གནད་བསྡུས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི་དུས་རབས་བཅུ་བཞི་པའི་དུས་སྨད་དུ་སྐུ་འཁྲུངས་ཤིང་། དུས་རབས་15པའི་དུས་དཀྱིལ་དུ་སྐུ་གཤེགས་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ཞིང་། སྐུ་ཚེ་ཧྲིལ་པོར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་གསུང་ཐུགས་གསུམ་གྱི་འཕྲིན་ལས་རྒྱ་ཆེར་མཛད་དེ། གྲུབ་མཐའ་བོ་དོང་བའི་ལུགས་སྲོལ་བཏོད་ཅིང་བསྟན་པ་དར་འཕེལ་དང་འགྲོ་བའི་རྒྱུད་འཆོས་པར་བཀའ་དྲིན་ཤིན་ཏུ་ཆེ། ཁོང་གིས་ཚིག་དོན་བཟང་ཞིང་རྒྱལ་བསྟན་གྱི་དོན་འདུས་པའི་གསུང་རྩོམ་པོ་ཏི་143གསར་རྩོམ་མཛད་པས་འཛམ་གླིང་ཐོག་རྩོམ་པ་མང་བའི་མཁས་པའི་གྲས་སུ་ཚུད་ཡོད། རྩོམ་འདིར་ཁོང་གིས་མཛད་པའི་གསུང་རྩོམ་གྱི་ཐུན་མིན་ཁྱད་ཆོས་དང་རིན་ཐང་སྐོར་ལ་དཔྱད་གླེང་བྱས་འདུག
གནད་ཚིག བོ་དོང་པཎ་ཆེན། གསུང་འབུམ། ཁྱད་ཆོས། རིན་ཐང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B948[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2017)01 -017-07
གླེང་གཞི།
གསུང་འབུམ་ནི་མཁས་གྲུབ་ལོ་པཎ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བཅུ་ཕྲག་རིག་གནས་ཀྱི་མ་ལག་ཆ་ཚང་ཞིང་རིན་ཐང་གཞལ་དུ་མེད་པའི་ཡིག་ཚང་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་ཡིག་ཚང་བསྟན་བཅོས་དང་རིག་གནས་བང་མཛོད་ཁྲོད་དུའང་གོ་གནས་གལ་ཆེན་ཟིན་ཡོད། རང་རེའི་མི་རིགས་ལ་མཚོན་ན་ཡི་གེ་དར་བ་ནས་བཟུང་སྔོན་བྱོན་མཁས་དབང་རྣམས་ཀྱིས་ངལ་བ་ཐམས་ཅད་ཁུར་དུ་བཞེས་ཤིང་། རྣམ་དཔྱོད་ཀྱི་སྒོ་མོ་ཡངས་པོར་ཕྱེས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ། ས་སྐྱའི་གསུང་འབུམ་སོགས་ཀྱིས་འཐུས་པའི་གསུང་འབུམ་བགྲང་གིས་མི་ལངས་པ་གསར་རྩོམ་མཛད་ཡོད་པ་དང་། གསུང་འབུམ་དེ་དག་གི་གྲངས་འབོར་དང་ནང་དོན། རྣམ་པ་སོགས་གང་ཅིའི་ཐད་ནས་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པས་བོད་ཀྱི་རིག་གནས་དར་ཞིང་རྒྱས་པ་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་བླ་ན་མེད་པ་བཞག་ཡོད། །
སྐབས་སུ་བབ་པའི་བོ་དོང་པཎ་ཆེན་གྱི་གསུང་འབུམ་གྱི་པོད་གྲངས་ལ་པར་མ་མི་འདྲ་བ་མང་པོ་ཡོད་ཁར། པར་མ་སོ་སོར་ཡང་གྲངས་ཚད་མི་འདྲ་བ་དུམ་མཆིས་ཤིང་། 2014ལོར། ཧི་མ་ལ་ཡའི་རིག་མཛོད་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་མཁས་དབང་ཁོང་གི་རྣམ་དཔྱོད་ཀྱི་རིག་པའི་རྩལ་ལས་ཐོན་པའི་གསུང་རྩོམ་མཐའ་དག་འཚོལ་སྡུད་དང་དག་སྒྲིག་བྱས་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པའི་གསུང་རྩོམ་ལ་པོད་གྲངས་བརྒྱ་དང་ཞེ་གསུམ①ཡོད་པ་དང་། འདིར་ཡང་མཁས་དབང་ཁོང་གི་པོད་གྲངས་བརྒྱ་དང་ཞེ་གསུམ་གྱི་བདག་ཉིད་ཅན་གྱི་གསུང་འབུམ་གཞིར་བྱས་ཏེ་དེའི་ཁྱད་ཆོས་སྐོར་ནས་མདོ་ཙམ་གླེང་བར་བྱའོ། །
དང་པོ། གསུང་རྩོམ་ཕོན་ཆེ་ལ་དོན་སྣ་འདུས་པ། དོན་གྱི་འདུ་ཕུ་རྒྱ་ཆེ་བའི་ཁྱད་ཆོས་དང་ལྡན་པ།
བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ཡིན་པ་དང། བསྟན་པ་ཕྱི་དར་ནས་བཟུང་དགོན་སྡེ་སློབ་གསོའི་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་གཙོས་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ། མཁྱེན་བརྩེ་ནུས་གསུམ་ལ་མངོན་པར་བྱང་བའི་རིག་གཞུང་དཔྱད་ཞིབ་ཀྱི་དཔུང་སྡེ་ངང་གིས་ཆགས་ཡོད་པ་དང་། ལྷག་པར་དུ་རིག་པའི་གནས་མཐའ་དག་ལ་ལེགས་པར་དཔྱད་པ་དང་མ་རྟོག་ལོག་རྟོག་གི་ཐེ་ཚོམ་གཅད་པར་བྱེད་པ། རྒོལ་ངན་དཔུང་ཚོགས་འཇོམས་པར་བྱེད་པའི་རིག་པ་སྟེ་ཚད་མ་རིག་པར་བརྟེན་ནས་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཡོངས་སུ་གཏམས་པའི་མཁས་པའི་དབང་པོ་རབ་དང་རིམ་པ་བྱུང་བ་དང་། བོ་དོང་པཎ་ཆེན་ཁོང་ཉིད་ཀྱང་དེ་ལས་མ་འདས་ཏེ་བཤེས་གཉེན་བསྟན་པ་ནས་སློབ་གཉེར་དཔྱིས་ཕྱིན་གནང་བ་དང་། ཚད་མའི་བརྒལ་རྟགས་ཀྱིས་རང་ཉིད་ཀྱི་ལྟ་བ་དཔྲལ་བའི་མིག་ལྟར་སྲུང་སྟེ། གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གྲྭ་སྐོར་ཐེངས་མང་གནང་བ་བརྒྱུད། རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པར་འགྲེལ་བའི་དགོངས་པ་འཁྲུངས་ཏེ་དགུང་ལོ་སུམ་ཅུའི་ཐོག་ནས་རྩོམ་པའི་སྒོ་ལ་ཞུགས་ཏེ་འཇུག་པ་སྒོ་བཞིའི་བདག་ཉིད་ཅན་གྱི་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་སོགས་གསར་རྩོམ་མཛད། །
རྣམ་ཐར་ལས། དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱས་པར་གླེགས་བམ་བརྒྱ་དང་བཅུ། འབྲིང་བ་ལ་གླེགས་བམ་ཉི་ཤུ། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་བཅུ་དྲུག་ཡོད་②ཅེས་དང་། དུང་དཀར་ཚིག་མཛོད་ལས། རྩོམ་པ་ལ་ཡང་། དེ་ཉིད་བསྡུས་པའི་རྒྱ་མཚོ་དང་། འཇུག་པའི་སྒོ་བཞི། ལེའུ་ཉི་ཁྲི་ཆིག་སྟོང་། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་པས། རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་བ་ལ་གླེགས་བམ་ཉི་ཤུ་བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་བོ་ལ་གླེགས་བམ་གཅིག་བཅས་ཁྱོན་བསྡོམས་གླེགས་བམ་བརྒྱ་དང་བཞི་བཅུ་ལྷག་གི་བཀའ་རྩོམ་གནང་③ཞེས་དང་། གཞན་ཡང་། རྣམ་ཐར་ལས། འཕགས་པའི་ཡུལ་ནས་མངོན་པར་འོངས་གྱུར་བས། ། གླང་ཆེན་བདུན་གྱིས་ཁུར་བའི་གླེགས་བམ་ཚོགས། ། སྣ་ཚོགས་རྒྱ་དཔེའི་རི་མོར་རབ་བཀྲ་བ། ། ལུང་དང་བཤད་པའི་དགའ་སྟོན་རབ་ཏུ་བསྩལ། ། ④ཞེས་དང་། ཡང་དེ་ཉིད་ལས། གཞན་ཡང་ཉིད་ཀྱི་རིན་ཆེན་སྨྱུ་གུའི་རྩེས། ། མ་བྲིས་མདོ་རྒྱུད་བསྟན་བཅོས་གང་ཞིག་ཡོད། ། དེ་ཕྱིར་ཁྱོད་ཀྱི་རྩོམ་པ་གཅིག་པུས་ཀྱང་། ། ཐུབ་བསྟན་དཀར་པོ་ཉིད་དུ་རབ་ཏུ་མཛད། །⑤ ཅེས་པ་སོགས་གསུང་རྩོམ་བགྲང་དུ་མེད་པ་གསར་རྩོམ་མཛད་པ་ལས་པོད་གྲངས་ལ་ཁ་གསལ་ཞིག་བརྗོད་མེད་པ་དང་། གང་ལྟར་ད་ལྟ་དངོས་སུ་དཔར་སྐྲུན་མཛད་ཡོད་པའི་གསུང་རྩོམ་ལ་པོད་གྲངས་143ཡོད་པས། “འདི་དག་ནི་གཞན་གྱིས་རྩོམ་པར་ལྟ་ཅི། ཚར་གཅིག་ཀློག་པར་བྱེད་པ་ལའང་དཀའ་བ་བརྒྱ་ཕྲག་འཛིན་པར་བྱེད་དོ། །”⑥ཅེས་གསུངས་པ་ནང་བཞིན། ཉིད་ཀྱི་གསུང་རྩོམ་ནི་ཕོན་ཆེ་ལ་གནད་གསལ་བ། དོན་ཟབ་ཅིང་རྒྱ་ཆེ་བ་དང་། གསུང་རྩོམ་དེ་དག་རྩོམ་པའི་ཚུལ་ལ་ཡང་“ཡི་གེ་བ་ཉི་ཤུ་ལ་རང་རང་གི་གནས་མི་འཆོལ་བར་ཆུ་བོ་ཆེན་པོ་དལ་གྱིས་འབབ་པ་བཞིན་དུ་ཀུན་ཏུ་རྩོམ་པར་མཛད་”⑦ཅེས་པ་སོགས་ཚུལ་འདི་ནི་ཤིན་ཏུ་ནས་ངོ་མཚར་བའི་གནས་སོ། །
མཁས་དབང་ཁོང་གིས་མཛད་པའི་འཇུག་པའི་སྒོ་བཞི་ནི་ཐོག་མར་སློབ་གཉེར་བའི་གཟུགས་ཕུང་གི་ཆ་རྐྱེན་ནས་མཐའ་མར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་བར་གྱི་ཕྱི་ནང་གི་ཆ་རྐྱེན་དང་སྤྱོད་ལམ། བསམ་པ། བསྟན་པ་སློབ་གཉེར་གྱི་ལམ་གྱི་རིམ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཁ་གསལ་གོ་བདེར་གསུངས་ཡོད་པར་མ་ཟད། འཇིག་རྟེན་མི་ཆོས་ནས་དམ་པའི་ལྷ་ཆོས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་པའི་རླབས་ཆེན་གྱི་བསམ་བློ་ཕྱོགས་གཅིག་ཏུ་སྒྲིལ་ནས་བསྟན་པའི་གཞི་རྩ་བྱམས་སྙིང་རྗེའི་སྒོ་ནས་འགྲོ་དོན་མཛད་དགོས་པ། ཐབས་ཤེས་ཟུང་འཇུག་པ་དང་བླ་མེད་མཆོག་གྱུར། འཇིག་རྟེན་ཕལ་པའི་ལུགས་སོགས་ཕན་ཚུན་འགལ་མེད་དུ་གནས་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་བསམ་བློ་མངོན་པར་མཚོན། འཇུག་པ་སྒོ་བཞི་ལས་མཁས་དབང་ཁོང་ཉིད་དབུ་ཕར་མཛོད་འདུལ་སོགས་མདོ་སྔགས་རིག་གནས་མཐའ་དག་ཐུགས་སུ་ཆུད་ཀྱང་མངའ་བརྙེས་པ་ཕུད་བསྟན་པ་འཛིན་སྐྱོང་གི་དོན་ལ་དཔྱོད་པའི་ཤེས་རབ་དང་ལྡན་པ་ཞིག་ཡིན་པའང་གསུང་འབུམ་གྱི་ཐོག་མཐའ་བར་གསུམ་ཅི་རིགས་ནས་ངང་གིས་མཚོན་ནུས་སོ། །
གཉིས་པ། དོན་གྱི་གནད་ཐོན་ཞིང་ཆོས་རྒྱུད་གྲུབ་མཐའ་ཁག་གི་རིས་སུ་མ་ཆད་པ།
རིག་གནས་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་བྱུང་བའི་མི་རིགས་ཤིག་གི་བསམ་བློའི་ཉིང་བཅུད་ཡིན་པ་དང་། རིག་གནས་ཀྱི་འཕེལ་རིམ་དང་རྒྱུས་ལོན་བརྒྱུད་དེ་མི་རིགས་གང་དེའི་འདས་སོང་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ངོ་བོ། རིག་གནས་ཀྱི་ཁྱད་ཆོས། བསམ་བློའི་འཕེལ་ཕྱོགས་ཀྱང་མངོན་པར་མཚོན་ནུས། དེ་བས་རིག་གནས་ལས་མི་རིགས་གང་དེའི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་སོགས་མ་འདུས་པ་གཅིག་ཀྱང་མེད་དོ། །
བོ་དོང་པཎ་ཆེན་གྱི་རྣམ་ཐར་ལས་རྟོགས་ཐུབ་པ་ནི་ཁོང་གིས་ཕྱི་ནང་གི་གྲུབ་མཐའ་སོ་སོའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྟ་དགོངས་སོགས་མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་ཚིག་དོན་མ་ལུས་པ་རིག་པས་དཔྱད་ཅིང་གཏན་ལ་ཕབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་དགེ་བཤེས་དང་ལོ་པཎ་སོགས་མང་དུ་བསྟེན་ཏེ་འཇུག་སྒོ་སོ་ཐར་ནས་བྱང་སེམས། གསང་སྔགས་བཅས་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་པར་ཕྱུག་ཅིང་། ཤེས་རབ་གསུམ་ལ་མངའ་བརྙེས་པ་སོགས་སྔ་ཕྱིར་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་མོ་དང་ནཱ་རོ་ཆོས་དྲུག ས་སྐྱའི་ལམ་འབྲས་སོགས་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལམ་གྱི་རིམ་པར་ཞུགས་ཏེ་སྦྱང་པ་དཔྱིས་ཕྱིན་མཛད་པ་དང་། རྩེད་ཐང་དང་གསང་ཕུ་ནེའུ་ཐོག་དགོན། བདེ་བ་ཅན་སོགས་ཆོས་གྲྭ་ཆེན་མོར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ས་སྟེང་ཡོངས་ལ་ཁྱབ། “ལྷག་པར་དུ་གསང་ཕུ་ནེའུ་ཐོག་པའི་མཁན་པོ་གངས་རིའི་ཁྲོད་ཀྱི་གཡག་སྡེ་མི་ཕམ་མགོན་པོ་དང་། རོང་སྟོན་ཤེས་བྱ་ཀུན་ཁྱབ་མཁས་པའི་མཆོག་གཉིས་ཀྱིས་ཀྱང་རྗེ་དང་མདོ་སྔགས་རིགས་ལམ་གང་གི་ཐད་ལ་བགྲོ་གླེང་མཛད་ཀྱང་འགྲན་པར་མ་བཟོད་པས་ཁེངས་པས་སྙེམས་པ་ཡོངས་སུ་བཏང་”⑧ཞེས་མཁས་པའི་གྲགས་པར་གཞན་གྱིས་དོ་ཟླར་མི་ནུས་པ་བྱས་པ་དང་། རྒོལ་ངན་འཇོམས་པར་བྱེད་པའི་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ལས་ཆོས་རྗེ་ས་པཎ་ལགས་ཀྱིས་མཛད་པའི་《ཚད་མ་རིགས་གཏེར་》ཞེས་བྱ་བའི་བསྟན་བཅོས་ལ་དོགས་སློང་དང་སུན་འབྱིན་བྱས་པ་དང་། ངམ་རིང་ཆོས་སྡེ་ཡི་རྩོད་ཡིག་ལ་རྒྱས་བཏབ་པར་ས་སྐྱའི་པཎ་ཆེན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཐོང་བ་ན་ཞལ་སྔ་ནས་ཨ་ལ་ལ་དུས་དེང་སང་བདེན་པ་གཉིས་ལ་རྣམ་གཞག་རྒྱ་ཆེ་ལ་དོན་གསལ་བ་ཡོངས་སུ་རྫོགས་པ་འདི་ལྟ་བུ་ཁོ་མིན་པ་སུ་ཞིག་གིས་ཤེས་པར་ནུས་ངོ་མཚར་ཆེ་རྗེས་སུ་ཡི་རངས⑨ ཞེས་བསྔགས་པ་ཆེ་ཆེར་མཛད་པ་སོགས་རྩོད་པའི་ཁྲི་ལས་རྣམ་པར་རྒྱལ་ཏེ་ཐེངས་དང་པོར་དཀའ་བཅུ་བའི་མཚན་སྙན་བཞེས་པ་སོགས་གྲུབ་མཐའི་རིས་སུ་མ་ཆད་པར་རིགས་ལམ་ཕྲ་མོའི་རྣམ་དཔྱོད་ལ་བརྟེན་ནས་མཁས་པའི་བྱ་བ་རྣམ་གསུམ་སྟེ་འཆད་རྩོད་རྩོམ་གསུམ་གྱིས་རིག་གཞུང་ཞིབ་འཇུག་གི་རྒྱུན་ལེགས་པར་བསྐྱངས་ཤིང་། ཆོས་དང་རིགས་པའི་སྒོ་ནས་རྒོལ་ངན་དཔུང་ཚོགས་ཚར་བཅད་དེ་ལེགས་པའི་ལམ་ལ་བཀོད་པའོ། །
བོ་དོང་པཎ་ཆེན་འཚོ་བཞུགས་གནང་བའི་དུས་སྐབས་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་མཛད་དེ་འཕེལ་ཞིང་རྒྱས་བཞིན་པའི་དུས་ཡིན་པས། བོད་ཀྱི་སྤྱི་ཚོགས་ནི་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྣམ་པར་ཆགས་ཡོད་ལ། རྣམ་པ་འདིས་སྐབས་དེའི་ནང་བསྟན་རིག་གནས་སློབ་གཉེར་བྱེད་པའི་བོ་དོང་པཎ་ཆེན་སོགས་ཀྱིས་མཚོན་པའི་མཁས་པ་གཞན་དག་ལ་ཆོས་རྒྱུད་གྲུབ་མཐའ་སོ་སོའི་གསུང་རབ་དགོངས་འགྲེལ་ལ་རིས་སུ་མ་ཆད་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུད་འཛིན་བྱེད་པར་སྐུལ་མ་གནང་བ་དང་། དེ་ཡང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དེ་ནས་རང་རྒྱུད་སྨྲ་བའི་འཕགས་ཡུལ་གྱི། ། པཎ་ཆེན་དུ་ཞེས་ཕྱོགས་གཉིས་རྩོད་པ་ན། ། ཀུན་ཏུ་རིག་པས་ལྔ་ཙམ་བགྲང་བར་མཛད། ། ཐམས་ཅད་མཁྱེན་པས་སློབ་དཔོན་བཅུ་ཕྲག་གཉིས། ། ལྔ་བཅས་དེ་དག་རྣམས་ཀྱི་ལུགས་བཟང་ནི། ། གཞི་ལམ་འབྲས་བཅས་དེ་དག་སོ་སོར་ཡང་། ། གསལ་ལ་མ་འདྲེས་རྫོགས་པར་རབ་ཕྱེ་ནས། ། ལེགས་པར་བཤད་པའི་གསུང་རབ་མ་ལུས་པ། ། ཐམས་ཅད་ཁྱོད་ཀྱི་ཞལ་ལས་རྒྱུ་བ་ཉིད། །⑩ ཅེས་བོ་དོང་པཎ་ཆེན་ནི་འཕགས་ཡུལ་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་སོགས་ལའང་མངོན་པར་བྱང་བ་དང་། གཞན་ཡང་མཁས་པ་དང་གྲུབ་པར་གྲགས་པ་དག་གིས་མཛད་པའི་རྒྱུད་སྡེའི་རྒྱུད་འཛིན་ཐད་ལ་མི་གསལ་བ་དང་། མི་ཚང་བ། སྔ་ཕྱི་འཁྲུགས་པ། བསྟན་བཅོས་བསྐྱར་ཟློས་དང་མ་ལག་ཆ་མི་ཚང་བ་སོགས་ཀྱི་སྐྱོན་ཤིན་ཏུ་མང་བས། མཁས་དབང་ཁོང་ཉིད་ནས་དེ་དག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བར་དགོངས་པ་སོགས་ཕྱི་ནང་གི་རྐྱེན་དུ་མས་གངས་ཅན་ཡུལ་དུ་གནས་པའི་མདོ་རྒྱུད་བསྟན་བཅོས་ཀུན་ལ་དགོངས་འགྲེལ་བརྩམས་པ་དང་མ་དག་པའི་གཞུད་རྣམས་དག་པར་བཅོས་པའང་བགྲང་གིས་མི་ལངས་པའི་ལེགས་ཆོགས་གཏམ་གྱིས་ནོར་བུ་རིན་པོ་ཆེ་གྲངས་མེད་ཁ་བ་ཅན་འདིར་བྱོན་པར་གྱུར། །
མདོར་ན། རྣམ་ཐར་ངོ་མཚར་རྒྱ་མཚོ་ལས། བདག་ཉིད་ཆེན་པོ་འདིས་རྣམ་བཤད་མ་མཛད་པའི་གཞུང་དག་ནི། ས་ཆེན་པོ་འདི་ན་མེད་དོ་⑾ཞེས་གསུང་བ་ནང་བཞིན་བསྟན་པ་དང་སེམས་ཅན་ལ་ཕན་ཞིང་། ཕྱོགས་དང་རིས་ཀྱི་མཐའ་ལ་མི་ གནས་པའི་གསུང་རྩོམ་པོད་གྲངས་བརྒྱ་ཕྲག་གསར་རྩོམ་མཛད་པ་ནི་འཛམ་བུ་གླིང་སྤྱི་དང་བྱེ་བྲག་བོད་ཀྱི་ལོ་རྒྱུས་སྟེང་སྔོན་ཆད་བྱུང་མ་མྱོང་ལ་ཕྱིས་སུ་ཡང་འབྱུང་མི་འགྱུར་བའི་ལོ་རྒྱུས་ཟླ་མེད་པ་ཞིག་ཡིན་ནོ། །
གསུམ་པ། ཚིག་སྦྱོར་བབ་ཆགས་ཤིང་སྲོལ་རྒྱུན་གྱི་རྩོམ་གཤིས་མངོན་པར་གསལ་བ། བརྗོད་བདེ་ལ་འཛིན་སླ་བ།
བོ་དོང་པཎ་ཆེན་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་གཞུང་ལུགས་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་ཡིན་ལ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས། རིགས་ལམ་རྣམ་པར་དཔྱོད་པའི་རྣམ་དཔྱོད་དང་། ། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། ། ཞེས་གསུངས་པ་ལྟར། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་མཁས་པའི་བྱ་བ་དང་འབྲེལ་ཏེ་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་མདོ་རྒྱུད་བསྟན་བཅོས་གླང་པོ་ཆེ་བདུན་གྱི་ཁལ་བཀང་བ་མཛད་པ་དང་། རྩོད་པའི་ཁྲི་ལས་རྣམ་པར་རྒྱལ་བ་སོགས་སྔོན་དུ་སོང་བ་བཞིན་དེ་དེ་བཞིན་ནོ། ། ཆོས་འཆད་པའི་ཚུལ་ལ་ཡང་རྣམ་པར་ངོ་མཚར་རྒྱ་མཚོ་ལས། དེའང་གདུལ་བ་རང་རང་གི་བློ་དང་འཚམ་པར་ཆོས་སྟོན་པ་ཡིན་ཏེ། ཤེས་རབ་ཆེ་བ་རྣམས་ལ་ནི། ཚིག་བརླིང་ཞིང་འགྲེལ་ཆགས་པ་དང་། དོན་ཟབ་ཅིང་རྒྱ་ཆེ་བ་དང་། དབང་པོ་རྟུལ་ཤིང་བློ་ཆུང་བ་རྣམས་ལ་ནི་ཚིག་གཟུངས་སླ་ཞིང་གོ་བདེ་བ་དང་། དོན་རྟོགས་སླ་ཞིང་རྣ་བར་སྙན་པར་མཛད་ཅིང་། ངལ་བ་དང་དུལ་བ་རྣམས་སྤངས་ཏེ་གསུངས་པ་ཡིན་ནོ⑿ཞེས་མཁས་པའི་བྱ་བ་རྣམ་གསུམ་དང་བཅས་བོད་ཀྱི་རིག་གནས་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་བླ་ན་མེད་པ་བཞག་གོ །
དམ་པ་ཁོང་གིས་སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་དྲན་ནས་མཛད་པའི་རྒྱ་མཚོའི་སྤྲིན་ཕུང་ཞེས་བྱ་བ་དང་། འཇམ་དབྱངས་ཀྱི་བསྟོད་པ། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད། གཞན་ལྷ་མོ་དབྱངས་ཅན་མ་དང་འཕགས་མོ་དཀར་མོ་སོགས་ཀྱི་བསྙེན་སྒྲུབ་མཛད་དེ་ལྷ་མོ་དབྱངས་ཅན་མའི་ཞལ་དངོས་སུ་གཟིགས་པ་དང་། ལྷ་མོའི་བྱིན་རླབས་ཀྱིས་ཆོས་ཀྱི་རྣམ་གྲངས་དུ་མའི་ལུང་མཐའ་དག་བསྩལ་ཞིང་། དེ་མུར་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུ་དབྱངས་ཞེས་པ་སོགས་བསྟོད་པའི་སྙན་རྩོམ་ཇི་སྙེད་ཅིག་མཛད། “ཚུལ་དེ་ཉིད་ནས་བསྟན་བཅོས་མཛད་པ་དག་གི་ཞབས་སུ། དབྱངས་ཅན་དགའ་བའི་པཎྚིཏས་སྦྱར་ཞེས་པའི་མཚན་ཡང་བྲི་བར་མཛད་དོ། །”⒀ཅེས་ལྷ་མོ་དབྱངས་ཅན་མའི་བྱིན་རླབས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་ཐོགས་པ་མེད་པའི་ཐུན་མིན་གྱི་སྤོབས་པ་བསྐྱེད་པ་དང་། ཁོང་གིས་མཛད་པའི་བསྟོད་པ་དེ་དག་ “དད་པས་ཁ་བཏོན་བྱེད་ན་འཕྲལ་དུ་ཤེས་རབ་སྐྱེ་བར་སྐལ་བ་དང་ལྡན་པ་དག་གིས་ཉམས་སུ་མྱོང་བ་ཡིན་ནོ། །”ཞེས་གསུངས་པ་བཞིན། མཁས་དབང་ཁོང་གི་གསུང་རྩོམ་དག་ནི་དོན་ཟབ་ཅིང་རྒྱ་ཆེ་བ། བརྗོད་བདེ་ལ་འཛིན་སླ་བ་སོགས་རྩོམ་པའི་ཡོན་ཏན་མ་ལུས་ཕྱོགས་གཅིག་ཏུ་བསྡུས་པ་དང་། བོད་ཀྱི་བཅུ་ཕྲག་རིག་གནས་ལྷུ་ལག་ཆ་ཚང་བའི་རིན་ཐང་གཞལ་དུ་མེད་པའི་བསམ་པའི་ལོངས་སྤྱོད་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཤ་སྟག་གོ །
མདོར་ན། བོ་དོང་པཎ་ཆེན་གྱི་གསུང་འབུམ་གྱི་སྤྱིའི་སྒྲིག་གཞི་དང་ནང་དོན་བཀོད་སྒྲིག་ལ་སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླངས། སྦལ་བས་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བྱེད་པ་ཞེས་གསུངས་པ་ལྟར་ཁྱད་ཆོས་དུ་མས་མངོན་པར་གཏམས་ཤིང་། མཁས་དབང་ཁོང་གི་གསུང་འབུམ་པར་བསྐྲུན་བྱས་པ་ནི་ཤེས་བྱའི་གནས་ལ་ཕྱོགས་པའི་དོན་གཉེར་ཅན་དག་གིས་སྦྱངས་བརྩོན་དང་། རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་ཁུངས་འཚོལ་ས་དང་ཕུགས་བཅོལ་སོགས་ལ་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཟབ་མོ་ནང་དོན་རིག་པར་འཇུག་པའི་སྐལ་ལྡན་རྣམས་ཀྱིས་སྦྱང་བརྩོན་གྱི་ངལ་བ་ཁྱད་དུ་བསད་དེ་སློབ་གཉེར་དང་ཞིབ་འཇུག ཉམས་ལེན་དང་ལག་བསྟར་ཕྱིན་ཅི་མ་ལོག་པ་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བའོ། །
མཆན་འགྲེལ།
① བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་གྲངས་ཐད་ལ་བཞེད་ཚུལ་མི་འདྲ་བ་འགའ་ཡོད་དེ། དུང་དཀར་ཚིག་མཛོད་ལས། དེ་ཉིད་བསྡུས་པའི་རྒྱ་མཚོ་དང་འཇུག་པའི་སྒོ་བཞི། ལེའུ་ཉི་ཁྲི་ཆིག་སྟོང། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་པས། རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་བ་ལ་གླེགས་བམ་ཉི་ཤུ། བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་བོ་ལ་གླེགས་བམ་གཅིག་བཅས་ཁྱོན་བསྡོམས་གླེགས་བམ་བརྒྱ་དང་བཞི་བཅུ་ལྷག་གི་བཀའ་རྩོམ་གནང་ཞེས་དང་། དམངས་ཁྲོད་ཀྱི་བཤད་སྲོལ་ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་ལ་པོད་གྲངས་བརྒྱ་དང་གྱ་དགུ་ཡོད་པའི་བཤད་ཚུལ་ཞིག་དང་། ད་ལྟ་དངོས་སུ་ཡོད་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་ལག་བྲིས་མར་པོད་གྲངས་བརྒྱ་དང་སོ་བརྒྱད་ཡོད། ཡིན་ཡང་འདི་དག་གི་གྲས་སུ་བོ་དོང་གི་རྣམ་ཐར་ངོ་མཚར་དགའ་སྟོན་དུ་བཀོད་པའི་བརྩམས་ཆོས་འགའ་ཞིག་ད་དུང་ཚུད་མེད་པར་སྣང་། གསུང་རྩོམ་དེ་དག་སྔ་ཕྱིར་ཐེངས་བདུན་ལ་དཔར་དུ་བཏབ་ཚུལ་སོགས་གསུང་འབུམ་ལྕགས་པར་མའི་པོད་གྲངས་94ཤོག་གྲངས་16དང་19ན་གསལ།
②④⑤⑥⑦ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོ་དོང་པཎ་ཆེན་གྱི་རྣམ་ཐར། [G] བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1991ལོར། ཤ229 ཤ223 ཤ232 ཤ228 ཤ225
③ དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤ1405
⑧ ཆབ་སྤེལ་ཚེབརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོ་དོང་པཎ་ཆེན་གྱི་རྣམ་ཐར། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 199]1ལོར། ཤ8 ཤ192 ཤ205
⑨ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོ་དོང་པཎ་ཆེན་གྱི་རྣམ་ཐར། [ G] བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1991ལོར། ཤ192 ཤ205
⑩ ཀུ་སུ་ལུ་པ་མི་བསྐྱོད་རྡོ་རྗེ། བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ། བོ་དོང་པཎ་ཆེན་གྱི་གསུང་འབུམ་བཞུགས་སོ། ། [ M]མི་རིགས་དཔེ་སྐྲུན་ཁང། 2014ལོ། ཤ52l
⑾ ཀུ་སུ་ལུ་པ་མི་བསྐྱོད་རྡོ་རྗེ། བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ། བོ་དོང་པཎ་ཆེན་གྱི་གསུང་འབུམ་བཞུགས་སོ། ། [ M]མི་རིགས་དཔེ་སྐྲུན་ཁང། 2014ལོ། ཤ448
⑿⒀ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོ་དོང་པཎ་ཆེན་གྱི་རྣམ་ཐར། [ G]བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤ50 ཤ51
བན་གོ བུ། བོད་རིགས། ཕ་ཡུལ་མཚོ་སྔོན་ཁྲི་ཀ། ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ། མིའི་རིགས་རིག་པ་ཆེད་ལས་ཀྱི་འབུམ་རམས་སློབ་མའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་རྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས། བོད་བརྒྱུད་ཚད་མ་རིག་པ། ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི་2011ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གལ་ཆེའི་ཐེབས་རྩའི་རྣམ་གྲངས《ལོ་བརྒྱའི་ཀྲུང་གོའི་ཚད་མ་རིག་པ་ཞིབ་འཇུག》(ཆོག་མཆན་ཨང་རྟགས།2&ZD110)ཅེས་བྱ་བའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི《བོད་བརྒྱུད་ཚད་མ་རིག་པའི་རྒྱུན་འཛིན་དང་ལག་ལེན་ཞིབ་འཇུག་ཚོགས་པའི་འཛུགས་སྐྲུན་འཆར་གཞི》(ཆོག་མཆན་ཨང་རྟགས14CXTD02)ཞེས་བྱ་བའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན།
མ་ཡིག་འབྱོར་དུས། 2016-12-06