲུ་གཞན་དུ་མི་གྱར་བ་དང་། རྩ་སྟོང་དུ་མི་འགྲོ་བའི་ཆེད་དུ་ལས་དོན་མང་པོ་ཞིག་བསྒྲུབསཡོད།   
          གཡར་པོ་ཞེས་པ་ནི་རྟེན་མཛོད་ཁང་གིས་འགྲེམས་སྟོན་དང་ཞིབ་འཇུག་གི་དགོས་དབང་ཆེད་དུ་རྟེན་མཛོད་ཁང་གཞན་དག་དང་རིག་དངོས་སྡེ་ཁག་གཞན་ནས་དུས་ཡུན་ཐུང་ངུའི་ནང་རིག་དངོས་གཡར་བ་ལ་ཟེར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་ཆ་མཚོན་ན། གཞི་རྒྱ་ཆེ་བའི་འགྲེམས་སྟོན་སྐབས་དངོས་སུ་མཁོ་བའི་རིག་དངོས་རྩ་ཆེན་ཁ་ཤས་རྩེ་ཕོ་བྲང་དང་ནོར་བུ་གླིང་ག་ལ་སོགས་ནས་གཡར་ཏེ་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་གཟིགས་མོ་བར་ཕྱོགས་ཡོངས་ནས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱ་རྒྱུར་མཐུན་རྐྱེན་སྐྲུན་གྱི་ཡོད།   
          བོད་ལྗོངས་རྟེན་མཛོད་ཁང་གིས་གོང་དུ་གླེང་ཟིན་པའི་ཐབས་ལམ་དེ་དག་སྤྱད་དེ་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་འཐུས་ཚང་ཅན་དང་མ་ལག་ཅན། ཚན་རིག་གི་རང་བཞིན་ལྡན་པའི་ཕྱོགས་བསྡུས་ཅན་གྱི་སྡེ་ཁག་ཅིག་བསྐྲུན་ཆེད་སྔ་རྗེས་སུ་རིག་དངོས་འབོར་ཆེན་འཚོལ་བསྡུ་བྱས་ཡོད་པའི་སྐོར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྟེན་ཐོ་གཞིར་བཟུང་ནས་རིག་དངོས་རྩིས་སྤྲོད་དང་ཞལ་འདེབས། ཉོ་སྒྲུབ། གནའ་དཔྱད་སྔོག་འདོན་ལས་ཐོན་པའི་རིག་དངོས་གྲངས་འབོར་སྐོར་རོབ་ཙམ་རེའུ་མིག་ཏུ་བཀོད་པ་གཤམ་གསལ་ལྟར་ཏེ། 

          གོང་གསལ་རེའུ་མིག་ལས་ཤེས་གསལ་ལྟར།  རིག་དངོས་འཚོལ་བསྡུ་ནི་སྤྱི་ཚོགས་ལས་རིགས་ཡོངས་ཀྱི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་ལ། དེ་ལ་སྤྱི་ཚོགས་ལས་རིགས་ཡོངས་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་མེད་ཚེ་ལེགས་གྲུབ་འབྱུང་དཀའ་བ་ཞིག་ཡིན། གོང་གསལ་རེའུ་མིག་ལས་མངོན་པའི་རིག་དངོས་མང་ཆེ་བ་ནི་མི་སྒེར་དང་ཚོགས་པས་ཞལ་འདེབས་སུ་ཕུལ་བ་དང་། དེ་དག་ནང་འགག་སྒོ་དང་ཆོས་ཚོགས། མི་སྒེར་བཅས་ནས་ཕུལ་བའི་རིག་དངོས་ཀྱི་གྲངས་འབོར་ཤིན་ཏུ་མང་ལ། གཞན་ཡང། རིག་དངོས་ཉོ་སྒྲུབ་ནི་རྟེན་མཛོད་ཁང་གི་རིག་དངོས་ཡོང་ཁུངས་གཙོ་བོ་ཞིག་ཡིན་པས། དེང་གི་ཆར་རྒྱལ་ཁབ་ཀྱིས་རིག་དངོས་སྲུང་སྐྱོབ་ཐད་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་ཤུགས་ཆེན་གནང་བས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཀྱང་རྒྱལ་ཁབ་རིག་དངོས་ཅུད་ལ་རེ་ཞུ་ཕུལ་བ་ལྟར་རིག་དངོས་འཚོལ་བསྡུ་བྱ་རྒྱུའི་ཐད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། རྟེན་མཛོད་ཁང་བཙུགས་པ་ནས་སྤྱི་ལོ་ཉིས་སྟོང་བཞི་ལོ་ཕུད་ལོ་རེ་རེ་ལ་གྲངས་འབོར་མི་འདྲ་བའི་རིག་དངོས་འཚོལ་བསྡུ་བྱས་ཡོད། དེ་ཡང་རྟེན་མཛོད་ཁང་གིས་སྔ་ཕྱིར་འབྲེལ་ཡོད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷ་སའི་བར་སྐོར་གྱི་རྙིང་ཆས་ཚོང་ཁང་དང་མི་སྒེར་གྱི་ལག་ནས་རིག་དངོས་འབོར་ཆེན་ཞིག་ཉོས་ཏེ་མཛོད་ཉར་རིག་དངོས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་ལྟ་བུ་ཡིན། མཛོད་ཉར་རིག་དངོས་འཚོལ་བསྡུའི་ཐབས་ལམ་གཞན་ཞིག་ནི་གནའ་དཔྱད་སྔོག་འདོན་བྱེད་རྒྱུ་དེ་ཡིན་ཞིང་། ལོ་རྒྱུས་སྔོན་གྱི་འགྲེམས་སྟོན་རིག་དངོས་མང་ཆེ་བ་ནི་གནའ་དཔྱད་སྔོག་འདོན་ལས་བྱུང་བ་དང་། རིག་དངོས་དེ་དག་ལས་ཕལ་ཆེ་བ་ནི་ཆབ་མདོའི་མཁར་རོ་དང་། ལྷ་སའི་ཆུ་གོང། སྟོད་མངའ་རིས་ཀྱི་རྩ་མདའ་རྫོང་གི་མཐོ་ལྡིང་དགོན་པ་དང་། དུང་དཀར་ཕྱི་དབང་། ཆབ་མདོའི་གོ་འཇོ། འཕྱོངས་རྒྱས། མལ་གྲོ་གུང་དཀར།  སྐྱིད་རོང་། འབྲོང་པ། གཏིང་སྐྱེས། རིན་སྤུངས། ཁང་དམར་སོགས་ཀྱི་གནའ་ཤུལ་ལ་སྔོག་འདོན་དང་ས་ངོས་ལས་འཚོལ་བསྡུ་བགྱིས་པ་ལས་ཐོན་པ་འབའ་ཞིག་ཡིན། གཞན་ཡང། དྭགས་ལྷ་སྒམ་པོ་སོགས་དགོན་སྡེ་ཁ་ཤས་ལ་གནའ་དཔྱད་སྔོག་འདོན་བྱས་ཀྱང་དགོན་ཤུལ་ནས་ཐོན་པའི་རིག་དངོས་རྣམས་དགོན་པ་རང་ལ་རྩིས་སྤྲོད་བགྱིས་པ་ལས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ལྷོ་ཁའི་ཡར་ཀླུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་བསྡུ་ཉར་བྱས་མེད།  གོང་གི་རེའུ་མིག་ཁྲོད་ཀྱི་གནའ་དཔྱད་སྔོག་འདོན་ལས་ཐོན་པའི་རིག་དངོས་་གྲངས་འབོར་མང་པོ་ཟིན་མེད་པའི་རྒྱུ་རྐྱེན་ནི་གནའ་དཔྱད་སྔོག་འདོན་ལས་ཐོན་པའི་རིག་དངོས་རྣམས་ས་ཁུལ་དེ་གའི་རིག་དངོས་དོ་དམ་ལས་ཁུངས་དང་དགོན་སྡེ་སོགས་ཀྱི་དགོས་འདུན་དང་རེ་ཞུ། བསམ་འཆར་སོགས་ཀྱི་དགོས་དབང་ལ་བསྟུན་ནས་འོས་འཚམ་ངང་ཐག་བཅད་པ་ལས་རིག་དངོས་ཡོངས་རྫོགས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩིས་སྤྲོད་བྱེད་དགོས་པའི་ངེས་གཏན་མེད་པས་ཡིན།   
          རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་ཉར་ཚགས་དང་འགྲེམས་སྟོན། དེ་ལ་ཞིབ་འཇུག་བགྱིས་པ་སོགས་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་ལ་རྒྱས་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་ཐུབ་ལ། ཞིབ་འཇུག་པ་ཞིག་གི་ཆ་ནས་བཤད་ན་ཡང་། རིག་དངོས་བརྒྱུད་དེ་ལོ་རྒྱུས་ཐོག་གི་དོན་རྐྱེན་དང་། སྤྱི་ཚོགས་ཀྱི་འཕེལ་རིམ། རིག་དངོས་ཀྱི་བཟོ་རྩལ། དཔལ་འབྱོར་གྱི་རྣམ་པ་སོགས་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་རྟོགས་ཐུབ་པས། རྟེན་རྫས་བཤམས་མཛོད་ཁང་ལ་ལོ་རྒྱུས་དང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ནོ།
          མ་འོངས་པར་ཕྱོགས་པའི་བསམ་གཞིག  
          རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟིགས་སྐྱོང་དང་རྒྱབ་སྐྱོར་གནང་བར་བརྟེན། བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་མེད་པ་ནས་ཡོད་པ་དང་། མིག་སྔར་སྒྲིག་འཛུགས་དང་མ་ལག་ཅུང་ཆ་ཚང་བར་གྱུར་ཡོད་པ་དེས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར།  སློབ་གསོ་སོགས་ཕྱོགས་ཡོངས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བཏོན་དང་འདོན་བཞིན་ཡོད། གཤམ་དུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་མ་འོངས་པར་བསྒྲུབ་དགོས་རྒྱུའི་བྱ་བའི་ཐད་རང་ཉིད་ཀྱི་མ་སྨིན་པའི་བསམ་ཚུལ་འགའ་བགྲོ་གླེང་གི་ཚུལ་དུ་གླེང་རྒྱུ་འདི་ལྟ་སྟེ།   
          (དང་པོ།) དེང་གི་ཆར་ཆེད་ལས་མི་སྣའི་སྡེ་ཁག་ཉུང་ལ་ཆེད་ལས་ཞིབ་འཇུག་གི་ཁ་ཕྱོགས་གསལ་པོ་མེད་ཕྱིར།  རྟེན་རྫས་དོ་དམ་དང་ཉམས་གསོའི་སྐོར་གྱི་མི་སྣ་གསོ་སྐྱོང་མང་ཙམ་བྱ་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་ཡང་རིགས་གཅིག་རྐང་འཛིན་པའི་ནུས་པ་ཐོན་པར་བྱེད་དགོས་ན། ཆེད་ལས་མི་སྣ་གསོ་སྐྱོང་གིས་རྫ་ཆས་དང་། ཀོ་ཆས། ལྕགས་ཆས། ཐང་ག གསེར་ཟངས་ཀྱི་སྐུ་བརྙན་སོགས་རིག་དངོས་ཀྱི་ཉམས་གསོ་དང་། ལྷག་པར་དུ་སླད་ཕྱིན་འབྱུང་རྒྱལ་ཕྱི་དང་རྒྱལ་ནང་གི་ཆེད་ལས་ཞིབ་འཇུག་ཚོགས་པ་དང་ཆེད་ལས་མཁས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་དེང་རབས་ཀྱི་འཕྲུལ་ཆས་བེད་སྤྱོད་དང་དེ་འབྲེལ་ལག་རྩལ་མི་སྣ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱ་དགོས། དཔེར་ན། ཐང་ག་ཉམས་གསོའི་ཆེད་ལས་མཁས་པ་དང་རྫ་ཆས་ཞིབ་འཇུག་མཁས་པ། དེ་མིན་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ཕྱོགས་སོ་སོའི་རིག་དངོས་ཉམས་གསོ་བྱེད་ཐུབ་པའི་མི་སྣ་སྐྱེད་བསྲིང་བརྒྱུར་ཤུགས་སྣོན་རྒྱག་དགོས་པ་ལྟ་བུའོ།   
          (གཉིས་པ།)  རིག་དངོས་འཚོལ་བསྡུ་དང་ཉོ་སྒྲུབ་སོགས་ཀྱི་ནུས་པ་ཆེ་རུ་བཏང་ནས་མེས་པོའི་རིག་དངོས་རྣམས་མི་རབས་ནས་མི་རབས་བར་ཉར་ཚགས་ཀྱིས་མི་རབས་རྗེས་མར་བོད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་རིག་གནས་སོགས་ངོ་སྤྲོད་བྱ་དགོས་ཤིང་། ལྷག་པར་དུ་མཛོད་ཉར་རིག་དངོས་ཁྲོད་མཐོང་དཀོན་པ་དང་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་ཐུབ་པའི་རིག་དངོས་གལ་ཆེན་ཉོ་སྒྲུབ་བྱ་རྒྱུར་དེ་བས་གཙིགས་ཆེན་བྱ་དགོས།   
          (གསུམ་པ།) བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་རྒྱུ་ཆ་དང་རྣམ་པ། ནང་དོན་མི་འདྲ་བའི་རིག་དངོས་རིགས་ཁྲི་བཞི་ལྷག་ཡོད་ཅིང་། དེ་དག་རེ་རེ་བཞིན་ལ་ཞིབ་འཇུག་བྱ་བར་མི་ཤུགས་དང་ཆེད་ལས་ཆུ་ཚད་སོགས་མི་འདང་ན་ཡང་། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་ཐབས་ལམ་སྣ་ཚོགས་སྤྱད་དེ་མཁས་པ་གདན་འདྲེན་གྱིས་དེ་དག་སྐོར་གྱི་ནང་དོན་འཆད་ཁྲིད་བྱེད་པ་དང་ཆབས་ཅིག་ཞིབ་འཇུག་མི་སྣ་རྒྱལ་ནང་དང་རྒྱལ་ཕྱིའི་སློབ་གྲྭར་མངགས་གཏོང་གིས་ཁོང་ཚོའི་ཞིབ་འཇུག་གི་བྱང་ཚད་མཐོ་རུ་གཏོང་དགོས།   
          (བཞི་པ།) རྟེན་མཛོད་ཁང་ནི་སློབ་ཁང་ཕྱི་རོལ་གྱི་སློབ་གསོའི་ལྟེ་བ་ཡིན་ཕྱིར། རིག་དངོས་འགྲེམས་སྟོན་བྱས་པ་བརྒྱུད་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞུང་ཞབས་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མར་རྒྱལ་གཅེས་རིང་ལུགས་དང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་སློབ་གསོ་སྤེལ་ཏེ་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཐོན་པ་བྱ་དགོས།   
          (ལྔ་པ།) ད་ཆ་རང་རེའི་རིག་དངོས་འགྲེམས་སྟོན་གྱི་རྣམ་པ་དང་ལག་རྩལ་རྗེས་ལུས་ཀྱི་ཚུལ་དུ་སྣང་བས་རྒྱལ་ཕྱི་དང་རྒྱལ་ནང་གི་སྔོན་ཐོན་རྟེན་མཛོད་ཁང་གི་ལེགས་ཆ་བསྡུ་ལེན་བྱས་ཏེ་འགྲེམས་སྟོན་གྱི་རྣམ་པར་བསྒྱུར་བཅོས་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་དགོས་པ་དང་བཅས་སོ།           ཆེད་རྩོམ་འདི་འབྲི་བའི་སྐབས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་དབུ་ཁྲིད་ཀྱིས་རིག་དངོས་འཚོལ་བསྡུའི་རེའུ་མིག་ལ་ཟུར་ལྟ་ཆོག་པའི་ཆོག་མཆན་གནང་བ་དང་། ལྷག་པར་དུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་དོ་དམ་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་ལིན་ཙེ་ཧུས་(林再会) ཀྱིས་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུའོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་》ལས་《རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་མཆོད་རྟེན་དང་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ་》རྡོ་རྗེ་རྒྱལ་གྱིས་རྩོམ་སྒྲིག་བྱས།   P71    P79    P97    P149    P159  P160
②http://en .Wikipedia. Org//wiki//Museum
③http://baike. baidu/com/view/1497.htm 博物馆  百度百科 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1