མཚོ་ལྷོ། གཅོད་པ་ཚེ་རིང་།
གཅོད་པ་ཚེ་རིང་། དགེ་རྒན་ཁྱེད་རང་སློབ་མཐར་ཕྱིན་རྗེས་ཀྱི་གནས་ཚུལ་རགས་ཙམ་གསུང་རོགས།
ཀླུ་མོ་རྒྱལ། ང་རང2015ལོར་སློབ་མཐར་ཕྱིན་རྗེས་ཕ་ཡུལ་ཀོས་ནན་རྫོང་དུ་ལོ་གཅིག་ལ་ཚབ་ཁྲིད་དགེ་རྒན་བྱས་མྱོང་། དེའི་རྗེས་སུ་གུང་ཧོ་རྫོང་གིས་དགེ་རྒན་བསྡུ་བར་རྒྱུགས་འཕྲོད་རྗེས་བྱ་བའི་དགོས་དབང་གིས་སློབ་ཁུལ་འདིར་ལས་བགོས་བྱས་བྱུང་། སློབ་གྲྭ་འདིར་སླེབས་མ་ཐག་གི་ལོ་གཅིག་རིང་ལ་རྒྱ་ཡིག་ཁྲིད་ཅིང་། ལོ་གཉིས་པ་ནས་བཟུང་སློབ་ཆུང་ལོ་རིམ་དང་པོའི་བོད་ཡིག་ཁྲིད་ནས་ལོ་རིམ་གཉིས་པར་སླེབས་པ་ཡིན། ད་ལྟ་སླར་ཡང་ལོ་རིམ་དང་པོའི་བོད་ཡིག་ཁྲིད་ཀྱིན་ཡོད།
གཅོད་པ་ཚེ་རིང་། སྐུ་ཉིད་ཀྱིས་ཐོག་མར་རྒྱ་ཡིག་ཁྲིད་པ་དང་། དེ་ནས་བོད་ཡིག་ཁྲིད་དེ་ལོ་རིམ་གཉིས་པར་སླེབས་རྗེས་སྔར་གྱི་འཛིན་གྲྭ་བསྐྱུར་ཏེ་སླར་ཡང་ལོ་རིམ་དང་པོ་ནས་བོད་ཡིག་ཁྲིད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ཀླུ་མོ་རྒྱལ། སློབ་གྲྭ་འདིར་སླེབས་མ་ཐག་གི་ལོ་དེར་རྒྱ་ཡིག་དགེ་རྒན་གྱིས་མ་འདང་བས་ཐབས་བཀོད་མེད་སོང་བས་ཡིན། ད་ལྟ་བོད་ཡིག་ཁྲིད་ཀྱིན་པའང་ངའི་ཆེད་ལས་མིན། ངའི་ཆེད་ལས་ནི་རྩིས་འཕྲུལ་ཡིན། འོན་ཀྱང་དགེ་རྒན་གྱིས་མི་འདང་བས། བསླབ་ཁག་གང་ལ་དགེ་རྒན་མི་འདང་ན་དེར་འགྲོ་དགོས་པ་ཞིག་ཆགས་འདུག ད་ལྟ་སླར་ཡང་ལོ་རིམ་དང་པོར་བོད་ཡིག་ཁྲིད་དགོས་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་ན་ནིང་བདག་གི་སློབ་ཁྲིད་ཀྱི་འབྲས་བུ་ཅུང་ལེགས་པས་ཡིན་སྲིད། སྤྱིར་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ་འབྲི་ཀློག་གི་རྨང་ཡག་པོ་ཞིག་གདིང་ཐུབ་ཚེ་ཕྱིས་ཀྱི་སློབ་སྦྱོང་ལ་ཕན་ཆེན་པོ་ཐོགས་ཐུབ་པ་ནི་བསྙོན་དུ་མེད། སློབ་གྲྭས་ཀྱང་དེའི་ཐད་ལ་དམིགས་ཏེ་འདི་ལྟར་བཀོད་སྒྲིག་བྱས་པ་ཡིན་སྲིད།
གཅོད་པ་ཚེ་རིང་། རྫོང་སློབ་དཔྱོད་ཁང་གིས་དཔྱད་འཇོག་བྱས་པ་ལྟར་ན། རྒན་ཁྱེད་ཀྱི་ཀློག་ཁྲིད་ནི་གཞན་དང་མི་འདྲ་བ་ཞིག་ཡིན་པར་བཤད། འོ་ན་རྒན་ཁྱེད་ཀྱིས་དེའི་ཐད་ལ་ནུས་པ་ཇི་ལྟར་བཏོན་པ་ཡིན།
ཀླུ་མོ་རྒྱལ། བདག་གི་བསམ་ཚུལ་ལྟར་ན། སྐད་ཡིག་དགེ་རྒན་ཞིག་ཡིན་ཚེ། ཐོག་མར་རང་ཉིད་ཁ་གསལ་སྨྲ་དག་ཅིག་ཡིན་རྒྱུ་ཤིན་ཏུ་གལ་ཆེ་སྙམ། དེའི་ཐད་བདག་ལ་མཐུན་རྐྱེན་ལེགས་པོ་ཞིག་ཡོད་པ་ནི་རང་ཉིད་ཀྱི་སྨྲ་བརྗོད་ཅུང་དག་ཅིང་། སློབ་མ་ཚོའང་བོད་ཕྲུག་རྣལ་མ་རྐྱང་རྐྱང་ཡིན་པས་དག་པར་ཀློག་པའི་ཐད་ལ་དཀའ་ཁག་ཆེན་པོ་མི་འདུག དེའི་འཕྲོར་ངས་སློབ་ཁྲིད་བྱེད་པའི་སྐབས་སུ་འདོན་ཁ་བྱང་དང་བྲིས་ལག་བྱང་ཟེར་བ་ལྟར། སློབ་མར་ཡང་དང་ཡང་དུ་ཀློག་ཁྲིད་བྱ་རྒྱུ་དེ་གཙོ་བོར་བཟུང་བ་ཡིན། ཡང་ཡང་ཁྲིད་དེ་སློབ་མ་ཡོངས་ཀློག་ལ་བྱང་དུ་བཅུག་རྗེས། ཁོ་ཚོས་ངས་ཀློག་ཤེས་སྙམ་པའི་གདེང་ཚོད་ཅིག་རྙེད་ཐུབ། གདེང་དེ་རྙེད་རྗེས་ཀློག་འདོན་བྱེད་དུས་ཀྱང་སྐད་གསང་པོ་དང་། སྒྲ་དག་མོ། མགྱོགས་བུལ་རན་པོའི་སྒོ་ནས་ཀློག་ཐུབ་པས་སློབ་ཆུང་ལོ་རིམ་དམའ་ཤོས་ཤིག་ལ་མཚོན་ན་དགེ་རྒན་རང་ཉིད་ཀྱི་དཀའ་ཁག་ལ་མི་འཛེམ་པར་ཀློག་ཁྲིད་ཡང་ཡང་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་སྙམ། དེ་ལས་གཞན་པའི་སྟབས་བདེའི་ཐབས་ཤིག་ངས་ད་དུང་རྙེད་མེད།
གཅོད་པ་ཚེ་རིང་། རྫོང་སློབ་དཔྱོད་ཁང་གིས་སློབ་ཆུང་ལོ་རིམ་དམའ་ཤོས་ལ་སློབ་ཚན་གྱི་ནང་དོན་ཞིབ་ཏུ་འཆད་མི་དགོས་པའི་གཏན་འཁེལ་བྱས་ཡོད། དེའི་ཐད་ནས་ཁྱེད་ཀྱིས་ཇི་ལྟར་བསྒྲུབས་པ་ཡིན།
ཀླུ་མོ་རྒྱལ། ངའི་བསམ་ཚུལ་ལྟར་ན། སློབ་ཚན་གྱི་ནང་དོན་འོས་འཚམ་ཞིག་བཤད་ན་འགྲིག་འདུག་སྙམ། སྤྱིར་ན་ལོ་རིམ་དམའ་ཤོས་ཀྱི་སློབ་ཚན་ནང་དོན་ལ་དཀའ་མོ་དང་ཟབ་མོ་མེད་པས། ཀློག་ལ་བྱང་རྗེས་ནང་དོན་ཕལ་ཆེར་གོ་ཐུབ་ངེས། ལྷག་པར་གནའ་གཏམ་དང་ཁ་བརྡའི་རིགས་ལ་སློབ་མ་སྤྲོ་བ་ཆེ་བས། ངས་རྒྱུན་པར་གནའ་གཏམ་བཤད་དུ་འཇུག་པ་དང་། སློབ་ཚན་ཁྲོད་ཀྱི་ཁ་བརྡ་རྣམས་སློབ་མར་འཁྲབ་སྟོན་བྱེད་དུ་བཅུག་པ་ཡིན་པས། སློབ་མས་སློབ་ཚན་གྱི་ནང་དོན་ཕལ་ཆེ་བ་གོ་ཐུབ་ཀྱིན་འདུག་ཅིང་། སློབ་ཚན་ནང་དོན་ལ་གོ་བ་རགས་ཙམ་ལོན་རྗེས། གྱེར་ཀློག་བྱེད་པའི་སྐབས་སུའང་གསོན་ཉམས་དང་སྤྲོ་སྣང་ལྡན་པ་འབྱུང་ཐུབ་ཀྱིན་ཡོད།
གཅོད་པ་ཚེ་རིང་། སློབ་མར་ལས་བྱ་བཀོད་སྒྲིག་བྱེད་སྟངས་དང་། དགེ་རྒན་གྱིས་ཞུ་དག་བྱེད་ཐབས་སོགས་ཀྱི་ཐད་ནས་ཁྱེད་ཀྱིས་ཇི་ལྟར་བསྒྲུབས་པ་ཡིན།
ཀླུ་མོ་རྒྱལ། རང་ཉིད་ཀྱི་བསམ་ཚུལ་ཡིན་ན། སློབ་མར་བཀོད་སྒྲིག་བྱས་པའི་ལས་བྱ་ནི་ཉུང་ལ་བཅུད་ཆེ་བ་ཞིག་ཡིན་ན་འགྲིག་སྙམ། ལས་བྱ་བཀོད་སྒྲིག་བྱས་པ་མང་སོང་ན་སྐྱོན་ཆེན་པོ་གཉིས་ཡོད་དེ། གཅིག་ནི་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ལ་ངན་ཤུགས་ཐེབས་སྲིད་པ་དང་། དེ་ལས་ཀྱང་སྐྱོན་ཆེན་པོ་ཞིག་མཆིས་པ་ནི་ཡིག་གཟུགས་ཇེ་བཙོག་ཏུ་འགྲོ་བའི་རྒྱུ་གཙོ་བོར་འགྱུར་སྲིད། བསླབ་ཁག་གང་གི་དགེ་རྒན་སྒེར་ངོས་ནས་བལྟས་ན་ལས་བྱ་མང་པོ་མེད་ནའང་། བསླབ་ཁག་མང་པོའི་ལས་བྱ་མཉམ་དུ་སློབ་མ་གཅིག་གི་སྟེང་དུ་བབས་ཚེ། ཁུར་པོ་ལྗིད་མོ་ཞིག་ཏུ་འགྱུར་གྱིན་ཡོད་ལ། དུས་ཚོད་ཀྱིས་ཀྱང་མི་འདང་བས། ཡི་གེ་མགྱོགས་པ་དང་བཙོག་པོའི་སྒོ་ནས་ལས་བྱ་འགྲུབ་ཐབས་བྱེད་དགོས་པའི་སྣང་ཚུལ་འབྱུང་བཞིན་མཆིས། དེ་བས་བདག་གིས་ངེས་པར་འབྲི་དགོས་པའི་ལས་བྱ་ཉུང་ཉུང་རེ་བཀོད་སྒྲིག་བྱས་པ་ཡིན་ལ། དེར་གྲལ་དག་ཅིང་ཡིག་གཟུགས་ལེགས་པར་འབྲི་བའི་རེ་བ་ནན་མོ་བཏོན་པ་ཡིན། འཕྲོས་སུ་ལས་བྱ་ཞུ་དག་བྱེད་པའི་སྐབས་སུའང་སློབ་མ་རེ་རེ་འཁྲིས་སུ་བོས་ཏེ་ལས་བྱའི་དགེ་སྐྱོན་བཤད་ཀྱིན་ཞུ་དག་བྱེད་པ་ལས། ལས་བྱ་ཁྱེར་ནས་གཞུང་ཤག་དང་མལ་ཤག་ཏུ་སོང་སྟེ་དགེ་རྒན་གཅིག་པུས་ལས་བྱ་ཐེངས་གཅིག་ཀྱང་བལྟས་མ་མྱོང་། དེ་ལྟ་ན་སློབ་མའི་ལས་བྱ་དུས་ལྟར་འབྲི་བ་དང་ལེགས་པར་འབྲི་བའི་འགན་འཁྲིའི་འདུ་ཤེས་ཀྱང་སྐྱེད་སྲིང་གང་ལེགས་བྱེད་ཐུབ་སྙམ།
གཅོད་པ་ཚེ་རིང་། ཁྱེད་ཀྱིས་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའི་སྐོར་དང་སློབ་སྦྱོང་ལ་དཀའ་ཁག་ཅན་གྱི་སློབ་བུའི་རིགས་ལ་ཟུར་ཁྲིད་ཇི་ལྟར་བྱེད་ཀྱིན་ཡོད།
ཀླུ་མོ་རྒྱལ། བསླབ་ཚན་ཚད་གཞི་གཞིར་བཟུང་སྟེ། སྦྱངས་འབྲས་ལེགས་པའི་སྐོར་ལ་རྫོང་སློབ་དཔྱོད་ཁང་གི་རེ་བ་བཏོན་པ་བཞིན། བསླབ་གཞིའི་ནང་དོན་ནང་བྱན་ཆུད་པར་བྱས་རྗེས་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན་ཀློག་པ་དང་། བློར་འཛིན་པ་ལ་སོགས་པའི་རེ་བ་བཏོན་པ་ཡིན་ལ། སྦྱངས་ཞན་སློབ་མའི་རིགས་ལ་དགེ་རྒན་རང་ཉིད་ཀྱིས་འབད་འབད་དུང་དུང་བྱེད་དགོས་པ་ལས་གཞན། ངས་ཁོ་ཚོར་རྒྱུན་དུ་རོགས་རམ་བྱེད་མཁན་གྱི་སློབ་སྦྱོང་ལེགས་པའི་སློབ་གྲོགས་རེ་བཀོད་སྒྲིག་བྱས་ཡོད། དགེ་རྒན་ཆུང་ཆུང་དེ་དག་ལའང་ཕ་རོལ་པོར་རོགས་རམ་བྱེད་དགོས་པའི་འགན་བཀལ་ཡོད། དེ་ལྟ་ན་ཁོ་ཚོ་ལོ་ན་ཉེ་བའི་དབང་གིས་རྩེད་ཞོར་དགོད་ཞོར་དུ་རོགས་ཁྲིད་བྱས་ན་འབྲས་བུ་མི་དམན་པ་འབྱུང་། གང་ལྟར་དངོས་གནས་དབང་པོ་རྟུལ་དྲགས་པ་ཞིག་མ་ཡིན་ཚེ། ངས་སློབ་མ་གཅིག་ཀྱང་སྣང་མེད་དུ་བསྐྱུར་མ་མྱོང་ལ་བསྐྱུར་ཡང་མི་སྲིད།
གཅོད་པ་ཚེ་རིང་། དེང་གི་ལྡན་པ་བཞི་དང་བཅས་པའི་དགེ་རྒན་བཟང་པོ་ཞིག་ཡིན་ན་བྱམས་བརྩེ་བླ་མེད་ལྡན་དགོས་ཞེས་རེ་བ་འདོན་བཞིན་ཡོད། དེའི་ཐད་ཁྱེད་རང་ལ་ལྟ་ཚུལ་ཅི་ཡོད།
ཀླུ་མོ་རྒྱལ། དགེ་རྒན་ཞིག་ཡིན་ཚེ་བྱམས་བརྩེ་ཆེན་པོ་ལྡན་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། ལྷག་པར་སློབ་ཆུང་ལོ་རིམ་དམའ་ཤོས་དང་། ཞག་སྡོད་སློབ་མ་འདི་དག་ལ་མཚོན་ན། དགེ་རྒན་ནི་དགེ་རྒན་ཡིན་ལ་ཕ་མའང་ཡིན་པས། བྱམས་བརྩེའི་ལྷག་བསམ་དཀར་པོ་ཞིག་གིས་ཁོ་ཚོའི་སློབ་སྦྱོང་དང་འཚོ་བ་སོགས་ཕྱོགས་གང་ཐད་ལ་སེམས་ཁུར་བྱས་ན་ད་གཟོད་སློབ་མ་རྣམས་དགེ་རྒན་ལ་ཡིད་ཆེས་ཡོད་པ་དང་། དགེ་རྒན་དང་ཉེ་བར་བཅར་ནས་དཀའ་ཁག་དང་སྡུག་བསྔལ་སོགས་དགེ་རྒན་ལ་བཤད་སྲིད། དེའི་གོ་རིམ་ཁྲོད་སློབ་མ་རེ་རེ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་ཕན་ཆེན་པོ་ཐོགས་ཐུབ་སྙམ། དཔེར་ན། སློབ་ཐུན་ནང་སློབ་ཁྲིད་ཀྱི་སྐབས་སུ་ནན་མོ་བྱེད་དགོས་ས་རེ་ཡོད་ནའང་། སློབ་ཐུན་གྲོལ་རྗེས་གོ་སྐབས་བཙལ་ནས་སློབ་མ་གང་དེར་སེམས་གསོའི་ཁ་བརྡ་བྱས་ཏེ། དགེ་རྒན་རིག་ན་མགོ་ན་བའམ་དགེ་རྒན་ལ་སྐྲག་སྟེ་རྒྱང་བཀྱེད་ནས་མི་འགྲོ་མཁན་ཞིག་ཏུ་ཅིས་ཀྱང་གཏོང་དགོས། གཞན་ཡང་སློབ་མ་བྱམས་ཀྱིས་སྐྱོང་བའི་ཐད་ལ། དགེ་རྒན་ལ་ཉེ་རིང་ཕྱོགས་ཞེན་མེད་རྒྱུ་ནི་ཤིན་ཏུ་གལ་ཆེ། སྦྱངས་འབྲས་ཅུང་ཞན་པའི་སློབ་མར་སློབ་སྦྱོང་གི་དཀའ་ཁག་འཕྲད་ཀྱིན་ཡོད་པའི་སྟེང་ལ། དགེ་རྒན་གྱིས་སེམས་གསོ་དང་རོགས་རམ་མི་བྱེད་པར་འཕྱ་སྨོད་དང་ཟུར་ཟ། ཐ་ན་གཅར་རྡུང་སོགས་བྱེད་པའི་གནས་ཚུལ་བྱུང་ཚེ། སློབ་མ་དེའི་མི་ཚེར་དཀའ་ཁག་ཆེན་པོ་འཕྲད་སྲིད་པར་གདོན་མི་ཟའོ། །
གཅོད་པ་ཚེ་རིང་། སློབ་མའི་ཁྱད་ཆོས་སྐྱེད་སྲིང་གི་ཕྱོགས་ལ་རྒན་ལགས་ཀྱིས་དོ་སྣང་བྱས་མྱོང་ངམ།
ཀླུ་མོ་རྒྱལ། ཐོག་མར་ང་རང་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས། སློབ་ཚན་ཀློག་འདོན་གྱི་སྐབས་སུ་གསོན་ཉམས་ལྡན་པ་དང་། མི་སྣའི་ཁྱད་ཆོས་དང་བསྟུན་ནས་སྐད་ལ་ཁྱད་ཆོས་ཡོད་པའི་སྒོ་ནས་ཀློག་འདོན་བྱེད་པ་སྟེ། དཔེར་ན་སྤྱང་ཀི་ཡིན་ན་སྐད་རོམ་པོ་དང་རྩུབ་མོ། ལུ་གུ་ཡིན་ན་སྐད་འཇམ་པོ་དང་གཉོམ་པོ། རི་བོང་ཡིན་ཚེ་སྤྱང་གྲུང་འཛོམས་པ་ལ་སོགས་པའི་སྒོ་ནས་ཀློག་ཤེས་པར་བྱས་ཡོད་པ་ནི་འཛིན་གྲྭ་སྤྱིའི་ཁྱད་ཆོས་ཤིག་ཡིན་སྙམ་ཡོད། དེའི་འཕྲོར་སློབ་མ་རེ་རེའི་ཁྱད་ཆོས་སྐྱེད་སྲིང་གི་ཐད་ནས། སློབ་མ་རང་ཉིད་གང་ལ་དགའ་ན་དེའི་ཐད་ནས་མཛུབ་སྟོན་དང་རོགས་རམ་ཅི་ནུས་བྱས་པ་ཡིན། དཔེར་ན། ཁྱིམ་བདག་ལ་ལ་ནི་རི་མོ་བྲིས་ན་ཧ་ཅང་ཡག་པས། རང་གི་བྱིས་པར་རི་མོ་འབྲི་རྒྱུའི་མཛུབ་སྟོན་བྱེད་དུ་བཅུག་པ་དང་། ལ་ལ་ནི་ཡིག་གཟུགས་ཧ་ཅང་ཡག་པོ་ཡོད་པས། དེ་དག་ལ་རང་གི་བྱིས་པར་ཡིག་གཟུགས་ཁྲིད་སྟོན་བྱེད་དུ་བཅུག་པ་ཡིན། དེ་ལྟ་ན་ཕ་མ་དང་བུ་ཕྲུག་གི་བརྩེ་བ་གཏིང་ཇེ་ཟབ་ཏུ་འགྲོ་སྲིད་པར་མ་ཟད། སློབ་མ་རང་ཉིད་ཀྱི་མི་མངོན་པའི་ནུས་པའང་འདོན་སྤེལ་གང་ལེགས་བྱེད་ཐུབ་སྙམ།
གཅོད་པ་ཚེ་རིང་། ལོ་རིམ་དམའ་ཤོས་ཀྱི་སློབ་བུ་འདི་དག་ལ་སློབ་ཁྲིད་བྱེད་དུས། མི་གཞི་གསོ་སྐྱོང་གི་ཐད་ནས་རྒན་ལགས་ཀྱིས་ཇི་ལྟར་དོ་སྣང་བྱས་པ་ཡིན།
ཀླུ་མོ་རྒྱལ། སློབ་ཆུང་ལོ་རིམ་དམའ་ཤོས་ཤིག་ལ་གནས་ལུགས་ཆེན་པོ་བཤད་ཀྱང་རྔོ་མི་ཐོགས་པས། དུས་རྒྱུན་འཚོ་བའི་ཁྲོད་དུ་རྫུན་བཤད་ན་ལྕེ་ལྐུགས་འགྲོ་ནི་རེད། རྐུ་བྱས་ན་མཛུབ་གུ་ཆད་འགྲོ་ནི་རེད། ཕ་མར་ཚིག་རྩུབ་བཤད་ན་བསོད་ནམས་ཟད་འགྲོ་ནི་རེད་ལ་སོགས་པའི་ཚིག་ཉུང་ལ། ཉེན་ཟོན་གྱི་ནུས་པ་ཡོད་པའི་སྐད་ཆ་ཐུང་ངུ་རེ་རྒྱུན་དུ་བཤད་དེ་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཆགས་པར་རྨང་འདིང་བཞིན་ཡོད་མོད། ཆེད་དུ་དེའི་ཐད་ཀྱི་ཚོགས་གཏམ་བཏང་མ་མྱོང་།
གཅོད་པ་ཚེ་རིང་། མཐར་རྒན་ལགས་ལ་སློབ་གསོ་སློབ་ཁྲིད་ཁྲོད་འཕྲད་པའི་ཐེ་ཚོམ་དང་སོམ་ཉི་འདྲ་ཡོད་དམ།
ཀླུ་མོ་རྒྱལ། གཅིག་ཏུ་སློབ་ཆུང་ལོ་རིམ་གསུམ་པའི་སྐབས་སུ་ལས་བྱ་དང་རྒྱུགས་ཡིག་ཡོད་ཚད་ལྕགས་སྨྱུག་གིས་བྲི་དགོས་པའི་ཐག་གཅོད་འདིར་ས་གནས་རང་བཞིན་གྱི་འགྱུར་བ་ཅུང་ཙམ་གཏོང་རུང་ངམ། ལོ་རིམ་གསུམ་པའི་སྐབས་སུ་ལྕགས་སྨྱུག་གིས་འབྲི་རྒྱུར་ཐོག་མའི་སྦྱོང་བ་བྱེད་ཀྱིན་ཡོད་པས། སློབ་མ་ལ་ལས་ད་དུང་ལྕགས་སྨྱུག་གིས་བྲིས་ན་ཡིག་གཟུགས་མི་ལེགས་ཤིང་ཡིག་ནོར་མང་བས་ལས་བྱ་གྲལ་དག་འབྲི་མི་ཐུབ་པ་ལ་སོགས་པའི་སྐྱོན་མང་པོ་ཡོད། དེ་བས་ཁོ་ཚོའི་ལས་བྱ་ད་དུང་ཞ་སྨྱུག་གིས་བྲི་ཆོག་རྒྱུ་ན་སློབ་མའི་ཡིག་གཟུགས་ཀྱི་རྐང་ཆགས་ཐུབ་རྒྱུ་དང་། ལས་བྱ་གྲལ་དག་འབྲི་ཐུབ་རྒྱུར་ཕན་ཐོགས་ཆེ། ལོ་རིམ་གསུམ་པ་བར་བརྒལ་གྱི་དུས་རིམ་ཞིག་ཏུ་བརྩིས་ཏེ་ཆ་རྐྱེན་མཐོན་པོ་མི་འདོན་པ་དང་། ལོ་རིམ་བཞི་པར་སླེབས་རྗེས་གཅིག་གྱུར་གྱིས་ལྕགས་སྨྱུག་གིས་བྲིས་ན་ཨེ་རུང་ངམ། གཉིས་སུ་སློབ་སྦྱོང་ལ་དཀའ་ཁག་ཅན་གྱི་སློབ་མ་དག་ལ་ཁོ་ཚོ་དང་འཚམས་པའི་ལས་བྱ་བཀོད་སྒྲིག་བྱས་རྗེས། རྩེར་སོན་སློབ་མའི་བྲི་བྱ་དག་འབྲི་མ་དགོས་ན་ལེགས་སྙམ། དེ་ལྟར་མ་ཡིན་ཚེ་དེ་དག་གི་ཁུར་པོ་ཇེ་ལྗིད་དུ་འགྲོ་ངེས། སྤྱིར་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སྟེང་། ལས་བྱའི་ཁུར་པོ་ལྗིད་ལ་སོང་ན། སློབ་སྦྱོང་ལ་སུན་སྣང་སྐྱེ་བའི་ཉེན་ཁ་ཆེ།
གཅོད་པ་ཚེ་རིང་། དེ་རིང་རྒན་ལགས་ཀྱིས་དུས་ཚོད་ཀྱི་ཁོམ་སྐབས་བཙལ་ཏེ་བདག་གི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཞུ། མཐར་ཁྱེད་ཀྱི་ལུས་པོ་བདེ་ཐང་དང་བྱ་བ་ཡར་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
ཀླུ་མོ་རྒྱལ། ཡ་ཡ། བཀྲ་ཤིས་བདེ་ལེགས།