ཆར་ཤུལ་གྱི་སྨྱུག་རྩ་བཞིན་རྒྱས་པའི་བོད་ཀྱི་ལག་ཤེས་ཐོན་རྫས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-13



           རིག་གནས་ནི་མི་རྣམས་ཀྱིས་འཚོ་བའི་ཁྲོད་དུ་ཡུན་རིང་གསར་གཏོད་དང་འཕེལ་རྒྱས་བཏང་བ་ལས་གྲུབ་པའི་གོམས་གཤིས་དང་། སྒྱུ་རྩལ། བསམ་བློའི་འདུ་ཤེས་སོགས་ཀྱི་ཕུང་པོ་ཞིག་ཡིན་ཞིང་། ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་དང་བསྟུན་ནས་མི་རབས་ནས་མི་རབས་ཀྱི་རྒྱུན་འཛིན་དང་དར་སྤེལ་བརྒྱུད། མི་རིགས་ཤིག་གི་ཅུང་གཏན་འཇགས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་ལ། དེ་ལས་མི་རིགས་ཤིག་གི་ཡར་སྔོན་གྱི་འཚོ་བའི་རྣམ་པ་དང་གོམས་གཤིས་སོགས་ལ་ཕྱིར་རྟོགས་ཐུབ་པ་མ་ཟད། དུས་རབས་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་ཆུང་ས་ནས་ས་ཕྱོགས་ཤིག་གི་འཕེལ་རྒྱས་དང་ཆེ་ས་ནས་རྒྱལ་ཁབ་ཀྱི་དར་རྒྱས་མངོན་བཞིན་མཆིས།



           ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་། མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་སྟེ་སྲོལ་རྒྱུན་གྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་བས། རང་རྒྱལ་གྱི་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་མང་པོ་གོང་ནས་གོང་དུ་འཕེལ་བ་མ་ཟད། རིག་གནས་ཐོན་རྫས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་རིམ་བཞིན་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་ཕན་པ་ཆེན་པོ་སྐྲུན་བཞིན་ཡོད།



           ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་རིང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་ཀྱི་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་ཞིང་། གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་པར་མངོན་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི“རིག་གནས་གསར་གཏོད་ཀྱི་བོད་ལྗོངས། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འདུ་ར”ཞེས་པའི་བོད་ལྗོངས་ཐང་གའི་སྒྱུལ་རྩལ་འགྲེམས་སྟོན་དང་། བོད་ལྗོངས་འབུར་བརྙན་སྒྱུ་རྩལ་འགྲེམས་ཚོགས། བོད་རུམ་ཐོན་ལས་ཉོ་ཚོང་འགྲེམས་ཚོགས་བཅས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་ཞིང་། བོད་ཀྱི་ས་གནས་ཁག་གི་རིག་གནས་ཐོན་ལས་ཀུང་སི་མང་པོ་ཞིག་སྐབས་འདིའི་འགྲེམས་ཚོགས་ལ་ཞུགས་ནས། ཡུལ་དངོས་སུ་བོད་ཀྱི་ཁ་གདན་དང་། ཕོར་པ། སྐུ་བརྙན། ཐང་ག་སོགས་ལག་ཤེས་ཐོན་རྫས་མང་པོ་བཤམས་པས། གྲོང་མི་དང་ཡུལ་སྐོར་བ་མང་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད།



           བོད་རུམ་འགྲེམས་ཁང་དུ་ལྟ་ན་སྡུག་པའི་ཁ་གདན་དང་། ས་གདན། བོད་རུམ། བཙུགས་ཕྲུག་སོགས་མང་པོ་བཤམས་ཡོད་ཅིང་། བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིའི་ལས་མི་བསྟན་འཛིན་གྱིས་ཡུལ་དངོས་སུ་གྲོང་མི་དང་ཡུལ་སྐོར་བར་ཐོན་རྫས་བཟོ་བའི་བརྒྱུད་རིམ་དང་། ཁྱད་ཆོས། དེ་བཞིན་རིན་གོང་སོགས་ངང་རྒྱུད་རིང་པོས་ངོ་སྤྲོད་བྱེད་བཞིན་མཆིས། ཁོང་གིས་གསར་འགོད་པར། ཐེངས་འདིར་འགྲེམས་ཚོགས་སུ་བཤམས་པའི་བལ་གྱི་ཐོན་རྫས་ཕལ་ཆེ་བ་ནི་ལག་འཐག་ཡིན་ཞིང་། ཚོན་གྱི་ཆ་ནས་ཤིང་ཚོན་དང་རྡོ་ཚོན་གཉིས་ཀ་བཏང་བས། ཚགས་དམ་པ་མ་ཟད། ཚོན་མདོག་ཀྱང་ཧ་ཅང་མཛེས་པོ་ཡོད། ད་ལྟ་ངེད་ཀུང་སིར་ལས་མི་40ལྷག་ཙམ་ཡོད་ལ། ང་རང་ཡང་ཀུང་སི་འདིར་ཡོང་ནས་ཐགས་ལས་སྦྱངས་ཏེ་ལོ་6ལྷག་ཙམ་ཕྱིན་སོང་། ཀུང་སིར་སླེབས་རྗེས་ལག་རྩལ་སྣ་གཅིག་བྱང་ཆུབ་པར་སྦྱངས་པས། ཡོང་འབབ་མང་པོ་གསོག་ཐུབ་སོང་ཞེས་བཤད་བྱུང་།



           བོད་ལྗོངས་རྒྱལ་རྩེ་ས་གདན་བཟོ་གྲྭའི་ལས་མིའང་ཐེངས་འདིའི་འགྲེམས་ཚོགས་ལ་ཞུགས་ཡོད་པ་དང་། ཁོ་ཚོས་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་གྱི་ཐོན་རྫས་མང་པོ་བཤམས་ཡོད། བཟོ་གྲྭ་དེ་ནི་1973ལོར་ཐོག་མར་བཙུགས་པ་དང་། སྔ་ཕྱིར་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་བྱ་དགའ་ཡང་མང་པོ་འཐོབ་མྱོང་། 2006ལོར་བོད་ལྗོངས་རྒྱལ་རྩེ་ས་གདན་བཟོ་གྲྭ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྟེན་གཞིར་བདམས་པ་དང་། 2011ལོར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་གསོ་སྐྱོང་རྟེན་གཞི་གཉིས་ཀྱི་གྲས་སུ་བདམས་པ་རེད། ཀུང་སིའི་ལས་མི་ལྷག་ཕུན་གྱིས། ངེད་བཟོ་གྲྭའི་ཐོན་རྫས་ཚང་མ་ལག་འཐག་རེད། ས་གདན་གྱི་ཚོན་རིས་ལྟ་ན་སྡུག་པ་དང་དུས་ཚོད་རིང་པོ་སོང་ཡང་ཚོན་མདོག་འགྱུར་མི་སྲིད། དེས་མ་ཟད་རྒྱུ་སྤུས་ཀྱང་ཧ་ཅང་བཟང་ལ་འབུའང་རྒྱག་མི་སྲིད་པས། འཛད་སྤྱོད་པས་བློ་བདེ་པོས་ཉོ་ཆོག་ཅེས་ངོ་སྤྲོད་བྱས། ཁོང་གིས་ད་དུང་ས་གདན་བཟོ་གྲྭ་བཙུགས་པ་ནས་ས་ཆ་དེ་གའི་མང་ཚོགས་མང་པོ་ལས་མིར་བསྡུས་པ་དང་། མཛུབ་སྟོན་དང་གསོ་སྦྱོང་གང་མང་བྱས་པ་བརྒྱུད། ས་གནས་ཀྱི་བཟོ་རྩལ་རྒྱུན་འཛིན་དར་སྤེལ་བཏང་བ་མ་ཟད། ཡུལ་དེའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལའང་སྣེ་ཁྲིད་ལེགས་པོ་ཐུབ་ཡོད་ཅེས་བརྗོད།



           ཐེངས་འདིའི་འགྲེམས་ཚོགས་ཚེས་25ནས་འགོ་བཙུགས་ཏེ་ཚེས་30བར་དུ་གཉེར་ཡོད་ཅིང་། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ལ་ལྟ་ཞོར་རང་ཉིད་ལ་མཁོ་བའི་ཅ་དངོས་ཉོ་སྒྲུབ་བྱས་ཡོད་པ་རེད།





(པར་ངོས་འདིའི་པར་རིས་ཆ་ཚང“རིག་གནས་གསར་གཏོད་ཀྱི་བོད་ལྗོངས། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འདུ་ར”ཞེས་པའི་བོད་ལྗོངས་ཐང་གའི་སྒྱུལ་རྩལ་འགྲེམས་སྟོན་དང་། བོད་ལྗོངས་འབུར་བརྙན་སྒྱུ་རྩལ་འགྲེམས་ཚོགས། བོད་རུམ་ཐོན་ལས་ཉོ་ཚོང་འགྲེམས་ཚོགས་ཀྱི་ཟུར་ཙམ་ཡིན་པ། པར་མཁོ་འདོན་བྱེད་མཁན། བསོད་ནམས་ཚེ་རིང)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1