༄༅།། སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པའི་གཞུང་དང་ཏ་ཟིག་གསོ་རིག་གི་ལྟ་བ་འགའི་དཔྱད་བསྡུར།

རིན་ཆེན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-13



 རིན་ཆེན་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བོད་བཙན་པའི་སྐབས་བྱུང་བར་གྲགས་པའི་གསོ་བ་རིག་པའི་གཞུང་རྙིང་གྲགས་ཅན་སོ་མ་རཱ་ཛའམ་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པའི་གཞུང་དང་ཏ་ཟིག་གསོ་རིག་གི་ལྟ་བ་འགར་གནའ་དེང་གསོ་རིག་གི་ཡིག་ཆ་ཁུངས་བཙན་དག་ལ་གཞི་བཅོལ་ནས་དཔྱད་བསྡུར་བྱས་ཐོག གཞུང་འདིའི་ནང་དུ་རིགས་པའི་གཞུང་ལུགས་དང་། སྨན་མིང་དང་སྨན་སྦྱོར། རྨ་རིགས་ཆག་བཅིང་བཅས་གནད་དོན་ཁག་ལ་དམིགས་སུ་བཙུགས་ནས་གནའ་རབས་ཏ་ཟིག་གསོ་རིག་གི་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་ཚུལ་ལུང་རིགས་ཚད་མ་གསུམ་གྱིས་དཔྱད་འཇུག་བྱས་ཡོད་པ་དང་།   ཆབས་ཅིག་བོད་ཀྱི་གསོ་རིག་གིས་ཏ་ཟིག་གསོ་རིག་ལའང་ཤན་ཤུགས་ཅི་རིགས་བྱུང་ཡོད་ཚུལ་བཅས་ལ་རང་ཚུགས་ཀྱི་ལྟ་བ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] ཟླ་རྒྱལ། ཏ་ཟིག་གསོ་རིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)01 -0171 -21 
             ཡོངས་གྲགས་ལྟར་ན།  སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ཞེས་པའི་གཞུང་དེ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བྱུང་བའི་བོད་གྱི་གསོ་བ་རིག་པའི་གཞུང་རྙིང་གྲགས་ཅན་ཞིག་ཡིན་པར་ཀུན་གྱིས་ཁས་འཆེས་མོད།  གཞུང་འདི་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་།  གཞུང་ལུགས་ཀྱི་མ་ལག  འཕེལ་རྒྱས་ཀྱི་བརྒྱུད་རིམ།  གཞུང་གི་བརྗོད་དོན།  སྤྱི་ཚོགས་ཀྱི་རྒྱབ་ལྗོངས།  ཤེས་རིག་གི་འཕེལ་འགྱུར་བཅས་ལ་གཞིགས་ན་དུས་རབས་བརྒྱད་པའི་སྐབས་རྒྱ་ནག་གི་གསོ་རིག་བསྟན་བཅོས་ཤིག་ལ་དཔེ་ཞུས་ཏེ་བོད་ཡིག་ཏུ་བསྒྱུར་ཚུལ་དང་།  ཡང་ན་མཁས་པ་ཆེ་གེ་མོས་དུས་སྐབས་དེར་སྟན་ཐོགས་གཅིག་ལས་ཅིག་ཅར་དུ་བྱུང་བར་འདོད་པའི་གཏན་ཚིགས་དེ་ལ་མུ་མཐུད་ནས་ཞིབ་འཇུག་གནང་དགོས་ངེས་སུ་མཆིས་པས།   ད་རེས་འདིར་ཟླ་རྒྱལ་གྱི་གཞུང་དུ་གནའ་རབས་ཏ་ཟིག་གསོ་རིག་གི་གཞུང་ལུགས་ཁག་དང་འབྲེལ་ཆེ་བའི་གནད་དོན་ཁ་ཤས་ལ་ཆེད་དུ་དམིགས་ནས་ཞིབ་འཇུག་བགྱིད་ཁུལ་བྱས་ཡོད།།   
             དེ་ལ་འདིར་ཐོག་མར་ཏ་ཟིག་ཅེས་པའི་ཡུལ་ལུང་གང་ཡིན་ཐད་ཅུང་ཟད་བརྗོད་པར་འདོད་པ་སྟེ།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཡིག་ཚང་ཁག་ཏུ་ཏ་ཟིག་གི་ཡུལ་ལུང་ངོས་འཛིན་ཐད་བཞེད་ཚུལ་དུ་མ་སྣང་ཞིང་།   ཏ་ཟིག་དང་སྟག་གཟིག་ཅེས་པ་ལ།   སྔོན་ཏ་ཆིག་བྱ་བའི་རྒྱལ་བརྒྱུད་ཀྱིས་བཟུང་བ་ལས་མིང་ཐོགས་པ་པར་སིག་གི་ཡུལ་ཏ་ཟིག་ལ་སྟག་གཟིག་དང་།① ཞེས་པར་སིག་དང་ཏ་ཟིག་སྟག་གཟིག་བཅས་ཡུལ་ཚོ་གཅིག་ཏུ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས་གསུངས་པ་དང་།   ཡང་མཁས་དབང་ནམ་མཁའ་ནོར་བུས། སྟག་གཟིག་ཅེས་པ་དེ་ཡང་ཕལ་ཆེར་དེང་དུས་པར་སིག་གི་ཡུལ་ཞེས་པའི་ཐ་སྙད་དེའི་གདགས་གཞི་གཙོ་བོའི་ཡུལ་ཁམས་དེ་ནི་དེང་དུས་ཀྱི་པར་སིག་ཡིན་པར་མཐའ་གཅིག་ཏུ་ངེས་གསུངས་ཡོད་པ་དང་།   ཡང་སྐབས་དེ་དུས་ཀྱི་དམག་འཁྲུག་གཡུལ་འཐབ་དང་ལོ་རྒྱུས་ཀྱི་དུས་མཚམས་དངོས་དང་བསྟུན་ནས་སྲོང་བཙན་སྒམ་པོའི་གོང་གི་ལོ་རྒྱུས་སུ་གསལ་བའི་སྟག་གཟིག་ནི་ཨ་ལ་པོ་(阿拉伯)དང་སྲོང་ཙན་སྒམ་པོས་སྲིད་དབང་བཟུང་བ་ཚུན་ཆད་ཀྱི་བོད་ཀྱི་ལོ་རྒྱུས་སུ་སྟག་གཟིག་ནི་དབྱི་ལང་ལ་(朗)ངོས་འཛིན་པར②)མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་ཡོད་པའི་ལེགས་བཤད་ཀྱི་རྗེས་སུ་འབྲངས་ཏེ།  ཁོ་བོས་ཀྱང་པར་སིག་དང་ཏཱ་སིག   ཏ་ཞིག   ཏ་ཟིག སྟག་གཟིག་ཅེས་པ་ལོ་རྒྱུས་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་ཐ་སྙད་ཀྱི་འབྲི་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་གནའ་རབས་ཀྱི་ཨ་རབ་བམ་ཁ་ཆེའི་རྒྱལ་ཁམས་ཀྱི་སྤྱི་མིང་དང་དེང་དུས་ཀྱི་དབྱི་རན་ཡིན་པ་སྟེ། གནའ་བོའི་དབྱི་ལང་གི་སྐད་TaziགམTaziksཡི་སྒྲ་འགྱུར་བ་ཡིན་ཞིང་།   Taziགམ་Taziksསྟག་གཟིག་ནི་གནའ་སྔ་མོའི་ཚོ་ཁག་ཅིག་གི་ཚོ་མིང་ཡིན་པ་དང་།   ཏི་ལིའུ་སི་(大流斯)ཞེས་པ་ནི་སྤྱི་ལོའི་སྔོན་གྱི་ལོ་522ནས་སྤྱི་ལོ་སྔོན་གྱི་ལོ་486ལོར་པར་སིག་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་རང་གི་མཚན་ཡུལ་གྱི་མིང་ལ་ཕར་བཏགས་པར་སྙམ་པས་དཔྱད་པར་འཚལ།  
             གང་ལྟར་ཏ་ཟིག་ནི་བོད་དང་གནའ་སྔ་མོ་ནས་བཟུང་རིག་གནས་དང་ཚོང་ལམ་ཀྱི་འབྲེལ་བ་དམ་ཟབ་བྱུང་མྱོང་ཡོད་པ་དང་།  བོད་དང་ཏ་ཟིག་གཉིས་ཀྱི་ཐོག་མའི་འགྲོ་འོང་དེ་ཡང་སྤུ་རྒྱལ་གཅིག་གྱུར་མ་བྱས་པའི་སྤྱི་ལོ་གཅིག་སྟོང་ལྷག་གི་གོང་ནས་འབྲེལ་སྤེལ་བྱས་ཡོད་ཚུལ་ས་འོག་ནས་རྙེད་པའི་གནའ་རྫས་དག་གིས་ར་སྤྲོད་བྱས་ཡོད་པ་སྟེ།  བོད་དུ་རྡོ་ཆས་གསར་པ་སྤྱོད་པའི་དུས་ནས་བོད་དང་དབྱི་རན་གཉིས་ཀྱི་འབྲེལ་བ་ཟབ་མོར་ཆགས་ཡོད་ཚུལ་སོགས་ཨུ་རུ་སུའི་གནའ་རྫས་རྟོག་ཞིབ་པ་སྐུ་ཞབས་(H‘ roerion)ཧོས་ལས་ཧལ་ནས་སྔོག་འདོན་བས་པའི་གནའ་རྫས་མེ་སྐམ་དང་། ཀོ་ལེབ། ཁབ་ཤུལ། བྲང་རྒྱན་ལ་རྟོག་ཞིབ་བས་པའི་སྡོམ་ཚིག③ལས་རྟོགས་ཐུབ་པའི་ཕྱིར་ན། འདིར་བརྗོད་པའི་ཏ་ཟིག་གསོ་རིག་ཡང་ག་ལེ་ནོས་གསོ་རིག་གི་རྒྱུད་བརྒྱུད་དང་ཨ་བེ་སན་ནའི་གསོ་རིག་བསྟན་བཅོས་ཀྱི་རྗེས་འབྲངས་དང་བཅས་པའི་ཁ་ཆེ་རྒྱལ་ཁམས་སྤྱི་རུ་དར་ཁྱབ་བྱུང་བའི་གསོ་རིག་གི་དགོངས་དོན་དེ་ཉིད་ལ་ཟེར་ཞིང་།  བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཡིག་ཆ་དག་ལས་གསལ་བ་ལྟར་ན་དུས་རབས་བདུན་བརྒྱད་སྐབས་སུ་ཏ་ཟིག་དང་དབྱི་རན། ཨ་རབ་བཅས་ཀྱི་གསོ་དཔྱད་ཀྱི་དགོངས་དོན་ལུགས་གཅིག་ཡིན་པ་མ་ཟད།  གཙོ་བོ་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་འཁྲུངས་པའི་རོ་མའི་ག་ལེ་ནོས་ཀྱི་གསོ་དཔྱད་ཀྱི་དགོངས་དོན་བརྒྱུད་འཛིན་དར་སྤེལ་བྱེད་པ་དེ་ཁོ་ན་ཡིན་ནོ།།  
             བོད་ཀྱི་སྔ་རབས་ལོ་རྒྱུས་རྣམས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་འཆད་པར་(རྒྱ་གར།  རྒྱ་ནག  ཏ་ཟིག)སྟག་གཟིག་གམ་ཏ་ཟིག་གི་སྨན་པ་ག་ལེ་ནོས་གསོ་དཔྱད་ཀྱི་དགོངས་པ་བོད་དུ་དར་ཁྱབ་བྱུང་བར་བརྟེན།    སྟག་གཟིག་པས་མགོ་སྔོན་བསྡུས་པ་དང་། དེ་ཕོ། རྨ་བ། ནེ་ཙོ་གསུམ་གྱི་དཔྱད་སོགས་བསྒྱུར་བར་སྡེ་སྲིད་དང་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཁོག་འབུགས་དང་གསོ་རིག་ལོ་རྒྱུས་ཀུན་ཞལ་མཐུན་པ་དང་། དེ་རྗེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་སྐྱོང་སྐབས་ཁྲོམ་གྱི་བི་ཇི་ཙན་པ་ཤི་ལ་ཧ་ཞེས་པ་བོད་དུ་གདན་དྲངས་ནས་སྟན་བཅས་ཤིང་བསྟན་བཅོས་ཡང་དུ་མ་བརྩམས་པར་གྲགས།  ཏ་ཟིག་དང་ཁྲོམ་སོགས་གང་ཡིན་ཀྱང་བོད་རང་ས་ནས་དར་ཁྱབ་བྱུང་བའི་གསོ་རིག་དང་མཁས་པའི་མཚན་བྱང་མིན་པ་ཐ་སྙད་ཀྱི་བརྗོད་དོན་ལས་ཤིན་ཏུ་གསལ་བ་དང་།  ལྷག་པར་དུ་དུས་རབས་བདུན་པ་བོད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་ཏ་ཟིག་གསོ་རིག་གི་ལྟ་བ་གང་ལ་གང་འཚམས་བོད་དུ་དར་ཁྱབ་བྱུང་བ་ཧ་ཅང་གསལ་ཞིང་།  སོ་མ་རཱ་ཛའམ་ཟླ་བའི་རྒྱལ་པོ་ཞེས་པའི་གཞུང་དུའང་བོད་རང་གི་གསོ་བ་རིག་པའི་ཁྱད་ཆོས་དང་དགོངས་དོན་ཁོ་ན་ཙམ་མ་ཡིན་པར་རྒྱ་དཀར་ནག་གི་གསོ་རིག་གི་ཤུགས་རྐྱེན་ཡང་ཅི་རིགས་ཐེབས་ཡོད་པ་མ་ཟད།  ཏ་ཟིག་གསོ་རིག་གི་ཤུགས་རྐྱེན་ཡང་གང་འཚམས་བྱུང་ཡོད་པར་ཁོ་བོས་སེམས་ཤིང་།  ལྷག་པར་དུ་ཏ་ཟིག་གསོ་རིག་གི་ཤན་ཤུགས་ཅི་བྱུང་ཐད་མིག་སྔར་ཞིབ་འཇུག་བྱེད་མཁན་མ་བྱུང་བས།   ད་རེས་གཞུང་འདི་དང་ཏ་ཟིག་གསོ་རིག་གི་རིགས་པའི་གཞུང་ལུགས་དང་།  སྨན་མིང་།  རྨ་རིགས་ཆག་བཅིང་སོགས་གཞུང་གི་དགོངས་དོན་དང་མཐུན་ཆེ་བ་རྣམས་དཔྱད་བསྡུར་གྱི་ཚུལ་དུ་བརྗོད་པ་ལ།
 དང་པོ། རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་དཔྱད་བརྗོད།  
             གནའ་རབས་ཀྱི་རྒྱ་གར་གསོ་རིག་དང་ཏ་ཟིག་གསོ་རིག   གྷི་རི་སི་དང་རཱོ་མའི་གསོ་རིག་སོགས་འཛམ་གླིང་གི་གནའ་རབས་སྲོལ་རྒྱུན་གསོ་རིག་ཕལ་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དེ་འབྱུང་བ་བཞིའམ་འབྱུང་ལྔའི་སྟེང་ནས་གྲུབ་ཡོད་པ་དང་།   སྨན་དཔྱད་ཟླ་རྒྱལ་དུའང་འབྱུང་ལྔ་(ས་ཆུ་མེ་རླུང་ནམ་མཁའ་)དང་ཁམས་ལྔ་(ཤིང་མེ་ས་ལྕགས་ཆུ་)གཉིས་ཀ་མངོན་དུ་ཕྱུང་ཡོད་པ་སྟེ།   སྔ་མ་ནི་བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། ཕྱི་མ་ནི་ཀྲུང་ལུགས་གསོ་རིག་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན།  ཞིབ་ཏུ་201Lལོའི་ཀྲུང་གོའི་བོད་རིག་པའི་དུས་དེབ་གསུམ་པའི་ནང་འཁོད་པའི་ཁོ་བོས་བྲིས་པའི་སོ་མ་ར་ཛའམ་ཟླ་རྒྱལ་ཞེས་པའི་གཞུང་དང་རྒྱ་གར་གསོ་རིག་གི་ལྟ་བ་འགའི་བསྡུར་དཔྱོད་ཞེས་པའི་རྩོམ་ཡིག་ལ་གཟིགས་རོགས།   ཡིན་ཡང་འདིར་ཟླ་རྒྱལ་གཞུང་དུ་བསྟན་པའི་འབྱུང་བའི་རྣམ་བཤད་དང་ཏ་ཟིག་གི་གསོ་རིག་བསྟན་བཅོས་གཙོ་བོར་བཟུང་ཐོག   མིང་རྒྱལ་རབས་སྐབས་རྒྱ་སྐད་དུ་བསྒྱུར་ཞིང་ད་ལྟ་རྒྱ་ནག་ཏུ་བཞུགས་པའི་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པའི་གཞུང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་ཐད་གཞི་མཐུན་གྱི་ཁྱད་ཆོས་དུ་མ་ཡོད་པ་རྣམས་ཕན་ཚུན་ཞིབ་བསྡུར་དང་།  སྤྱིར་ཡང་རྒྱ་ནག་གི་ཧོས་ཧོས་སྨན་གྱི་སྦྱོར་བ་《回回药方》ཞེས་པའི་འབྱུང་ཁུངས་ངོ་མ་དེ་ཨ་ཝེ་སི་ནས་མཛད་པའི་གསོ་རིག་བསྟན་བཅོས་ཞེས་པ་འདི་ཉིད་ཡིན་པར་ཨ་རབ་གསོ་རིག་མཁས་ཅན་རྣམས་དགོངས་བཞེད་གཅིག་མཐུན་ཡིན་པ་མ་ཟད།   གཞུང་འདི་གཉིས་ཀྱི་བརྗོད་དོན་ཕལ་ཆེ་བ་གཅིག་མཚུངས་ཡིན་པས་མ་བུའི་འབྲེལ་བ་ལྟ་བུ་གྲུབ་ཡོད་པར་གསུངས་ཤིང་། དེའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡང་འབྱུང་བ་བཞི་ལས་མ་འདས་ལ།  འབྱུང་བ་དེ་དག་གི་བྱེད་ནུས་ཡང་ཟླ་རྒྱལ་གྱི་གཞུང་དོན་དང་འདྲ་མཚུངས་ཀྱི་ཁྱད་ཆོས་མང་པོ་ལྡན་པ་དང་།   ཨ་ཝེ་སན་ནིས་མཛད་པའི་ཨ་རབ་གསོ་རིག་གི་བསྟན་བཅོས་གྲགས་ཆེན་གསོ་བ་རིག་པའི་བསྟན་བཅོས་《阿维森纳医典》ཞེས་པར་འབྱུང་བཞིའི་རྣམ་བཤད་དེ་ཡི་ཐོག་མའི་འབྱུང་ཁུངས་གནའ་རབས་གྷི་རི་སིའི་གསོ་རིག་ལ་གཏུགས་ཡོད་པ་སྟེ།  འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ནི་འབྱུང་བཞི་ལས་གྲུབ་ཅིང་།  དེ་ལས་འབྱུང་བ་གཉིས་ནི་ཡང་བ་དང་།  གཞན་གཉིས་ནི་ལྕི་བ་སྟེ། མེ་དང་རླུང་གཉིས་ཡང་བ་དང་། ས་དང་ཆུ་གཉིས་ལྕི་བའོ་སྟེ།④    ཞེས་འབྱུང་བའི་ནུས་པའི་ལྕི་ཡང་གི་གནས་ལུགས་དང་སྣོད་བཅུད་འབྱུང་བཞི་ལས་གྲུབ་ཅིང་གནས་པར་འདོད་པའི་ལྟ་བ་དེ་ཉིད་ཐེར་འདོན་བྱས་ཡོད་པ་དང་།  དེ་ཡང་འབྱུང་བ་མེ་རླུང་ཤས་ཆེ་བ་ལས་བྱུང་བའི་སྨན་རྫས་རྣམས་ནུས་པ་ཡང་བ་དང་།    འབྱུང་བ་ས་ཆུ་ཤས་ཆེ་བ་ལས་བྱུང་བའི་སྨན་རྫས་རྣམས་ནུས་པ་ལྕི་བར་འབྱུང་བ་ཡང་འབྱུང་བ་རང་རང་གི་ཁྱད་ཆོས་སམ་རང་བཞིན་དབང་བཙན་པ་ལས་བྱུང་བར་འདོད་ཅིང་།   ཟླ་རྒྱལ་ལེའུ་དྲུག་པ་ལས་ཀྱང་།  རྩ་བ་ཐམས་ཅད་ལྕི་བ་སྟེ།།  སྡོང་པོ་དག་ཀྱང་དེ་བཞིན་ནོ།།  ལོ་མ་ཐམས་ཅད་ཡང་བ་སྟེ།།  མེ་ཏོག་དག་ཀྱང་དེ་བཞིན་ནོ།།  ཕྱི་ཤ་ཐམས་ཅད་ཡང་བ་སྟེ།།  ནང་ཁྲོལ་ཐམས་ཅད་ལྕི་བའོ།།  སྟོད་ཤ་ཐམས་ཅད་ཡང་བ་སྟེ།།  སྨད་ཤ་ཐམས་ཅད་ཤིན་ཏུ་ལྕི།།  ཆུ་ཕྲན་ཐམས་ཅད་ལྕི་བ་སྟེ།། ཆུ་བོ་ཐམས་ཅད་ཡང་བའོ།།  ཞེས་གཞི་རྩི་ཤིང་གི་སྨན་རིགས་ཤིག་ལ་མཚོན་ན། སྤྱིར་རྩ་བ་དང་སྡོང་པོའི་རིགས་ཀྱི་སྨན་གྱི་ནུས་པ་རྣམས་འབྱུང་བ་ས་ཆུའི་ནུས་པ་ཤས་ཆེ་བས་ལྕི་བ་དང་།  ལོ་མ་དང་མེ་ཏོག་རིགས་ཀྱི་སྨན་གྱི་ནུས་པ་མེ་རླུང་ཤས་ཆེ་བས་ཡང་བ་དང་།  དེ་བཞིན་དུ་སྲོག་ཆགས་རིགས་ཀྱི་ཕྱི་ཤ་པགས་ཀྱི་ནུས་པ་ཡང་བ་དང་། ནང་དོན་སྣོད་ཀྱི་ནུས་པ་ལྕི་བ་དང་།  ཆུ་ཕྲན་གྱི་ནུས་པ་ལྕི་བ་དང་།  ཆུ་ཆེན་གྱི་ནུས་པ་ཡང་བ་ཡིན་པ་འབྱུང་བ་སོ་སོའི་མཚན་ཉིད་དང་ངོ་བོ་ལ་རག་ལས་པ་དང་།  བྱེ་བྲག་འབྱུང་བ་སོ་སོའི་རྫས་ཀྱི་གྲུབ་ཚུལ་ཐད་ཐོན་པའི་ཤིན་ཏུ་ཕྲ་བའི་བྱེད་ནུས་དེ་ཡང་མཚོན་ཡོད་པས་ན་གཏན་ཚིགས་དེ་ནི་ཟླ་རྒྱལ་དང་རྒྱུད་བཞི། ཏ་ཟིག་གསོ་རིག་གི་བསྟན་བཅོས་ཁག་ཏུ་གསུངས་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་མཐུན་གྱི་ཁྱད་ཆོས་དེ་ཡང་ཡིན་པ་དང་། ཡང་ལེའུ་དྲུག་པར། དེ་ལྟར་ས་ཆུ་མེ་རླུང་གིས།། འབྱུང་བ་བཞི་དང་བད་མཁྲིས་རླུང་།། ནད་ཀུན་དེ་ལྟར་འདུས་བཞིར་གྱུར།། ཞེས་ཟླ་རྒྱལ་གྱི་ནད་གཞི་ཇི་ལྟར་གནས་པའི་ལེའུ་སྐབས་སུ་ནད་རླུང་མཁྲིས་བད་ཀན་འདུས་པ་རྣམས་འབྱུང་བ་ས་ཆུ་མེ་རླུང་བཞི་རུ་བསྡུ་ཚུལ་གསུངས་པ་ཙམ་ལས།   གཞུང་སྤྱིའི་དགོངས་པར་འབྱུང་བ་རྣམ་པ་ལྔ་གཙོ་བོར་གསལ་འདོན་བྱས་ཡོད་པ་རེད། འོན་ཀྱང་ཏ་ཟིག་གསོ་རིག་གཞུང་དུ་འབྱུང་བ་བཞི་ལས་ནམ་མཁའ་འབྱུང་བའི་ཁོངས་སུ་བརྩིས་མེད་པ་དང་།   འབྱུང་བཞིའི་ལྟ་བ་དེ་ཡང་ཐོག་མར་ག་ལེ་ནོས་གསོ་རིག་གི་ལུགས་ཆེན་དེ་ཉིད་ཏ་ཟིག་རྒྱལ་ཁབ་གྱི་བརྒྱུད་འཛིན་བྱས་པ་ལས་དར་ཁྱབ་བྱུང་བ་དང་།  ག་ལེ་ནོས་གསོ་རིག་གི་བརྒྱུད་ཁུངས་ཡང་འཛམ་གླིང་གསོ་རིག་གི་མེས་པོ་སྟེ་གྷི་རི་སིའི་ཧེད་པོ་ཁུ་རེ་ཙི་ཡིན་པ་སྟེ། ཨ་ལ་པོའི་གསོ་རིག་ནི་གནའ་རབས་ལྷི་རི་སི་དང་གནའ་རབས་རོ་མའི་ནུབ་ཕྱོགས་གསོ་རིག་ལས་བྱུང་བ་དང་། དེ་ཡང་ཧེ་པོ་ཁེ་རི་སི་(希波克拉底)(Hippocrades)(རྒྱུན་ཤེས་བུ་ཡིན་པའི་འདོད་མཁན་ཡང་ཡོད་)དང་ག་ལེ་ནོས་(Galen)རིགས་པའི་གཞུང་ལུགས་དང་ཉམས་མྱོང་སྟེང་ནས་འཕེལ་རྒྱས་བྱུང་བ་དང་།⑤  ཏ་ཟིག་གསོ་རིག་གིས་གནའ་རབས་གྷི་རི་སིའི་གསོ་རིག་གི་ས་ཆུ་མེ་རླུང་བཅས་འབྱུང་བཞིའི་ལྟ་བ་བརྒྱུད་འཛིན་བྱས་ཡོད⑥པའི་ཕྱིར་ན། ཟླ་རྒྱལ་དང་ཏ་ཟིག་གསོ་རིག་གི་གཞུང་གཉིས་ཀར་འབྱུང་བཞིའི་རྣམ་བཤད་སྟེང་ནས་ནད་དང་སྨན་གྱི་ནུས་པའི་འགྲོ་ལྡོག་འཆད་སྲོལ་ལ་གཞི་མཐུན་གྱི་ཁྱད་ཆོས་འདི་འདྲ་བ་འབྱུང་བར་ཤེས་རིག་འཕེལ་འགྱུར་གྱི་གསང་བ་ཞིག་ཀྱང་ངེས་པར་ཡོད་ངེས་སོ།། 
གཉིས་པ། རྨ་རིགས་ཆག་བཅིང་གི་ལག་ལེན་འགའི་དཔྱད་བསྡུར།  
             རྨ་རིགས་ཆག་བཅིང་གི་ལག་ལེན་འདི་ནི་བོད་རང་ས་ནས་དར་བའི་དམིགས་བསལ་བཅོས་ཐབས་ཤིག་ཡིན་པ་དང་། རྒྱུད་བཞིའི་མཚོན་རྨ་གསོ་བ་དང་དེ་མིན་ཉམས་ཡིག  བེ་བུམ་སོགས་སུའང་རུས་པའི་ཆག་གྲུམས་བཅིང་ཐབས་དང་། བྱུང་ཤོར་གཞུག་ཐབས། དེབ་ཆིངས་སྒྱོགས་གསུམ་གྱི་ལག་ལེན་ཞིབ་རྒྱས་སུ་འབོད་པ་ཧ་ཅང་མང་ཞིང་།   དུས་རབས་བརྒྱད་པའི་སྐབས་བྱུང་བར་གྲགས་པའི་བི་ཇི་པོ་ཏི་ཁ་སེར་དང་ཟླ་རྒྱལ་གཞུང་དུའང་མཚོན་རྨའི་གནས་ལུགས་དང་ལག་ལེན་མང་པོ་ཞིག་གསུངས་ཡོད།  ཟླ་རྒྱལ་རང་དུ་ལེའུ་གོ་ལྔ་ནས་བརྒྱ་དང་བཅུ་མེད་དགུ་སྟེ་སྡོམ་ལེའུ་བཅོ་ལྔས་མགོ་སྐེ་བྱང་ཁོག་ཡན་ལག་གི་ཤ་རུས་རྩ་ཆུ་རྒྱུས་ཀྱི་གནས་ལུགས་དང་།  བཅོས་ཐབས་རྣམས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་བསྟན་ཡོད་པ་མ་ཟད།     ཟླ་རྒྱལ་ལེའུ་བརྒྱ་དང་བཅུ་གསུམ་སྐབས་གསུངས་པའི་བྱུང་ཤོར་གཞུག་ཐབས་དང་རུས་པའི་ཆག་བཅིང་གི་ལག་ལེན་རེ་ཟུང་རྣམས་ཏ་ཟིག་གི་གསོ་རིག་གི་མཁས་པ་ཨ་ཝེ་སན་ནས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་དུམ་བུ་བཞི་པ་ལེའུ་ལྔ་པའི་ས་བཅད་དང་པོའི་སྐབས་བསྟན་པའི་དཔུང་ཚིགས་གཞུག་ཐབས་དང་།  དུས་རབས་བཅུ་བཞི་པའི་མིང་རྒྱལ་རབས་སྐབས་རྒྱ་ནག་ཏུ་འགྱུར་བའི་ཧོས་ཧོས་སྨན་གྱི་སྦྱོར་བའི་ནང་གི་དཔུང་པའི་ཚིགས་ཆེན་གྱི་གཞུག་ཐབས་སྐོར་ཤིན་ཏུ་མཚུངས་པ་སྟེ།  ཨ་ཝེ་སན་ནའི་གསོ་བ་རིག་པའི་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་གཉིས་ཀར་དཔུང་ཚིགས་གཞུག་ཐབས་ཀྱི་ཐབས་ཤེས་མི་འདྲ་བ་ལྔ་གསུངས་ཡོད་པ་རྣམས་འདིར་ངོ་སྤྲོད་ཙམ་ཞུ་ན།  
             གཞུག་ཐབས་དང་པོ།    ཁྱེའུ་ཆུང་ངམ་བྱིས་པའི་དཔུང་ཚིགས་བུད་རྗེས།  སྨན་པས་ལག་པ་ཡ་གཅིག་གིས་དཔུང་པ་ཐུར་དུ་འཐེན་པ་དང་།  ལག་པ་ཅིག་ཤོས་ཀྱིས་མཆན་ཁུང་ནས་དཔུང་རུས་ཡར་བཀན་དགོས་ལ། མཛུབ་གུང་གིས་ཡར་ཤུགས་ཀྱིས་བཏེགས་ཏེ་ཚིགས་རང་མལ་དུ་གཞུག་པ་དེ་ཡིན།   
             གཞུག་ཐབས་གཉིས་པ། སྤྱིར་བཏང་གི་མི་དཀྱུས་མ་(ཤ་རིད་པ་དང་ཚོ་ཆེ་དྲགས་མ་ཡིན་པ་རང་གི་མཆན་)ཡིན་ན།   སྨན་པས་ལག་པ་ཡ་གཅིག་གིས་དཔུང་ཚིགས་ཐུར་ཏུ་འཐེན་པ་དང་། ཆབས་ཅིག་སྨན་པའི་རྟིང་པ་ནད་པའི་མཆན་ཁུང་དུ་བཅུག་ནས་དྲག་ཏུ་འཐེན་པས་དཔུང་ཚིགས་རང་གནས་སུ་གཞུག་པའོ།།    འདི་ལ་རྐང་ལག་མཉམ་སྦྲགས་ཀྱི་གཞུག་ཐབས་ཞེས་ཀྱང་ཟེར།  
             གཞུག་ཐབས་གསུམ་པ།   གཟུགས་པོའི་ལྗིད་ཚད་ནད་པ་ལས་ལྕི་བའི་མི་ཞིག་གི་དཔུང་པ་ནད་པའི་མཆན་ཁུང་དུ་བཅུག་རྗེས།  ནད་པ་རྒྱབ་ཏུ་འཁུར་ནས་རྐང་པ་གཉིས་ས་རུ་མ་རེག་པར་ཡང་ཡང་སྤྲུག་སྤྲུག་བཏང་བས།  ནད་པ་རང་གི་ལྗིད་ཚད་ཀྱི་ནུས་ཤུགས་ལ་བརྟེན་ནས།  དཔུང་མགོ་རང་གནས་སུ་འཛུད་ཐུབ་པ་དེའོ།།   
             གཞུག་ཐབས་བཞི་པ།  ནད་པའི་མཆན་ཁུང་དུ་སྤོ་ལོའམ་རས་ཀྱི་དྲུ་གུ་བཅུག་ནས།   དྲུ་གུའི་ཡར་བཏེགས་པའི་ནུས་ཤུགས་ལ་བརྟེན་ནས་ནད་པ་གོང་བཞིན་སྤྲུགས་པས།   ནད་པའི་ལྗིད་ཚད་དབང་གིས་དཔུང་རུས་རང་མལ་དུ་གཞུག་ཐབས་སོ།།   
             གཞུག་ཐབས་ལྔ་པ།   ཤིང་ཆས་སམ་སྒྱོགས་བསྐུར་ཐབས་ཡིན་པ་སྟེ།   ཐོག་མར་ཤིང་ཆས་ནད་པའི་མཆན་འོག་ཏུ་བཅུག་ནས།  ནད་པའི་གཟུགས་པོ་ཕྱོགས་གཅིག་ཏུ་སྙེས་པ་དང་།  གང་ཤོར་ངོས་དེ་ཡང་ཤིང་ཆས་དེ་དང་འདྲ་བར་བསྡམ་ལ།   སྨན་པས་གང་ཤོར་ངོས་ཀྱི་དཔུང་ཚིགས་སྐྱོར་སྟན་བྱས་ཏེ།  ཤིང་ཆས་གྱེན་ཏུ་བསླངས་པས་ནད་པའི་མཆན་ཁུང་གཡས་གཡོན་དྲག་ཏུ་བཀན་ཐོག    ནད་པའི་གཟུགས་པོ་ཡར་བཏེགས་པས།  ནད་པའི་ལྗིད་ཚད་དབང་གིས་དཔུང་རྐང་རང་གནས་སུ་ཚུད་འགྲོ་བའོ།།⑦ ཞེས་གསུངས་པ་ལྟར་བྱེད་ཐབས་དེ་དག་ནི་ཏ་ཟིག་གསོ་རིག་གི་གཞུང་དུ་གསུངས་པའི་དཔུང་ཚིགས་ཤོར་བ་རང་མལ་དུ་གཞུག་ཐབས་མི་འདྲ་བ་དག་ཡིན་པ་དང་། གཞི་རྩའི་ཐབས་ལམ་ཐད་ཅུང་ཟད་མི་འདྲ་བ་ཙམ་ལས་མཐར་ཐུག་གི་གཞུག་ཐབས་ནི་ནད་པའི་གཟུགས་པོའི་ལྗིད་ཚད་ཀྱི་ནུས་ཤུགས་ལ་བརྟེན་ནས་དཔུང་ཚིགས་རང་གནས་སུ་འཛུད་པའི་མན་ངག་དེ་ཡིན་པ་དང་། ལྷག་པར་ཏུ་གོང་གསལ་གཞུང་གཉིས་ཀར་བསྟན་པའི་གཞུག་ཐབས་བཞི་པ་དེ་ནི་སོ་རཱའི་གཞུང་གི་དགོངས་དོན་དང་དབྱེར་མེད་དུ་མཆིས་པ་སྟེ།  ཟླ་རྒྱལ་ལེའུ་བརྒྱ་དང་བཅུ་གསུམ་པ་ཡན་ལག་བཅོས་པའི་ཤོག་ངོས་283ངོས་སུ།   དཔུང་པ་བྱུང་ན་དྲུ་བུས་བྱ།།   མཆན་ཁུང་དག་ཏུ་གཞུག་པ་སྟེ།།  ནང་ཤོར་ཕྱིར་འཐེན་ཕྱིར་ཤོར་ནང་།།  དྲུ་བ་བཅུག་ལ་བལྟ་བར་བ།།   ཡང་ན་རྐྱལ་བ་ཕུས་བཏབ་ལ།།  ནང་ཤོར་ཕྱིར་འཐེན་ཕྱིར་ཤོར་ནང་དུ་འཐེན།།   ཞེས་དཔུང་ཚིགས་བུད་རྗེས་ནད་པའི་མཆན་ཁུང་དུ་དྲུ་བུའམ་རྐྱལ་བ་ཕུས་བཏབ་བཅུག་ནས་ཚིགས་རང་མལ་དུ་གཞུག་ཐབས་དང་ཏ་ཟིག་གསོ་རིག་གི་དཔུང་ཚིགས་གཞུག་ཐབས་གཉིས་ཆུ་ལ་ཆུ་བཞག་གི་དཔེ་ལྟར་གྲུབ་ཡོད་པ་ཤིན་ཏུ་གསལ་ཞིང་།   དེ་མ་ཡིན་པ་གོང་གསལ་གཞུག་ཐབས་དང་པོ་དེ་ཡང་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་རུ་རྟེན་ཁྱེའུ་ཆུང་ངམ་བྱིས་པ་ཁོ་ནར་སྤྱོད་དགོས་པ་དང་།  བྱིས་པ་དུས་སུ་བཙའ་མ་ཐུབ་པར་སྦྲུམ་མས་ཤུགས་ཀྱིས་བཙིར་བའི་དབང་གིས་དཔུང་ཚིགས་བུད་བ་ནད་ཐོག་སྐབས་མཐོང་མང་བ་དང་བོད་ཀྱི་གསོ་བ་རིག་པའི་རྒྱུད་འགྲེལ་ཁག་དང་ཉམས་ཡིག  ཆ་ལག་བཅོ་བརྒྱད་ཀྱི་ལག་ལེན་དམར་ཁྲིད་སྐབས་སུའང་།  དེ་ལ་དཔུང་པའི་ཚིགས་འདི་ནི་ཨུ་ཟུར་གྱི་སྟེང་ནས་བཀབ་པས་སྟེང་དུ་མི་འཚོར་ཕྱི་ནང་འོག་དང་གསུམ་ཏུ་འཆོར་ཏེ།   ཕྱིར་ཤོར་ན་ལག་པ་ནང་དུ་བཤལ་ནས་ཕྱིར་ཁྱེར་མི་ཤེས།   དེ་ལ་སོག་པ་དང་གྲུ་མོ་ནས་འཐེན་ལ།    ཤོར་བའི་རུས་མགོ་ནས་མཐེབ་མོས་མནན།  དབུལ་ཞིང་འཐེན་ཁ་ཚིགས་ལ་བྲལ་བ་དང་ཕྱིར་བཀན་ནོ།།   ཁྲོག་ཟེར་ཞིང་ཟུག་བྲི་བརྐྱང་བསྐུམ་བཏུབ་ན་ཚུད་པ་ཡིན་ནོ།།   ནང་དུ་ཤོར་ན་ཕྱི་བཤལ་ནས་ནང་དུ་ཁྱེར་མི་ཤེས།  དེ་ལ་གོང་ལྟར་ཐད་ཀར་ཐད་བྱུང་བ་དང་།   དེ་ལ་འབེན་གྲུ་གུ་ཁུ་ཚུར་ཙམ་གཅིག་བཅུག་ལ་དེ་འུར་མཐིལ་གྱིས་དཔུང་བར་འཐེན།⑧   ཞེས་དཔུང་ཚིགས་འཆོར་སའི་གནས་གསུམ་དང་གཞུག་ཐབས་ཀྱི་ལག་ལེན་ཏ་ཟིག་གཞུང་དང་མཐུན་ཆེ་བ་དང་། དེ་བཞིན་མན་ངག་རྒྱུད་ལས།   གཞུག་ཐབས་མ་སྐྲངས་གསར་དུས་མོད་ལ་གཞུག།   རྙིངས་ནས་ལུམས་ཀྱིས་ཤ་ཆུ་བཏུལ་ལ་གཞུག།གང་ཡང་ཚིགས་ཁ་བྲལ་བར་དྲག་ཏུ་འཐེན།།  ཤོར་ངོས་རུས་པའི་མགོ་ནས་ནང་དུ་འཕུལ།།  ཚིགས་ཁ་བྲལ་ནས་གང་ཤོར་ངོས་སུ་བཀན།། མ་བྲལ་བཀན་ན་ཚིགས་ཁ་ཆག་ཅིང་འགྲམ།།   བྲལ་ན་ཇི་ལྟར་བཀན་བཞིན་ཚུད་པར་འགྱུར།།  ཡང་ན་ཐག་པས་འཐེན་ལ་དབྱུག་པ་བརྡེག⑨ཅེས་གསུངས་པ་ལྟར་ཡན་ལག་ཚིགས་ཆེན་གང་ཤོར་ཡང་འཐེན་བཀན་འཕུལ་གསུམ་སྟེ་སྤྱི་རྒྱུག་གི་གཞུག་ཐབས་གཙོ་བོ་དེ་དག་ལས་ཚིགས་བྱེ་བྲག་པ་སོ་སོར་སྦྱར་མེད་པ་དང་།  དེ་ཡང་ཐོག་མར་ཚིགས་གང་ཤོར་ཡང་ཚིགས་ཁ་བྲལ་བར་དྲག་ཏུ་འཐེན་པ་དང་།   ཚིགས་ཁ་བྲལ་རྗེས་གཟོད་ནས་གང་ཤོར་ངོས་སུ་བཀན་བཞིན་འཕུལ་ནས་རང་མལ་དུ་ཚུད་པར་བྱ་བའི་མན་ངག་དེ་གནད་དམ་པར་འཛིན་དགོས་པ་དེ་རེད།  དེ་ལྟར་རྒྱུད་དང་ཟླ་རྒྱལ།  གོང་གསལ་ཏ་ཟིག་གསོ་རིག་གི་གཞུང་གསུམ་ཀའི་དཔུང་ཚིགས་གཞུག་ཐབས་ལ་ཕན་ཚུན་གོ་བསྡུར་ནས་དཔྱད་སྐབས།    བརྗོད་བྱའི་ཚིག་གི་ཁྱད་པར་ཙམ་ལས་གཞི་རྩའི་བྱེད་ཐབས་ཐད་ཧེ་བག་ཆེན་པོ་གང་ཡང་མེད་པ་དང་།  འོན་ཀྱང་ལོ་རྒྱུས་ཀྱི་ལྟ་བའི་སྒོ་ནས་བརྗོད་ཚེ།   ཚིགས་ཤོར་གཞུག་ཐབས་ཀྱིས་ས་བོན་ལྟ་བུ་ཟླ་རྒྱལ་གྱི་གཞུང་འདི་ཉིད་ཡིན་པའི་བདེན་དོན་དེར་སུས་ཀྱང་བསྙོན་དུ་མི་ནུས་སོ།།  
             དེ་བཞིན་ཟླ་རྒྱལ་ཏུ་དཔྱི་ཚིགས་དང་།   གྲུ་ཚིགས།  པུས་ཚིགས།  མཁྲིག་ཚིགས་བཅས་ཀྱི་གཞུག་ཐབས་དང་།  དེ་དག་གི་བཅོས་ཐབས་སྐབས་སུ་ཁོང་སྨན་དཔྱད་དེབ་ཆིངས་ཀྱི་བཅིང་ལུགས།  རྗེས་གཅོད་བཅས་གསལ་བོར་བསྟན་ཡོད་པ་སྟེ།    དཔྱི་ཚིགས་ཤོར་ལུགས་ལ་ཟླ་རྒྱལ་ལྕགས་དཔར་མའི་ཤོག་ངོས་282ངོས་སུ། བྱུང་དང་འགྲུས་པ་བཅོས་པ་ནི།།  དཔྱི་ཡི་རུ་གྲུ་འགྲུས་པ་ནི།།  སོར་མོ་འཁུམས་དང་བཤལ་ནས་འགྲོ།།   འགྲུས་པ་ཆུ་སེར་རྣག་གིས་ནི།། བར་དུ་ཞུགས་པས་ཞ་བའོ།། ཕྱི་ཤོར་ཕྱིར་ནི་ཡོ་བ་དང་།། ནང་ཤོར་ནང་དུ་ཡོ་བ་དང་།། གཤན་ཆག་ཆད་ན་ལྡབས་ཀྱིས་འགྲོ།།  སོག་པའི་གཤན་ཐག་དེ་བཞིན་ནོ།།  རྗེ་ངར་སྙོམས་ཏེ་ཐག་པས་གདགས།། འཐེན་ལ་མཐིལ་ལ་བརྡེག་པར་བྱ།། ནང་ཤོར་དག་དང་ཕྱི་ཤོར་ལ།། འདོམས་སུ་འབོལ་བཅུག་ཁ་སྦུབ་ལ།།   ནང་ཤོར་གན་རྐྱལ་དག་ཏུའོ།།  ཡང་ན་འཁུམས་དང་འགྲུས་པ་ལ།།  ཁང་པ་ཕུག་ལ་དཔྱང་ཐག་གོ།   ཞེས་གསུངས་པ་ལྟར་གཞུང་ཚིག་གི་བརྗོད་དོན་ཅུང་ཟད་གོ་དཀའ་ཡང་།  དཔྱི་ཚིགས་ཕྱི་རུ་ཤོར་བ་འདོམས་སུ་རས་འབོལ་བཅུག་ནས་ཁ་སྦུབ་ཏུ་ཉལ་བ་དང་།   དཔྱི་ཚིགས་ནང་དུ་ཤོར་བ་གན་རྐྱལ་དུ་ཉལ་བའམ་རྗེ་ངར་ལ་ཐག་པ་བཏགས་ཏེ་དབྱུག་པ་བརྡེག་པའི་གཞུག་ཐབས་དེ་ཡིན་པ་ལྟར།   འཇིག་རྟེན་གསོ་རིག་གི་མེས་པོ་ཧེད་པོ་ཁུ་རེ་ཙི་ཡིས་དཔྱི་ཚིགས་གཞུག་ཐབས་དང་ཀུན་ནས་མཚུངས་ཤིང་མིང་གི་གདགས་གཞི་ཡང་འཐེན་ཐག་གཞུག་ལུགས་སམ་འཐེན་ཤུགས་མལ་ཁྲི་ཞེས་པའི་སྐད་གྲགས་ཅན་གྱི་བྱུང་ཤོར་གཞུག་ཐབས་ཀྱི་ཐབས་ཚུལ་དེ་ཡིན་ལ། རུས་ནད་གསོ་བར་ཉེ་བར་མཁོ་བའི་མལ་ཁྲི་གཙོ་བོ་དེ་ཡང་ཡིན།  ཁོང་གི་རླབས་ཆེན་གྱི་བསམ་བློ་དང་རྨ་རིགས་ཆག་བཅིང་གི་ཉམས་མྱོང་མང་པོ་ཞིག་ཕྱིས་ག་ལེ་ནོས་ཀྱིས་བརྒྱུད་འཛིན་དང་དར་སྤེལ་དུ་བཏང་ཚུལ་གནའ་རབས་ནུབ་ཕྱོགས་གསོ་རིག་གི་ལོ་རྒྱུས་རྣམས་སུ་གསུངས་པར་གཞིགས་ན་ཚིགས་ཤོར་མལ་དུ་གཞུག་ཐབས་ཀྱི་ཐོག་མའི་རྨང་གཞི་དེ་ཡང་གནའ་རབས་གྷི་རི་སིའི་གསོ་རིག་མཁས་ཅན་ཧེད་པོ་ཁེ་རི་ཙིའི་ལྟ་བ་ཡི་ཤན་ཤུགས་ཞུགས་ཡོད་པར་སྙམ་ཞིང་། རྒྱུ་མཚན་ནི་ལོ་ཚིགས་ཀྱི་སྔ་ཕྱིའི་དུས་རིམ་ལ་གཞིགས་ན་ཁོང་ནི་འཛམ་གླིང་གསོ་རིག་གི་མེས་པོ་དང་།  སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་ནང་འཁྲུངས་ཤིང་ཚིགས་ཤོར་གཞུག་ཐབས་རྣམས་གསལ་བོར་བསྟན་ཡོད་པས་སོ།།   
             ཡང་ཚིགས་ཀྱི་འཆོར་སའི་ཐད་ལ་ཟླ་རྒྱལ་དང་ཧེད་པོ་ཁི་རི་ཙི།   ག་ལེ་ནོས་ཀྱི་གསུང་རྩོམ་དུ་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་མེད་མོད།  མན་ངག་རྒྱུད་ལས།  འཆོར་ས་གཡས་གཡོན་སྟེང་འོག་རྣམ་པ་བཞི།། དཔུང་པ་པུས་མོ་སྟེང་དུ་འཆོར་མི་སྲིད།།    ཅེས་དཔུང་ཚིགས་དང་པུས་ཚིགས་གཉིས་སྟེང་དུ་མི་འཆོར་བ་ལས།   གཡས་གཡོན་དང་འོག་ཏུ་འཆོར་སྲིད་པ་ཤུགས་ལས་བསྟན་ཡོད་པ་མ་ཟད། ར་ལ་པ་ཏའི་ཚིགས་ཤོར་དབྱེ་བ་བཞི་ལས།། དང་པོར་དཔུང་པའི་གནས་ལུགས་ནི།།  སྐྱོགས་རའི་ཁུང་བུར་དཔུང་མགོ་བཅུག།།   ཨུ་ཟུར་སྣ་འཕངས་རིང་བ་ཡིས།།  ཚིགས་ཀྱི་སྟེང་ནས་མནན་པའི་ཕྱིར།། (སྟེང་དུ་འཆོར་བ་མེད)གཡས་གཡོན་འོག་ཏུ་འཆོར་བ་ཡིན།།⑽   ཞེས་པ་ལྟར་དེ་དང་ཕྱོགས་མཚུངས་པར་ཨ་རབ་གསོ་རིག་གི་མཁས་ཅན་ཨ་ཝེ་སན་ནིས་མཛད་པའི་གསོ་རིག་བསྟན་བཅོས་དུམ་བུ་བཞི་པའི་ལེའུ་ལྔ་པའི་ས་བཅད་དང་པོར་དཔུང་ཚིགས་ཀྱི་འཆོར་ས་གསུངས་སྐབས། དཔུང་ཚིགས་སྟེང་དུ་མི་འཆོར་ཞིང་།  དེ་ནི་དཔུང་རུས་ཀྱི་མགོ་ཐོད་ཀྱི་བཀག་པས་སོ།   དེ་ཡང་རྒྱབ་ཏུ་མི་འཆོར་བ་སྟེ་གཡས་གཡོན་ཤ་རྒྱུས་གྱིས་དམ་དུ་བཟུང་བ་དང་དཔུང་པས་མནན་པས་སོ།   གལ་སྲིད་ནང་དུ་ཤོར་བའམ་ཕྱི་རུ་ཤོར་ན།  གང་ཤོར་ཆ་མེད་དུ་འགྲོ་སླ་བ་དང་།  འོག་ཏུ་ཤོར་བ་ནི་ཤོར་སླ་ཞིང་མཐོང་མང་བ་དང་།  ལྷག་པར་ཏུ་ལུས་རིད་པའི་མི་ལ་དཔུང་ཚིགས་འཆོར་སླ་ཞིང་གཞུག་ཡང་སླ་མོད།  འོན་ཀྱང་ཚོ་ཆེ་བའི་མི་ལ་ཚིགས་འདི་འཆོར་བ་དང་གཞུག་ཐབས་གཉིས་ཀ་ཅུང་དཀའ།    ཁྱེའུ་ཆུང་བཙའ་དཀའ་བའི་དབང་གིས་ཚིགས་འདི་འཆོར་འགྲོ་བ་སྟེ།  སྤྱིར་བཏང་བཙས་ནས་ཅུང་ཟད་འགོར་རྗེས་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་ཚིགས་བུད་འགྲོ་བས་དུས་སུ་མ་གཞུག་པར་འགྱངས་ན་དཔུང་རུས་ལ་རིང་ཐུང་འབྱུང་གི་ཡོད།⑾ཅེས་དང་།  དེ་ཡི་བཅོས་ཐབས་སུ།  གོང་ནས་བརྗོད་པའི་གཞུག་ཐབས་ལྔ་པོའི་གྲས་ཀྱི་ཐབས་ཤེས་དང་པོ་དེ་གཙོ་བོ་ཡིན་ཞིང་། དར་མ་དང་རྒན་པོ་ལ་གཞུག་ཐབས་གཞན་རྣམས་ཀྱང་སྤྱོད་ཆོག་ལ་རྗེས་སུ་ཚིགས་ཤོར་རྙིངས་ན་དེ་ལ་ཚ་དུགས་དང་ཆུ་ཡི་འཁོར་ལོ་དང་ཚིགས་ཤོར་བ་བརྟན་པར་བྱ་ཐབས་སུ་ཤིང་ཆས་དང་རས་སྐུད་ཀྱིས་དམ་དུ་བཅིང་ཞིང་། ཉིན་བདུན་རྗེས་སུ་སྐུད་པ་དགྲོལ་ལུགས།    ཚིགས་ཡང་ཡང་ཤོར་ན་དེ་ལ་མེ་བཙའ་གདབ་དགོས་པ།   རྗེས་སུ་བཅུད་ལྡན་ཟས་ཀྱིས་ལུས་ཟུངས་གསོ་བའི་བཅོས་ཚུལ་ནི་དཔལ་ལྡན་རྒྱུད་བཞི་དང་ཆ་ལག་བཅོ་བརྒྱད་བཅས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་སྟེ།  མན་ངག་རྒྱུད་ལས།  གཞུག་ཐབས་མ་སྐྲངས་གསར་དུས་མོད་ལ་གཞུག  །རྙིངས་ནས་ལུམས་ཀྱིས་ཤ་ཆུ་བཏུལ་ལ་གཞུག་ཅེས་དང་། ཡང་བརྟན་པར་བྱ་བ་དེབ་བཏང་ཆིངས་ཀྱིས་བསྡམ།། ན་དང་ཟུག་མ་བྲི་ན་སྐབས་སུ་བལྟ།། ཡིད་ཆེས་བརྟན་པར་གྱུར་ནས་བཅུད་ཀྱིས་གསོ།།   ཡུན་ལོན་ཤོར་ལང་ཡོད་ན་མེ་བཙའ་གདབ།། དེ་རྗེས་ཆིངས་དང་སྒྱོགས་སུ་གཞུག་པར་བ།།⑿   ཞེས་དང་།  ཟླ་རྒྱལ་ལས་ཀྱང་།  གང་འགྲུས་ཆིངས་ཀྱིས་བཅིང་བར་བྱ།།   དར་རམ་མེན་ཏྲིའི་ཆིངས་དག་གིས།།  རུས་འགོ་བྱུང་ན་གནོན་པར་བྱ།།  ཞེས་བྱུང་ཤོར་གཞུག་རྗེས་སུ་ཆིངས་ཀྱིས་དམ་དུ་བཅིང་ལུགས་དང་གཞུག་ཐབས་བསྟན་པ་ལས་རྒྱུད་བཞི་རུ་གསུངས་པ་ལྟར་དཔུང་ཚིགས་འཆོར་སའི་གནས་དང་།  མི་འཆོར་བའི་རྒྱུ་མཚན།  རྗེས་གཅོད་ཀྱི་གཉེན་པོ་རྣམས་ཅུང་ཆ་ཚང་བ་མེད་ན་ཡང་། གོང་གསལ་དཔལ་ལྡན་རྒྱུད་བཞི་དང་ཆ་ལག་བཅོ་བརྒྱད། ཏ་ཟིག་གསོ་རིག་གི་གཞུང་གྲགས་ཅན་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་།  རྒྱ་འགྱུར་ཧོས་ཧོས་སྨན་གྱི་སྦྱོར་བ་བཞི་ཡི་དཔུང་ཚིགས་ཤོར་ལུགས་དང་གཞུག་ཐབས་རྣམས་ཕན་ཚུན་གོ་བསྡུར་བྱས་ཚེ།  ཟླ་རྒྱལ་དང་གོང་གི་ཏ་ཟིག་གསོ་རིག་གི་དཔུང་ཚིགས་གཞུག་ཐབས་ཀྱི་བྱེད་ཐབས་བཞི་པ་གཉིས་ལ་ཚིག་གི་སྦྱོར་སྟངས་དང་དོན་གྱི་ངོ་བོ་གཉིས་ཀའི་ཆ་ནས་ཁྱད་པར་སྤུ་ཙམ་ཡང་མེད་པ་དང་། དཔུང་ཚིགས་འཆོར་སའི་གནས་ཀྱི་ཐད་ལ་ཟླ་རྒྱལ་དུ་འགྲེལ་བརྗོད་གསལ་པོ་མེད་མོད། དཔལ་ལྡན་རྒྱུད་བཞི་དང་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་།  ཧོས་ཧོས་སྨན་གྱི་སྦྱོར་བ་གསུམ་ལ་དཔུང་ཚིགས་ཀྱི་འཆོར་ས་དང་བཅོས་ཐབས་ཐད་གཞི་མཐུན་གྱི་ཁྱད་ཆོས་དུ་མ་སྣང་བ་གོང་གསལ་ལུང་ཚིག་དེ་དག་ཕན་ཚུན་ཞིབ་བསྡུར་བྱས་པས་གསལ་པོར་རྟོགས་ནུས་མོད།   མི་འདྲ་བ་སའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཟླ་རྒྱལ་དང་གསོ་རིག་བསྟན་བཅོས་ཀྱི་ནད་པའི་མཆན་ཁུང་དུ་དྲུ་བུ་བཅུག་ནས་ནད་པའི་རང་ཤུགས་སམ་ལྗིད་ཚད་ལ་བརྟེན་ནས་ཚིགས་རང་མལ་དུ་གཞུག་པའི་ཐབས་ཤེས་དེ་ཡིན་པ་དང་།   རྒྱ་འགྱུར་ཧོས་ཧོས་སྨན་གྱི་སྦྱོར་བ་རུ་ནད་པའི་ལྗིད་ཚད་གཙོ་བོ་མིན་པར་སྨན་པའི་འཐེན་ཤུགས་ལ་བརྟེན་ནས་བྱུང་ཤོར་གཞུག་པའི་ལག་ལེན་དེ་ཡིན་པ་ཤེས་པར་བྱའོ།།  རྒྱ་ནག་ཏུའང་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་ཚེ་བསྲུང་སྨན་སྦྱོར་ཞེས་པའི་ནང་དུ་གཞུག་ཐབས་ཕྱི་མ་འདི་འཁོད་ཡོད་མོད།  ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་བསྡུར་ན་ལོ་སུམ་བརྒྱ་ཡས་མས་ཀྱི་འཕྱི་བས་གཞུང་འདིའི་ཤུགས་རྐྱེན་ཡིན་པར་རྒྱ་ནག་གསོ་རིག་གི་མཁས་པ་རྣམས་དགོངས་བཞེད་མཐུན་ཞིང་། ད་ལྟའི་ཆར་ལག་ལེན་གྱི་རྒྱུན་མ་ཉམས་པར་རྒྱུན་འཛིན་ཀྱང་བྱས་ཡོད་པར་གསུངས། འོ་ན། བོད་ཀྱི་གསོ་རིག་གཞུང་གི་རྙིང་གྲགས་ཅན་ཟླ་རྒྱལ་དང་རྒྱུད་བཞི།  ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་ཏ་ཟིག་གསོ་རིག་གཞུང་རྙིང་རྒྱ་འགྱུར་མ་ཧོས་ཧོས་སྨན་གྱི་སྦྱོར་བ་བཅས་ལ་འདི་ལྟ་བུའི་འདྲ་མཚུངས་ཀྱི་ཁྱད་ཆོས་ཤིག་ཇི་ལྟར་བྱུང་བ་རེད་དམ་ཞེ་ན། དཔྱད་པར་བྱ་སྟེ།   རྒྱ་འགྱུར་ཧོས་ཧོས་སྨན་གྱི་སྦྱོར་བ་ནི་མིང་རྒྱལ་རབས་དང་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་བྱུང་བའི་བཞེད་ལུགས་གཉིས་མཆིས་ཡང་། རྒྱ་ནག་གི་མཁས་པ་མང་ཆེ་བའི་མིང་རྒྱལ་རབས་སྐབས་བྱུང་བའི་བཞེད་ཚུལ་དེ་གཙིགས་སུ་འཛིན་ཞིང་།  གཞུང་གི་བརྗོད་དོན་ཡང་ཨ་ཝེ་སན་ནིས་མཛད་པའི་གསོ་རིག་བསྟན་བཅོས་ཀྱི་གཞུང་དོན་ལྷུར་བཞེས་བས་ཡོད་པ་དང་།   བྱུང་ཤོར་གཞུག་ཐབས་དང་རུས་གྲུམས་བཅིང་ལུགས་སྨན་གྱི་སྦྱོར་སྡེ་110དང་དེ་དག་གི་སྦྱོར་ཚད་སོགས་ལེའུ་འགའ་ཤས་སྤོ་བཤུས་ཀྱང་བྱས་ཡོད་ཚུལ་ཏ་ཟིག་གསོ་རིག་ལ་ཆེད་མངགས་ཞིབ་འཇུག་བྱེད་མཁན་རྒྱ་ནག་གི་མཁས་པ་སོན་ཞིན་(宋岘)ནས་གསུངས་པ་སྟེ།   ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་ཞེས་པ་རྩ་བའི་ཆ་ནས་ཁ་ཆེའི་སྲོལ་རྒྱུན་གསོ་རིག་གི་སྨན་སྦྱོར་དང་། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་གསོ་རིག་གི་ཉམས་མྱོང་ལ་ཕྱོགས་སྡོམས་བྱས་པ་ལས་གྲུབ་པའི་བསྟན་བཅོས་ཤིག་ཡིན་པའི་ཕྱིར་ན།  རང་ཅག་གིས་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པའི་བརྗོད་དོན་དང་རང་བཞིན་གསལ་རྟོགས་འབྱུང་རྒྱུར་ཡང་ཕན་འབྲས་ཆེན་པོ་ཡོད་ལ།ཧོས་ཧོས་སྨན་གྱི་སྦྱོར་བ་དང་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་ཞེས་པའི་གཞུང་གཉིས་ཀའི་གཉེན་ཚན་གྱི་འབྲེལ་བ་དེ་བས་ཀྱང་མཚོན་ཐུབ་པ་ཕུད། ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་ནི་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པའི་གཞུང་དོན་འགྲུབ་བྱེད་ཀྱི་རྨང་གཞི་ཡིན་པ་གསལ་པོར་རྟོགས་ཐུབ།⒀ ཅེས་པ་ལྟར་དུས་རབས་བཅོ་ལྔ་པར་རྒྱ་ནག་ཏུ་འགྱུར་བའི་ཧོས་ཧོས་སྨན་གྱི་སྦྱོར་བ་ནི་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་ཀྱི་རྨང་གཞི་ཐོག་ནས་འཕེལ་འགྱུར་བྱུང་བར་ཐེ་ཚོམ་ཅི་ཡང་མི་དགོས་སོ།། གསོ་རིག་བསྟན་བཅོས་ནི་ཨ་ཝེ་སན་ནིས་(Avicenna)མཛད་པའི་ཏ་ཟིག་གསོ་རིག་གི་གཞུང་ལུགས་གྲགས་ཆེན་ཞིག་ཡིན་པ་དང་།  །  ཁོང་གི་འཁྲུངས་འདས་ལས་བསྟན་བཅོས་འདི་ཡང་དུས་རབས་བཅུ་པའི་ནང་གི་བརྩམས་ཆོས་ཤིག་ཡིན་པ་རྗེས་དཔག་བྱེད་ཐུབ། རྒྱ་ནག་ལོ་རྒྱུས་སུའང་སོག་པོ་ཇིང་གིར་རྒྱལ་པོའི་ཡང་ཚ་ཤི་ལའི་ཧོ་(Hulaghu)ཡིས་ཨ་ལ་པོ་ཧ་ལིའི་རྒྱལ་ཁབ་དང་དམག་འཁྲུག་རྒྱག་སྐབས།   སྤྱི་ལོ་258ལོར་ཨ་ལ་པོའི་གསོ་དཔྱད་ཀྱི་གཞུང་མང་པོ་ཞིག་རྒྱ་ནག་ཏུ་འཁྱེར་འོང་བ་དང་།   ཀྲུང་གོའི་ལོ་རྒྱུས་ཆེན་མོ་ལས་ཡོན་གྱི་ལོ་རྒྱུས་ཞེས་པར།  1273ལོར་ཨ་ཝེ་སིན་ནས་མཛད་པའི་གསོ་རིག་བསྟན་བཅོས་སོགས་ཨ་ལ་པོའི་གསོ་དཔྱད་མང་པོ་ཞིག་ཀྲུང་གོའི་རྒྱལ་ཁབ་ཡིག་ཚགས་ཁང་དུ་བསྡུ་གཉེར་བྱས་ཡོད་པར་གཞིགས་ན།  སྐབས་འདིར་།  ཁོ་བོས་ཤེས་འདོད་པ་ཡང་དུས་རབས་བཅུ་པའི་སྐབས་བྱུང་བའི་ཏ་ཟིག་གི་གསོ་རིག་བསྟན་བཅོས་དང་དུས་རབས་བཅོ་ལྔའི་སྐབས་རྒྱ་ནག་ཏུ་འགྱུར་བའི་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པའི་གཞུང་གཉིས་ཀ་སྨན་དཔྱད་ཟླ་རྒྱལ་གྱི་རྗེས་སུ་བྱུང་བ་མ་ཟད། དཔལ་ལྡན་རྒྱུད་བཞི་ལས་ཀྱང་འཕྱི་བར་ཡོད་པ་ཤིན་ཏུ་གསལ་ཞིང་།  དཔུང་ཚིགས་ཀྱི་འཆོར་ས་དང་གཞུག་ཐབས་བཅས་ཀྱི་ཆོ་ག་དེ་དག་ཀྱང་ཏ་ཟིག་གི་གཞུང་དེ་གཉིས་ཀྱིས་དཔལ་ལྡན་རྒྱུད་བཞི་གཙོས་པའི་བོད་ཀྱི་གནའ་རབས་གཞུང་རྙིང་ཟླ་རྒྱལ་ལའང་ཐད་ཀར་ཤུགས་རྐྱེན་གང་ཡང་བྱུང་མེད་པ་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་པ་སྟེ།  གང་ཡིན་ཞེ་ན།  ཟླ་རྒྱལ་ནི་དུས་རབས་བརྒྱད་པའི་སྐབས་བྱུང་བའི་བསྟན་བཅོས་ཤིག་ཡིན་པ་དང་། ཏ་ཟིག་གསོ་རིག་གི་གཞུང་གསོ་རིག་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་གཉིས་དུས་རབས་བཅུ་པ་དང་བཅོ་ལྔའི་སྐབས་སུ་བྱུང་བ་ཡིན་ཕྱིར།  མ་མཐའ་ཡང་ལོ་བརྒྱ་ནས་སུམ་བརྒྱའི་ཧེ་བག་བྱུང་ཡོད་པའི་ཕྱིར་ན།    བྱུང་ཤོར་གཞུག་ཐབས་དང་རུས་པའི་ཆག་བཅིང་གི་གནས་ལུགས་རྣམས་བོད་ཀྱི་གསོ་རིག་གིས་ཏ་ཟིག་གསོ་རིག་གི་གཞུང་གཉིས་ལ་ཤུགས་རྐྱེན་ཐེབས་པར་བརྗོད་མི་ཆོག་པ་མེད་སྙམ་པར་འདུག་མོད། ཅུང་ཟད་བསམ་པར་བྱ་བ་ནི། ཏ་ཟིག་གི་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ནད་ཐོག་ཉམས་མྱོང་ཕལ་ཆེ་བ་ཧད་པོ་ཁུ་རེ་ཙི་ཡི་ཐུགས་སྲས་ག་ལེ་ནོས་ཀྱི་གསོ་རིག་གི་ལྟ་བའི་རྗེས་འབྲངས་ཡིན་པ་སྟེ།  ཨ་ལ་པོའི་ལོ་རྒྱུས་ཞེས་པར།   གཞུང་འདི་ནི་གསོ་རིག་གཞུང་བརྒྱའི་བཅུད་ཀུན་འདུས་ཞིང་།  ཆ་ཚང་ལ་མཚན་ཉིད་རིག་པའི་ཟུར་བརྒྱན་པའི་གཞུང་གྲགས་ཆེན་ཞིག་དང་།  སྐབས་དེ་དུས་ཀྱི་གསོ་བ་རིག་པའི་གཞུང་རྣམས་ལས་ཆེས་ཕུལ་དུ་བྱུང་བའི་གོ་བབས་ཟིན་ཡོད་ལ།  ག་ལེ་ནོས་དང་ལཱ་ཆི་(拉齐)   མེ་ཧྲི་ཞི་(麦球西)གསུམ་གྱི་གཞུང་ལུགས་ཀྱི་ཚབ་བྱས་ཆོག་པ་མ་ཟད།  ཡོ་རོབ་གླིང་གི་གསོ་རིག་སློབ་གླིང་ཁག་གི་གསོ་རིག་སློབ་དེབ་ཏུ་གྱུར་ཡོད།⒁ཅེས་གདེངས་འཇོག་ཚད་མཐོ་གནང་ཡོད་ལ།  དོན་དངོས་སུའང་དུས་རབས་བཅུ་གཉིས་ནས་བཅུ་བདུན་བར་དུ་ནུབ་ཕྱོགས་གསོ་རིག་གླིང་དུ་སྤྱོད་སྒོ་ཆེས་ཤིན་ཏུ་ཆེ་བའི་གཞུང་ཞིག་ཡིན་པ་བསྙོན་དུ་མེད།  ཡིན་ཡང་ག་ལེ་ནོས་ནི་དུས་རབས་གཉིས་པར་འཁྲུངས་པའི་གསོ་རིག་མཁས་པ་ཞིག་ཡིན་པ་དང་། དུས་རབས་བདུན་པ་བོད་ཆོས་རྒྱལ་སྲོང་བཙན་སྐབས་སུ་སྟག་གཟིག་པས་མགོ་སྔོན་བསྡུས་པ་དང་། རྨ་བྱ། དེ་ཕོ། ནེ་ཙོ་གསུམ་གྱི་དཔྱད་སོགས་བསྒྱུར་བར་ཟུར་མཁར་བ་དང་སྡེ་སྲིད་རིན་པོ་ཆེའི་མཛད་པའི་ཁོག་འབུགས་གཉིས་ཞལ་མཐུན་པ་དང་།   གནའ་རབས་གྷི་རི་སིའི་གསོ་རིག་ལོ་རྒྱུས་ནང་དུའང་ག་ལེ་ནོས་ཀྱིས་ཐོག་མར་ཉ་དང་།   ཕག   ལུག་གླང་།  ཁྱི།  རྟ།  སྤྲེའུ།  སྤྱང་ཀི། བྱ། གླང་པོ་ཆེ་སོགས་སྲོག་ཆགས་ཀྱི་ལུས་སྟེང་དུ་གཤག་བཅོས་དང་ཚོད་ལྟ་གང་མང་བྱས་ཏེ་གཤག་བཅོས་རིག་པའི་གཞུང་ལུགས་དང་།  ཁྲག་རྒྱུན་འཁོར་རྒྱུག    ཁྲག་རྩ་དང་འཕར་རྩ།   རྨ་རིགས་ཆག་བཅིང་གི་ལྟ་བ་མང་པོ་གསར་དུ་རྙེད་ཅིང་གཞུང་མང་བརྩམས་པར་གྲགས་ཤིང་། བོད་དུ་བསྒྱུར་བའི་དེ་ཕོ། རྨ་བྱ།    ནེ་ཙོ་གསུམ་གྱི་དཔྱད་ཀྱང་ཕལ་ཆེར་སྲོག་ཆགས་གཤག་བཅོས་ཀྱི་རྣམ་བཤད་སྟོན་པའི་གཞུང་ཞིག་ཡིན་པ་གཞུང་གི་མཚན་བྱང་ལས་ཀྱང་གསལ་བར་རྟོགས་ཐུབ་པའི་ཕྱིར་ན།  ཟླ་རྒྱལ་གྱི་གཞུང་དུ་བསྟན་པའི་ཚིགས་ཀྱི་བྱུང་ཤོར་དང་གཞུག་གི་ཐབས་དེ་དག་གི་མགོ་ཁུངས་ངོ་མ་ཡང་ཧད་པོ་ཁི་རེ་ཙི་དང་ག་ལ་ནོས་གསོ་དཔྱད་ཀྱི་ལྟ་བའི་ཤུགས་རྐྱེན་ཐེབས་ཡོད་པ་ཁས་མི་ལེན་ཐབས་མེད་དུ་གྱུར་བ་དང་།    བོད་རང་གི་གསོ་རིག་གི་ལོ་རྒྱུས་ལྟར་ནའང་།   སྲོང་བཙན་སྐབས་སུ་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཀྱི་གསོ་རིག་ལྟ་བ་དང་གཞུང་ལུགས་བོད་ཡིག་ཏུ་བསྒྱུར་བ་དང་།  དེ་རྗེས་བཙན་པོ་ཁྲི་སྲོང་སྐབས་ཏ་ཟིག་ནས་ཧ་ལ་ཤིནྟི།(信德巴德     Sindbadh)(འདིའི་སྐོར་གྱི་ཡིག་ཆ་གསལ་པོ་མ་རྙེད་པས་དཔྱད་)ཁ་ཆེ་ནས་གུཧྱ་བཛྲ་གཉིས་གདན་དྲངས་པ་དང་།   ཁ་ཆེའི་སྨན་པས་དཔྱད་འཕྲང་སེལ་བར་བྱེད་པ་མུན་པའི་སྒྲོན་མེ་སོགས་བརྩམས་ཆོས་གསུམ་དང་།   ཏ་ཟིག་གི་སྨན་པས་མགོ་བཅོས་མུ་སྟེགས་ཀྱི་བརྒྱད་པ་རྩ་འགྲེལ།   རྩ་བཅོས་མན་ངག་ལྗོན་ཤིང་ཆེ་ཆུང་སོགས་བརྩམས་ཆོས་ལྔ་དང་། དེ་བཞིན་ཙན་པ་ཤི་ལ་ཧས་ཁྲོམ་གྱི་ཁྱད་ཆོས་ལྡན་པའི་སྨན་གཞུང་མང་པོ་ཞིག་བསྒྱུར་བ་དང་བརྩམས་པའི་ནང་རྒྱུད་ཤེལ་གྱི་མེ་ལོང་དང་། བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ།  སྨད་ཀྱི་དམར་བྱང་འཕྲུལ་གྱི་ལྡེ་མིག  ཡན་ལག་གི་བཅོས་ཐེམ་བྱང་རྨ་སྐོར་གསུམ་སྟོན་པ་ཐིག་ལེ་གསལ་བའི་མདོ་སོགས་བརྩམས་ཆོས་དུ་མ་བོད་དུ་དར་སྤེལ་བྱུང་བ་དག་ལས་བོད་དང་ཏ་ཟིག་གམ་ཁ་ཆེའི་གསོ་རིག་དབར་ལ་མཛའ་གཅུགས་ཡིད་མཐུན་གྱི་འབྲེལ་བ་དམ་པོ་བྱུང་ཡོད་པའི་ལོ་རྒྱུས་རྣམས་ལ་སུས་ཀྱང་རྡོག་གཏད་མི་ཐུབ་པའི་བདེན་དོན་ངོ་མ་ཞིག་ཏུ་གྱུར་ཡོད་པ་ལྟར་རོ།།   
             མདོར་ན་སྨན་དཔྱད་ཟླ་རྒྱལ་དང་ཏ་ཟིག་གསོ་རིག་དབར་ཏུ་འབྲེལ་བ་གཏན་ནས་མེད་པ་མ་ཡིན་ཞིང་། ལྷག་པར་ཏུ་རྒྱུད་བཞི་གཙོས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁྲོད་དུ་ཏ་ཟིག་གསོ་རིག་གི་ཤུགས་རྐྱེན་གང་འཚམས་ཡང་བྱུང་ཡོད་པ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་སྐབས་བོད་དུ་བྱུང་བའི་ཏ་ཟིག་གསོ་རིག་གི་བསྒྱུར་གཞུང་དང་བརྩམས་ཆོས་དག་གིས་གསལ་པོར་མཚོན་ཐུབ་པ་དང་།   བརྩམས་ཆོས་དང་བསྒྱུར་གཞུང་དེ་དག་གི་ཁྲོད་མང་ཆེ་ཤོས་མགོ་བྱང་ཁོག་ཡན་ལག་གི་རྨ་རིགས་ཆག་བཅིང་གི་བཅོས་ཐབས་གཙོ་བོར་སྟོན་པའི་གཞུང་ལུགས་ཤ་སྟག་ཏུ་ངེས་ཤིང་།   ཏ་ཟིག་པ་རྣམས་མཚོན་དང་རྨ་རིགས་གཤག་བཅོས་ལ་མཁས་པ་ཤུགས་ལས་རྟོགས་ཐུབ་པའི་ཕྱིར།  སྐབས་འདིའི་བརྗོད་གཞི་སྨན་དཔྱད་ཟླ་རྒྱལ་གྱི་ཚིགས་རང་མལ་དུ་གཞུག་ཐབས་ཀྱི་ལག་ལེན་དེ་དག་གི་ཐོག་མའི་འབྱུང་ཁུངས་ཡང་ཧད་པོ་ཁེ་རི་ཙེ་དང་ག་ལེ་ནོས་ནས་རྒྱུད་འོང་བ་སྟེ། གཅིག དུས་རབས་བདུན་པ་དང་བརྒྱད་པའི་སྐབས་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས།  ལུགས་ཆེན་གསུམ་གཙོས་པའི་ཡུལ་གྲུ་གཞན་དང་མི་རིགས་གཞན་གྱི་ཤེས་རིག་གི་ཉིང་བཅུད་འབོར་ཆེན་བསྡུ་ལེན་དང་འབྲེལ་འདྲིས་དམ་ཟབ་བས་ཏེ་རིག་གནས་སྤེལ་རེས་བྱེད་པའི་མཐོ་རླབས་གསར་བ་ཞིག་འཕྱུར་བཞིན་པའི་རྐྱེན་དང་།  གཉིས།  ཟླ་རྒྱལ་རང་དུ་ཟི་ར་དང་།  མོན་ཆ་ར།  པི་པི་ལིང་། གུ་གུལ་སོགས་ཏ་ཟིག་གསོ་རིག་གི་སྨན་མིང་དང་། ཏ་ཟིག་གི་སྨན་སྦྱོར་འགའ་ཤས་འཁོད་ཡོད་པའི་ཕྱིར་དང་། གསུམ། ལོ་རྒྱུས་ཀྱི་ལྟ་བའི་ངོས་སུ་བརྗོད་ན་ཟླ་རྒྱལ་གཞུང་དུ་གསུངས་པའི་གླ་རྩི་དང་།  བྱ་རྒོད་སུག་པ་སོགས་ཀྱང་ཏ་ཟིག་གསོ་རིག་གི་སྨན་གྱི་སྦྱོར་སྡེ་ཡི་གྲུབ་ཆ་གཙོ་བོ་དང་། ཐུ་བྷོད་ཀྱི་གླ་རྩི་ནི་དུས་རབས་དཀྱིལ་མའི་ཨ་རབ་གཙོས་པའི་ཡུལ་ཁམས་སུ་བོགས་འདྲེན་བྱེད་པའི་སྨན་རིགས་ཤིན་ཏུ་དཀོན་པོ་ཞིག་ཡིན་པ་དང་།  དཔུང་ཚིགས་སྟེང་དུ་མི་འཆོར་བར་གཡས་གཡོན་རྒྱབ་ཏུ་འཆོར་སླ་བའི་གནས་ལུགས་ཐད་ཀྱི་འདྲ་མཚུངས་ཀྱི་ཁྱད་ཆོས་དུ་མར་གཞིགས་ན་ཟླ་རྒྱལ་དང་རྒྱུད་དོན་ཁག་གཅིག་གིས་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་སུ་ཤུགས་རྐྱེན་ཐེབས་པར་བརྗོད་ཀྱང་མི་ཆོག་པ་ཆེར་མེད་སྙམ། བཞི། བོད་དང་ཏ་ཟིག་དབར་ལ་གནའ་སྔ་མོ་ནས་འབྲེལ་འདྲིས་བྱུང་ཡོད་ཚུལ་ཨུ་རུ་སུའི་གནའ་རྫས་རྟོག་ཞིབ་རིག་པ་བ་སྐུ་ཞབས་རོ་ལས་ཧས་བརྐོ་འདོན་བྱས་པའི་མེ་སྐམ་དང་། ཀོ་ལེབ། ཁབ་ཤུལ། རུས་རྒྱན་ལས⒂བདེན་དཔང་བྱེད་ཐུབ་པའི་ཕྱིར་ན།   བོད་དང་ཏ་ཟིག་བར་དུ་ཚོང་ཟོག་དང་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བ་དོན་གྱིས་གྲུབ་པ། ལྔ། ཏ་ཟིག་གསོ་རིག་གི་ཅུང་སྔ་མོའི་དུས་ནས་གནའ་རབས་ལྷི་རི་སི་དང་རྒྱ་གར་གསོ་རིག་གི་ཉིང་བཅུད་བསྡུ་ལེན་བྱས་ཐོག   སྔར་མེད་པའི་འཕེལ་རྒྱས་བྱུང་ཡོད་ལ།   དུས་རབས་དཀྱིལ་མའི་དུས་སྐབས་སུ། ཏ་ཟིག་གསོ་རིག་སྔ་རྗེས་སུ་ཀྲུང་གོའི་ཤིན་ཅང་དང་། བོད་ལྗོངས། ཀྲུང་གོའི་ནང་ལོག་ཏུ་དར་ཁྱབ་བྱུང་ཡོད་⒃ཅེས་གསུངས་པ་ལྟར་ནི་ཟླ་རྒྱལ་གཞུང་དུ་གསུངས་པའི་བྱུང་ཤོར་གཞུག་ཐབས་ཀྱི་ལག་ལེན་དེ་དག་རོ་མའི་ག་ལེ་ནོས་ཀྱི་གསོ་དཔྱད་ཀྱི་དགོངས་པ་རྨང་གཞི་བྱས་ཐོག  ཏ་ཟིག་བརྒྱུད་བོད་དུ་དར་སྤེལ་བྱུང་བའི་ལོ་རྒྱུས་ཀྱི་བདེན་དོན་དེ་ལ་སུས་ཀྱང་བསྙོན་འབྱིན་མི་ནུས་ལ།  བོད་ཀྱི་གསོ་རིག་གིས་ཀྱང་ཏ་ཟིག་གསོ་རིག་ལ་ཤུགས་རྐྱེན་གང་འཚམས་བྱུང་ཡོད་པའི་དངོས་ཡོད་འཚོ་བའི་སྟེང་གི་བདེན་དོན་དེས་ཀྱང་ར་སྤྲོད་མི་འཕེར་བ་ཅི་ཡང་མེད་དོ།།  m
གསུམ་པ། སྨན་མིང་དང་སྨན་གྱི་སྦྱོར་སྡེའི་དཔྱད་བསྡུར།  
             སྤྱིར་བོད་ཀྱི་གསོ་རིག་ལོ་རྒྱུས་དང་སྔོ་འབུམ།
             འཁྲུངས་དཔེ་རྣམས་སུ་སྨན་རྫས་རང་རང་གི་ནུས་པ་རྐྱང་སེལ་དང་།  གབ་མིང་།  འཁྲུངས་དཔེ།  ཐོན་ཁུངས་བཅས་གསལ་པོར་འཁོད་པ་མང་ཡང་། ཟླ་རྒྱལ་གཞུང་དུ་སྨན་གྱི་སྦྱོར་བ་དང་སྨན་སོ་སོ་བའི་ཕན་ཡོན་གཙོ་བོར་བསྟན་པ་ལས་གཞན་གབ་མིང་སོགས་ཀྱི་ཐད་ལ་འགྲེལ་བརྗོད་ཅི་ཡང་མེད་པས།  སྐབས་འདིར་བརྗོད་པའི་སྨན་མིང་དང་སྨན་སྦྱོར་དེ་དག་ཀྱང་མཐའ་གཅིག་ཏུ་ཏ་ཟིག་གསོ་རིག་གི་སྨན་མིང་དང་སྨན་སྦྱོར་ཡིན་པར་ཁ་ཚོན་གཅོད་དཀའ་མོད། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་བོད་ཀྱི་སྨན་རྫས་རིག་པའི་བསྟན་བཅོས་གྲགས་ཆེན་ཤེལ་གོང་ཕྲེང་དང་། རྒྱ་ནག་གི་ལིས་ཧྲི་ཀྲིན་གྱིས་མཛད་པའི་སྔོ་འབུམ་གཏེར་མཛོད་དུ་གོང་དུ་བརྗོད་པའི་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་། རྒྱ་འགྱུར་ཧོས་ཧོས་སྨན་གྱི་སྦྱོར་བ་དང་། དེ་མིན་འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་དང་ཟླ་རྒྱལ་རང་དུ་བསྟན་པའི་སྨན་མིང་འགའ་ལ་དཔྱད་བསྡུར་བྱས་ཚེ་ཏ་ཟིག་གི་སྨན་མིང་དུ་མ་ཡང་ཟླ་རྒྱལ་གཙོས་པའི་བོད་ཀྱི་གསོ་བ་རིག་པའི་སྔོ་འབུམ་དང་འཁྲུངས་དཔེ་རྣམས་སུ་ཁྱབ་ཡོད་པ་ལྟར་རོ།།   
             བོད་དང་ཏ་ཟིག་དབར་དུ་གནའ་སྔ་མོ་ནས་བཟུང་རིག་གནས་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་གནའ་རྫས་རྟོག་ཞིབ་མཁན་ཚོས་ས་འོག་ནས་རྙེད་པའི་རིག་དངོས་དག་གིས་བདེན་དཔང་བྱས་ཡོད་པ་དང་། ལོ་རྒྱུས་ཡོངས་གྲགས་སུ་དུས་རབས་དཀྱིལ་མ་ནས་ཏ་ཟིག་གསོ་རིག་བོད་དུ་དར་ཁྱབ་བྱུང་ཚུལ་གནའ་རབས་ཏ་ཟིག་གསོ་རིག་དང་ཀྲུང་གོ་ཞེས་པ་དང་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པར་གསུངས་ཤིང་།   ཨ་རབ་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་དག་གིས་གསུང་སྒྲོས་ལྟར་ནའང་།   དུས་རབས་དཀྱིལ་མའི་སྐབས་སུ་ཐུ་བྷོད་ཀྱི་གླ་རྩི་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོགས་འདྲེན་བྱེད་པའི་རྩ་ཆེའི་སྨན་རིགས་ཤིག་དང་།   པར་སིག་གམ་ཏ་ཟིག་ཡུལ་གྱི་བྱུ་རུ།   གཡུ། གསེར། དར་གོས། མ་ནོ་ཧན་སོགས་འཛམ་གླིང་ཡུལ་གྲུ་མང་པོར་འགྲེམས་གཏོང་བྱེད་ཀྱི་ཡོད་པ་མ་ཟད།  གསེར་གཡུ་དང་བྱུ་རུ་མ་ནོ་ཧན་དར་གོས་སོགས་ད་ལྟའི་ཆར་བོད་མིའི་རྒྱན་ཆ་གཙོ་བོའི་གྲས་ཡིན་པ་དང་། གསེར་གཡུ་བྱུ་རུ་སོགས་རྩ་ཆེའི་གཏེར་དངོས་སྨན་རྫས་ཀྱི་ཁོངས་སུ་བཞག་ཡོད་པ་ལས་ཀྱང་བདེན་དཔང་བྱེད་ཐུབ།   དེ་བཞིན་ཏུ་རྒྱ་ནག་ཝེའི་རྒྱལ་རབས་ནུབ་ཕྱོགས་ལོ་རྒྱུས་སུ་བཀོད་པ་ལྟར་ན། ཝེ་བྱང་མའི(སྤྱི་ལོ་518-519)སྐབས་ཀྲུང་གོའི་ཏ་ཟིག་རྒྱལ་ཁབ་ནས་ནང་འདྲེན་བྱེད་པའི་སྨན་རྫས་གྲས་སུ་གསེར་དང་།  དངུལ།  བྱུ་རུ།  མ་ནོ་ཧན།   བཻཌཱུརྱ།  ཤེལ།  ཆུ་ཡི་སྙིང་པོ།  རྡོ་ཡི་སྙིང་པོ།  གཡུ།  ཟངས། ཞ་ཉེ། ར་གན། སྤོས་དཀར། དངུལ་ཆུ་སོགས་གཏེར་རྫས་སྨན་རིགས་དང་། མ་ནུ། ཕོ་བ་རིས། པི་པི་ལིང་། བུ་རམ། ཨ་རུ་ར། མུ་ཟི། མཚུར་སྔོན།(盐绿)མུ་ཟི་སེར་པོ།  མེ་ཏོག་ཡུག་ཅིན་སོགས་ཡོད⒄ཅེས་དང་།   ཐང་རྒྱལ་རབས་སྐབས་བྱུང་བའི་རིན་ཆེན་དབྱུག་གི་བསྟན་བཅོས་(备急千金要方)ནང་དུའང་།    སྤོས་དཀར་དང་། གུ་གུལ། མ་ནུ། པི་པི་ལིང་། ཨ་རུ། ཤིང་ཀུན། བུ་རམ། རྒྱ་ཚྭ་བཅས་འཁོད་ཡོད་པ་མ་ཟད། ཐང་དང་སོན་རྒྱལ་རབས་སྐབས་སུ་ཏ་ཟིག་གི་སྨན་རྫས་མང་པོ་ཞིག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསལ་པོར་རྟོགས་ཐུབ། དེ་ལྟར་གོང་གསལ་སྨན་སྣ་དེ་དག་ཟླ་རྒྱལ་དང་རྒྱུད་བཞི་སོགས་སྔ་ཕྱིར་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་རྣམས་སུ་ས་ཁྱབ་རྡོ་ཁྱབ་ཡིན་པ་སྨྲ་མི་དགོས་ཤིང་།    འདིར་ཟླ་རྒྱལ་དུ་འཁོད་པའི་སྨན་རྫས་འགའ་ཤས་དཔྱད་བསྡུར་གྱི་ཚུལ་དུ་འབུལ་བ་ལ།  
             1་ གུར་གུམ། གུར་གུམ་ནི་སྟག་གཟིག་གི་སྐད་KtJrktJmསྒྲ་འགྱུར་བ་དང་།  ཤེལ་ཕྲེང་དུའང་ཀུང་ཀུ་མེ་དང་སྒྲ་གཅིག་མཚུངས་ཡིན་པ་དང་།   གུར་གུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ་ཞེས་དང་།  གུར་གུམ་འདི་སྨན་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཙ་ར་ཀ་ལས། ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང་།།   རྩ་བ་གུར་གུམ་སེ་འབྲུ་གཉིས་ལ་ཐུག⒅ཅེས་ཚ་སེལ་ཐམས་ཅད་ཀྱི་རྩ་བ་གུར་གུམ་ཡིན་པ་བརྗོད་མི་དགོས་ཤིང་།   མཆོག་དམན་དབྱེ་བ་ཡང་རབ་ནི་རྒྱ་གར་སྐད་དུ་ཀསྨི་ར།  བོད་སྐད་དུ་ཁ་ཆེ་སྟེ།   ཡུལ་གྱི་མིང་མེ་ཏོག་ལ་ཐོགས་པ་ཁ་ཆེ་མ་སྟེ།    དུང་དཀར་ཚིག་མཛོད་ལས་ཀྱང་། བོད་ས་གནས་སུ་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཚོང་པ་མང་ཆེ་བ་ཐོག་མར་ཀསྨིར་ནས་ཡོང་སྟབས་བོད་དུ་ཡོངས་གྲགས་ཀྱི་ངག་རྒྱུན་ལ་དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་ཀསྨི་རའི་མི་རྣམས་ལ་ཁ་ཆེ་ཞེས་འབོད་སྲོལ་དང་།   ཀསྨི་ར་ནས་ཐོན་པའི་མེ་ཏོག་གུར་ཀུམ་ལ་ཁ་ཆེ་གུར་གུམ་ཞེས་འབོད་སྲོལ་བྱུང་བ་ཡིན⒆ཞེས་པ་ལྟར་རྩི་སྨན་འདི་ཡི་ཐོག་མའི་ཐོན་ཁུངས་ཁ་ཆེ་ཡུལ་ཡིན་པའི་དབང་གིས་ཁ་ཆེ་གུར་གུམ་ཞེས་སུ་བཏགས་པར་ཐེ་ཚོམ་མི་དགོས་ཤིང་།  ལིའུ་ཧྲི་ཀྲིན་གྱིས་མཛད་པའི་སྔོ་འབུམ་གཏེར་མཛོད་ལེའུ་བཅོ་ལྔ་པར།  གུར་གུམ་ནི་ཁ་ཆེ་ཡུལ་དང་ཐན་ཧྥུང་རྒྱལ་ཁབ་ཏུ་(天方国)འབྱུང་ཞིང་།  མེ་ཏོག་དམར་སེར་མདངས་ཅན་ནོ་ཞེས་པ་ལྟར།  བོད་ཡུལ་དུའང་སྤྱོད་སྒོ་ཤིན་ཏུ་ཆེ་བའི་སྨན་རིགས་ཡིན་པ་སྨན་གྱི་སྦྱོར་སྡེ་དག་ལས་གསལ་པོར་མཚོན་ཐུབ། ཟླ་རྒྱལ་ལེའུ་གོ་གཅིག་པར།  གུར་གུམ་བསིལ་ཞིང་ཚད་པ་སེལ།།  ཁྲག་མཁྲིས་ནད་དང་ཚད་པ་འཇོམས།།   ཞེས་ནུས་པ་བསིལ་བས་ཁྲག་མཁྲིས་ཚ་བའི་ནད་འཇོམས་པ་དང་། ཡང་སྦྱོར་སྡེ་ནང་དུ་སྨན་གཞན་དང་ལྷན་དུ་སྦྱོར་བ་བྱས་ན།  ནད་གཞི་མང་པོའི་གཉེན་པོ་རུ་འགྲོ་བ་སྟེ།   ཟླ་རྒྱལ་ལེའུ་གོ་དྲུག་པ་རུས་བཅོས་སྐབས།   ཀླད་པའི་ཁྲུས་སུ་གི་ལྦང་དང་།། གུར་གུམ་དག་ནི་ཤིན་ཏུ་བཟང་།། ཡང་གུར་གུམ་དོམ་མཁྲིས་ཀླད་རླངས་འདོན། ཞེས་མགོ་སྐྱོན་དབང་གིས་རྨ་ཚད་གཅོག་པ་དང་རུལ་པ་འདོན་ཕྱིར་གུར་གུམ་དང་གི་ལྦང་གི་བཀྲུ་བཤལ་ལམ་ཁྲུས་ཀྱི་སྦྱོར་བ་བསྟེན་དགོས་ལུགས་དང་།   ལེའུ་གོ་བདུན་པར་སྲུབས་བཅོས་སྐབས།  སྤྲི་བཙན་དམར་དང་ནག་པ་དང་།།  སྐྱ་བོ་སློ་སློ་བྱུང་བ་ན།།  ཆང་གིས་བཀྲུ་ཞིང་གུར་གུམ་ཆུས།།  ཀ་ར་ཨ་ཤི་ཤ་དང་ནི།།  དོམ་མཁྲིས་ཕྱེ་མ་གཏང་བར་བྱ།།  ཞེས་དང་།  ཡང་སྤྲི་ལ་རྒྱ་ཚྭ་དང་ཚུར་དང་།། ག་བུར་མཚལ་དང་གུར་གུམ་གདབ།།  ཅེས་སོགས་གུར་གུམ་བསྣན་པའི་སྨན་སྦྱོར་མང་པོ་ཞིག་གཞུང་འདིར་འཁོད་པར་གཞིགས་ན།  གུར་གུམ་གྱི་ཐོན་ཁུངས་ངོ་མ་ཁ་ཆེ་ཡུལ་དུ་ཡིན་ཀྱང་།   དུས་རབས་བདུན་བརྒྱད་ནས་བཟུང་བོད་ཀྱི་སྨན་སྦྱོར་ནང་འགྲོ་རྒྱུག་ཤིན་ཏུ་ཆེ་བའི་རྩི་སྨན་གཙོ་བོ་ཞིག་ཡིན་པ་སྟེ།  གཞུང་འདིར་གུར་གུམ་ནི་མཆིན་མཁྲིས་བཅོས་བྱེད་ཀྱི་གཉེན་པོ་ཁོ་ན་ཙམ་མ་ཡིན་པར་ཚད་པ་འཇོམས་པ་དང་རྨ་ཚད་གཅོག་པ་དང་།  རུལ་པ་གཅོད་པ།  ཤའུ་གསོ་བ། མཆིན་ནད་བཅོས་པ་བཅས་ཀྱི་ཕན་ཡོན་དང་། ཐང་དང་ལྡེ་གུ་ཕྱེ་མ་སོགས་ཞི་བྱེད་སྦྱོར་བ་རྣམས་རྒྱ་ཆེར་གསུངས་པ་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ།། ཏ་ཟིག་གསོ་རིག་གི་གཞུང་དུའང་གུར་གུམ་ནི་སྨན་རྫས་གཙོ་བོ་ཞིག་ཡིན་པ་དང་། ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པར་གུར་གུམ་གཙོ་བོ་བས་པའི་ཞི་བྱེད་ཀྱི་སྦྱོར་བ་མང་པོ་འཁོད་ཡོད་པ་སྟེ།   ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དུམ་བུ་ལྔ་པའི་ལེའུ་དང་པོའི་ནང“pawa'ual---- ktJrktJmi(གུར་གུམ་-རང་ཉིད་ཀྱི་མཆན་)min  sun'atijalinnus”(ག་ལེ་ནོས་)ཞེས་པའི་གུར་གུམ་གཙོ་བོར་སྦྱར་བའི་ལྡེ་གུའི་སྦྱོར་བ་བསྟན་ཡོད་པ་དེ།  དུས་ཕྱིས་རྒྱ་འགྱུར་ཧོས་ཧོས་སྨན་གྱི་སྦྱོར་བ་རུ་ཐད་ཀར་སྤོ་བཤུས་བྱས་ཚུལ་རྒྱ་རིགས་མཁས་པ་སོན་ཞིན་ནས་གསུངས་པ་མ་ཟད།  རོ་མའི་ག་ལེ་ནོས་ཉམས་མྱོང་ལས་གྲུབ་པའི་ལྡེ་གུའི་སྦྱོར་བ་ཞིག་ཡིན་ལ།  ཕྱིས་ཏ་ཟིག་པས་ག་ལེ་ནོས་ཀྱི་གསོ་རིག་གི་ལྟ་བ་བརྒྱུད་འཛིན་བྱས་པའི་དཔང་རྟགས་གཙོ་བོ་ཞིག་ཀྱང་ཡིན།   སྤྱི་ལོ་དུས་རབས་གཉིས་པ་ནས་བཟུང་རོ་མའི་རྒྱལ་ཁབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་སྟེ།   དུས་རབས་དང་པོའི་ནང་འཁྲུངས་པའི་གྷི་རི་སིའི་སྨན་རྫས་རིག་པ་བ་ཏི་ཁོ་ལེ་སེ་ནས་གསུངས་དོན།    གུར་གུམ་ལ་རིགས་འགའ་ཡོད་པ་སྟེ།  དེང་སྐབས་ཆེས་མཆོག་ཏུ་གྱུར་པ་ནི་Aqruཨ་ཁྱེ་རོ་སིའུ་(艾格鲁斯)ནས་ཐོན་པ་དེ་ཡིན་པ་དང་།    དེ་མིན་རིགས་གཞན་དག་ནི་སྟི་ལོ་གྱི་ཡའི་(Buluqiya布卢吉亚)ཨོ་ལེ་མོ་སིའི་རི་བོ་(Awlims 奥利姆斯)དང་། ཨ་ཐོ་ལེ་ཡ་རྒྱལ་(Atuliya)ཁབ། ཧྥང་ཞིའི་རྒྱལ་ཁབ་(Farthi法尔锡)དང་ཧྲ་ཆི་ལེ་(saqliyha 西西里岛)གླིང་ཕྲན་གྱི་ཁཱ་པི་ཐོ་ཐེ་སི་(Qabtutis)རུ་སྐྱེས་ཀྱི་ཡོད་ཅེས་དང་། གོང་གསལ་ས་གནས་དེ་དག་རྒྱ་མཚོ་དཀྱིལ་མའི་(地中海)ས་ཁུལ་གྱི་གྷི་རི་སིའི་ཁྱབ་ཁོངས་ཡིན་པའི་ཕྱིར་ན། གུར་གུམ་གྱི་ཐོག་མའི་འབྱུང་ཁུངས་ནུབ་གླིང་ཡིན་པ་མ་ཟད།  གནའ་སྔ་མོ་ནས་སྨན་དུ་བཀོལ་སྤྱོད་བྱེད་མཁན་ཡང་གྷི་རི་སི་པ་ཡིན་ནོ།⒇ ཞེས་གསུངས་པ་དོན་དུ་གནས་ཤིང་།  རྒྱ་དཀར་ནག་ཏ་ཟིག་སོགས་སྐབས་དེ་དུས་སུ་འཛམ་གླིང་དུ་གྲགས་ཆེ་བའི་གསོ་བ་རིག་པ་མང་ཆེ་བར་སྤྱོད་སྒོ་ཤིན་ཏུ་ཆེ་བས།  གུར་གུམ་གྱི་མིང་གི་གདགས་གཞི་ཡང་དུ་མ་སྣང་བ་སྟེ།  དབྱི་བན་པ་ཐར་(本贝塔尔)གྱིས་མཛད་པའི་སྨན་རྫས་རིག་པ་དུམ་བུ་གཉིས་པའི་ཤོག་ངོས་162ནང་དུ། འདི་ལ་མིང་ཀྱཱ་དེ་(all- jadi)དང་། ཀྱཱ་དེ་(al- jad)རེ་ཧུ་གྱན་(al- Rihqan)གུར་ཁུམ་(kurkum)བཅས་ཡོད་ཅེས་པ་ལས་ཀྱང་གུར་གུམ་ཞེས་པའི་སྨན་མཆོག་འདི་ཉིད་འཕེལ་འགྱུར་གྱི་བརྒྱུད་རིམ་དང་ཐ་སྙད་ཀྱི་འགྱུར་ལྡོག་ཞིག་ཀྱང་མཚོན་ཐུབ།    དེ་བཞིན་བོད་དུའང་གནའ་སྔ་མོ་ནས་བཟུང་གུར་གུམ་སྨན་དུ་སྤྱོད་པའི་ཐབས་ཤེས་དེ་བྱུང་ཡོད་པ་ནི་ཏུང་ཧོང་ནས་ཐོན་པའི་སྨན་དཔྱད་སྐོར་གྱི་ཤོག་དྲིལ་ལས་གསལ་པོར་རྟོགས་ཐུབ་པ་སྟེ། གློག་པ་བྱུང་བ་ལ། ཁ་ཀྲི་དང་། ལི་ཁ་ར་རྦུར་ཏེ་སྐུས་ན་ཕན།  ཁ་ར་མ་མཆིས་ན།  གུར་གུམ་དང་ལི་ཀྲི་གང་རྙེད་པས་བསྐུ།(21) ཞེས་གུར་གུམ་འདྲེས་པའི་སྦྱོར་སྡེ་དང་དེ་ཉིད་པགས་ནད་གློག་པ་ལ་ཕན་པར་གསུངས་པ་དང་།   དེ་ལྟར་ཟླ་རྒྱལ་གཙོ་བྱས་པའི་བོད་ཀྱི་གསོ་རིག་གཞུང་རྙིང་ཕལ་མོ་ཆེར་གུར་གུམ་གྱི་སྦྱོར་སྡེ་མང་པོ་བསྟན་ཡོད་པ་ལས་ར་སྤྲོད་བྱེད་ཐུབ་པ་མ་ཟད།  འདི་ལ་རྒྱ་ཡིག་ཏུ་ཙང་ཧོང་ཧྭ་(藏红花)སྟེ་བོད་ཀྱི་གུར་གུམ་ཞེས་ད་ལྟའི་ཆར་རྒྱལ་སྤྱི་རྒྱལ་ནང་གི་ཚོང་གཉེར་དང་སྨན་རྫས་ཁྲོམ་རྭའི་ཁྲོད་རླུང་ལྟར་གྲགས་པ་འདི་ཡང་ཁ་ཆེ་དང་རྒྱ་གར་བལ་ཡུལ་ནས་བོད་དུ་བརྒྱུད་དེ་མཐར་ཀྲུང་གོའི་ནང་སོ་རུ་བོགས་འདྲེན་བྱེད་བཞིན་ཡོད་སྟབས།  རྒྱ་ནག་པ་རྣམས་ཀྱིས་བོད་ཀྱི་གུར་གུམ་ཞེས་བརྗོད་དགོས་པའི་གཏན་ཚིགས་ཡང་འདི་ལ་རག་ལས་ཡོད་པ་གདོན་མི་ཟའོ།།  
             2་དར་ཡ་ཀན།  དར་ཡ་ཀན་ཞེས་པའི་མིང་འདི་གནའ་བོའི་ཞང་ཞུང་གི་སྐད་དང་གྷི་རི་སིའི་སྐད་ཡིན་པའི་བཞེད་ལུགས་གཉིས་མཆིས་ཤིང་།  དེའུ་དམར་པའི་མཛད་པའི་ཤེལ་ཕྲེང་ལས།   འདི་ལ་དམིགས་པ་ནད་ཀྱི་དར་ཡ་ཀན་དང་།  བབ་པ་སྐབས་ཀྱི་དར་ཡ་ཀན་གཉིས་ཡོད་ལ།  དར་ཡ་ཀན་ཞེས་པའི་སྒྲ་འདི་ཞང་ཞུང་གི་སྐད་ཡིན་པར་གསུངས་ལ།  དོན་དུ་བདུད་རྩིའམ་ཐེང་ཆོག་ལ་འཇུག་པས་གནད་དམིགས་རེར་ཟབ་པའི་སྐབས་སྨན་གྱི་ཆེ་བརྗོད་ཀྱི་མིང་ཡིན་ལ།(22) ཞེས་གསུངས་པ་དང་། སྨན་རམས་པ་ཨརྱ་པ་སངས་ཡོན་ཏན་མཆོག་གིས།   དར་ཡ་ཀན་ནི་ཞང་ཞུང་གི་སྐད་ཡིན་ཟེར་རུང་དོན་དུ་གྷི་རི་སིའི་སྨན་ཞིག་གི་མིང་དུ་བཤད།  དོན་དུ་བདུད་རྩིའམ་ཐེང་ཆོག་སྟེ་སྨན་གྱི་ཆེ་བརྗོད་ཀྱི་མིང་དུ་བཤད།(23) ཅེས་གནའ་རབས་གྷི་རི་སིའི་སྨན་ཞིག་ལ་ངོས་འཛིན་བས་ཡོད་པ་དང་།   དེ་ལ་དབྱེ་ན་གོང་དུ་བརྗོད་པ་ལྟར་དམིགས་པ་ནད་ཀྱི་དར་ཡ་ཀན་ཞེས་སྐྱེས་པ་དོང་བཏགས་འདྲ་བ་མེ་ཏོག་དཀར་སེར་སྔོ་དམར་སྣ་ཚོགས་འཆར་བ་སྐྱེས་པས་དོང་པ་བཏགས་པ་འདྲ་ལ་གང་བུ་ཕྲ་རིང་འབྲས་བུ་ནག་པོ་ཆུང་བ་ཡོད་པའི་སྔོ་སྨན་བྱེ་བྲག་པ་ཅིག་ལ་ཤེལ་ཕྲེང་དུ་ངོས་འཛིན་མཛད་ཡོད་པ་དང་། བབ་པ་སྐབས་ཀྱི་དར་ཡ་ཀན་ཞེས་ནད་ཀྱི་འགྲོ་དམིགས་སམ་ནུས་པ་ཁྱད་པར་ཏུ་འཕགས་པའི་ཤ་རྒྱལ་དར་ཡ་ཀན་ཞེས་སྟག་ཤ་དང་།  རྡོ་དར་ཡ་ཀན་(ཅོང་ཞི་)ཁྲག་དར་ཡ་ཀན་(བྲག་ཞུན་)གནམ་དར་ཡ་ཀན་(བྱ་རྒོད་མཁྲིས་པ་)སོགས་སྨན་རིགས་ཉེར་ལྔ་ཡོད། ཟླ་རྒྱལ་ལེའུ་གོ་གཅིག་པའི་དབུ་རུ། དེ་ནས་བདུད་རྩི་དར་ཡ་ཀན་ཞེས་པའི་དར་ཡ་ཀན་གྱི་ལེའུ་ཆ་ཚང་གཅིག་གསུངས་ཡོད་པ་དང་།  ལེའུ་དེའི་བརྗོད་དོན་ཡང་སྨན་རྫས་ཀྱི་ནུས་པ་རྐྱང་སེལ་དང་སྨན་སྦྱོར་འགའ་ཤས་བསྟན་ཡོད་པའི་ཁྲོད། དར་ཡ་ཀན་ཞེས་ཆིག་རྐྱང་གི་སྨན་རྫས་ཀྱི་ནུས་པ་གང་ཡང་གསུངས་མེད་ན་ཡང་།  དཀར་པོ་དར་ཡ་ཀན་དང་། སེར་པོ་དར་ཡ་ཀན། སྨུག་པོ་དར་ཡ་ཀན་ཞེས་འཁོད་ཡོད་ལ།  དེ་དག་ཀྱང་སྨན་གྱི་སྦྱོར་སྡེའི་མིང་ཡིན་པ་སྟེ།   གཞུང་འདིའི་ལེའུ་གོ་གཅིག་པའི་ཤོག་ངོས246དུ། ཏིག་ཏ་སྤང་རྩི་དོ་བོ་དང་།། ཧོང་ལེན་དག་ནི་འདུས་པ་རུ།།  ཕྱེ་མ་གང་བུར་བཏབ་པ་ནི།།  ཀ་ར་གསུམ་སྟེ་ཁྲག་མཁྲིས་རྒྱས།། ཚ་བ་རྒྱས་པ་ཀུན་ལའོ།།  མི་ཡི་ནུས་པ་མཆོག་ཡིན་ཏེ།།   མ་ཧ་གྷོ་ར་དེ་བཞིན་ནོ།།  ནུས་པ་མ་སུངས་ཐམས་ཅད་སྦྱར།།  མ་སུངས་དཀར་པོ་དར་ཀན།།  ཚད་པ་ཀུན་གྱི་གཉེན་པོའོ།།  མི་ཡི་ཞོ་ཚན་གཙོ་བོ་སྟེ།། ཞོ་ཚན་ཐམས་ཅད་སྦྱར་བ་ནི།། དོམ་མཁྲིས་ཁ་སྤོད་དག་ཏུ་གདབ།།  ཚད་རྙིང་རྩ་མཆོག་ཐམས་ཅད་གཏར།། སེར་པོ་དརྻ་ཀན་ཡིན་ནོ།། མི་ཡི་ཕྱ་ཆེན་གཙོ་བོ་སྟེ།། ཕ་ཚན་ཀུན་དང་སྦྱར་བ་ལ།། ཙན་དན་གི་ལྦང་སྦྱར་བ་ནི།། དུག་ནད་ཚད་པའི་ནད་ཀུན་སེལ།། སྨུག་པོ་དརྻ་ཀན་མིན་ནོ།།   ཞེས་དཀར་པོ་དར་ཀ་ཡན་གྱི་སྦྱོར་བའི་ཁོངས་སུ་ཏིག་ཏ་སོགས་སྨན་སྣ་བདུན་དང་། སེར་པོ་དར་ཡ་ཀན་གྱི་སྦྱོར་བར་གཙོ་བོ་མི་ཡི་ཞོ་ཚན་དང་།  ཞོ་ཚན་ཐམས་ཅད་དང་དོམ་མཁྲིས་སྤོད་སྣ་སྦྱར་བ་དང་། སྨུག་པོ་དར་ཡ་ཀན་གྱི་སྦྱོར་བར་མི་ཡི་ཕ་ཚན་སོགས་སྨན་སྣ་གསུམ་ལས་གྲུབ་ཅིང་། སྦྱོར་བ་སྔ་མ་གཉིས་ཚད་པ་གསར་རྙིང་གི་གཉེན་པོ་དང་། ཕྱི་མ་འདི་དུག་ཚད་འཇོམས་པའི་གཉེན་པོ་ཡིན་ལ།  སྦྱོར་བ་གསུམ་ཀའི་གཙོ་བོའི་སྨན་ཞོ་ཚན་དང་ཕ་ཚན་ཡིན་པས་དར་ཡ་ཀན་ཞེས་པ་གོང་དུ་བརྗོད་པ་ལྟར་ནད་གཞི་བཅོས་པར་ཤིན་ཏུ་དཀོན་པའི་བདུད་རྩིའམ་ནད་ཀྱི་གཉེན་པོ་ཐོག་བབས་སུ་བཅོས་པར་ཐེངས་པས་ཆོག་པས་ཐེང་ཆོག་ཏུ་གསུངས་པ་དོན་དུ་གནས་ཤིང་།  ཟླ་རྒྱལ་ལེའུ་གོ་གཅིག་པའི་མཚན་བྱང་དུ་བདུད་རྩི་དར་ཡ་ཀན་ཞེས་པའི་དོན་ངོ་མ་བདུད་རྩི་ཐེང་ཆོག་ཏུ་འཇུག་པ་རང་གཞན་གཉིས་ཀའི་རྟོགས་སླའོ།།   
             3་ཤིང་ཀུན།   འདི་ལ་དངོས་དང་བཟོ་མ་གཉིས་ཡོད་ལ།  དངོས་ནི་ཤིང་བོཀྐ་ཞེས་པའི་ཚི་བ་ཡིན་ལ་སྐུད་པ་དཀར་པོ་ལ་བསྐུས་ན་སྔོན་པོར་འགྲོ་ཞེས་དུས་འཁོར་འགྲེལ་བ་ལས་བཤད་ཅེས་དྲི་མེད་ཤེལ་ཕྲེང་དང་མེས་པོའི་དགོངས་རྒྱན་ལས་གསུངས། སྨན་ངོ་གསལ་བྱེད་དུ། ཤིང་གི་ཐང་ཆུ་གུ་གུལ་ལྟ་བུ་རོ་དང་དྲི་ཕུན་སུམ་ཚོགས་པའོ།  ཞེས་དང་། རྒྱ་ནག་སྐད་དུ་ཨ་ཝེ་(阿魏)དང་། མིང་ལ་ཤེལ་ཕྲེང་དུ་ཧིངྒུ་མ་དང་། སྨན་རྫས་ཚིག་མཛོད་གཡུ་ཐོག་སྔོ་འབུམ་དགོངས་རྒྱན་དུ་ཧིངྒུ་མ་ཤིང་ཀུན་གྱི་མིང་ཞེས་དང་།  མེས་པོའི་དགོངས་རྒྱན་དུ་ཧིང་གུ།  ཡུལ་སྐད་དུ་ཧིང་གུ་ཡང་ཟེར།    གཽ་ཏ་ལའི་གསུངས་ལས་ཧིངྒུ་ཞེས་འབྱུང་བ་དང་།  དེ་ལ་མིན་ཅ་ལེའི་(孟加拉语)དང་རྒྱ་གར་སྐད་དུ་hingདང་། གནའ་རབས་ཏ་ཟིག་སྐད་དུ་anguzadདང་།  དབྱི་ལང་སྐད་དུangwaཞེས་བརྗོད་པའི་ཕྱིར་ན(24) གཞི་རྩའི་སྒྲ་གདངས་ལ་ཁྱད་པར་གང་ཡང་མེད་པ་སྟེ།    hingཞེས་ཧིངྒུ་དང་།    angwaཞེས་ཧང་གུ་མ་དང་།    anguzadཞེས་ཧིང་གུ་ཛ་ཏིར་འགྱུར་བ་དང་།  རྒྱ་གར་སྐད་དུ་hingtJཞེས་ཧིང་གུ་དང་། རྒྱ་ནག་ཏུ་ཨགྷུ་ཤིར་ཞེས་ཤེལ་ཕྲེང་ལས་གསུངས་ཤིང་། དེ་ལ་ཐང་རྒྱལ་རབས་སྐབས་བྱུང་བའི་སྔོ་འབུམ་གསར་མ་ཞེས་པའི་ནང་དུ།   ཤིང་ཀུན་(阿魏)ནི་ཅཱ་ཐེ་ནཱེ་རྒྱལ་ཁབ་(伽闹那)སྟེ་(ཨ་ཧྥུ་ཀ་ནི་སི་ཐན་གྱི་གནའ་བོའི་གྲོང་ཁྱེར་ཞིག་ཡིན།)རྒྱ་གར་བྱང་ཕྱོགས་སུ་འབྱུང་མང་ཞིང་། ཅཱ་ཐེ་ནེས་hingu(形虞)ཞེས་འབོད་པ་དང་། དེ་ནི་ཏ་ཟིག་རྒྱལ་ཁབ་ལས་འགྱུར་འོང་པ་སྟེ།   ཏ་ཟིག་ཏུ་ཨ་ཧུ་ཙེ་(阿虞截)ཞེས་བརྗོད་པ་དང་།  ཤིང་གི་མཐོ་ཚད་ཀྲང་(ཚད་འཇལ་བྱེད་ཅིག་)བརྒྱད་དགུ་ཙམ་དང་།  པགས་མདོག་སྔོ་སེར།  ཟླ་བ་གསུམ་པར་ལོ་འདབ་རྒྱས་ཤིང་།  འདབ་མ་བྱི་བའི་རྣ་གཤོག་འདྲ་བ།  མེ་ཏོག་དང་འབྲས་བུ་མེད་པ།  ཡལ་ག་བཅག་ཚེ་ཚི་བའམ་འོ་ཆུ་ལྟ་བུ་འབྱུང་བ།  ཡུན་ལོན་ཚེ་སྲ་མཁྲེགས་གོང་བུར་འདྲིལ་བ་ལ་ཨ་ཝེ་(阿魏)ཞེས་མིང་དུ་བཏགས་ཤིང་།    ཧྥོ་ལེན་རྒྱལ་ཁབ་(佛林国)(གནའ་རབས་རོ་མའི་རྒྱལ་ཁབ་ཀྱི་མིང་ཡིན།  རང་ཉིད་ཀྱི་མཆན།)ཀྱིས་ཀྱང་དེ་ལྟར་འབོད། མོ་ཅཱ་ཐེའི་(ཆུ་བོ་གངྒའི་ལྷོ་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཞིག་གི་མིང་།)བྲམ་ཟེའི་དག་གི་གསུང་སྒྲོས་སུ་(摩伽陀增提婆)ཤིང་འདིའི་ཚི་བ་དང་འབྲས་ཤུན་(米豆肩)སྦྱར་བ་ལས་བྱུང་བའི་ཤིང་ཀུན་ཡང་ཡོད(25)ཅེས་གསུངས་པ་ལྟར་དང་།  སྐབས་འདིར་hinguའམ་རྒྱ་ཡིག་གི形虞ཞེས་པའི་སྐོར་ལ།  ཨ་རི་བ་ལོ་ཧྥིས་ཧར་ནས་མཛད་པའི་ཀྲུང་གོའི་དབྱི་ལང་ལེ་ཚན་ཞེས་པར། “形虞截་སྟེ་ཨ་ཧུ་ཅེ་ནི་གནའ་རབས་ཏ་ཟིག་སྐད་ཀྱི་AnguZadཡི་སྒྲ་འགྱུར་བ་ཡིན་ཞེས་པར་བརྟག་ཚེ།   རྒྱ་ནག་ཡིག་ཚང་ཁག་ཏུ་འཁོད་པའི形虞ཡང་ལེགས་སྦྱར་སྐད་ཧིང་གུ་ལས་འོང་བ་དང་།  阿虞截ཡང་ཏ་ཟིག་སྐད་AuguZadལས་འགྱུར་འོང་བའི་ཕྱིར་ན། དར་མོ་བའི་མེས་པོའི་དགོངས་རྒྱན་དུ་གསུངས་པའི་ཧིང་གུ་མ་ཡང་ལེགས་སྦྱར་སྐད་ལས་བྱུང་ཞིང་།   དེ་ཟུར་ཆག་ནས་བོད་སྐད་རང་དུ་ཤིང་ཀུན་དུ་འགྱུར་བ་བརྗོད་མི་དགོས་ཤིང་།   དེའུ་དམར་བའི་ཤེལ་ཕྲེང་དུ་ཤིང་ཀུན་ལ་རྒྱ་ནག་ཏུ་ཨགྷུ་ཤིར་ཞེས་འཁོད་པ་དེ་རྒྱ་ཡིག་“阿虞截་དང་སྒྲ་གཅིག་མཚུངས་ཡིན་ཞིང་།  དོན་དུ་གནའ་རབས་ཀྱི་ཏ་ཟིག་སྐད་AuguZadལས་སྒྲ་འགྱུར་འོང་བ་སྒྲ་གདངས་ཀྱི་རང་བཞིན་དང་ཀློག་སྟངས་གཅིག་མཚུངས་ཡིན་པ་འདི་ལས་གསལ་པོར་རྟོགས་ཐུབ་པ་སྟེ། ཧིང་གུ་ནི་ཨ་ལ་པོ་དང་ཏ་ཟིག་གི་ཐ་སྙད་Anjudhanལས་འགྱུར་འོང་བ་(26)བ་མ་ཟད། དབྱི་བན་པཱ་ཐར་(本贝塔尔)གྱིས་མཛད་པའི་གསོ་བ་རིག་པའི་རྒྱུད་སྡེ་དུམ་ཚན་དང་པོར། ཤིང་ཀུན་ལ་རིགས་གཉིས་ཏེ། གཅིག་ནི་ཁ་དོག་དཀར་ལ་དྲི་ཞིམ་པ།  བཟའ་ཆས་སུ་སྤྱོད་ཆོག་པ་སྟེ་སཱ་རཱ་ཧེ་སི་(གནའ་རབས་ཏ་ཟིག་གི་གྲོང་ཁྱེར་ཞིག་དང་།  དེང་དབྱི་ལང་རྒྱལ་ཁབ་ཀྱི་ཤར་བྱང་མཚམས་སུ་ཡོད།)ནས་(sarakhsi  塞菜赤赤)ཐོན་པ་དང་།  ཅིག་ཤོས་དེ་ལས་ལྡོག་སྟེ་ཁ་དོག་ནག་ཅིང་དྲི་ངན་པ།  སྨན་སྣ་མང་པོ་ལྷན་ཅིག་ཏུ་སྦྱར་བ་ལས་བྱུང་བའོ་(27)ཞེས་འཁོད་པ་ལྟར་གནའ་རབས་ཏ་ཟིག་སྨན་རྫས་རིག་པའི་གཞུང་ལྟར་ནའང་ཤིང་ཀུན་ལ་དངོས་དང་སྦྱར་མའམ་བཟོས་མ་གཉིས་དང་།   རྒྱ་ནག་པ་ཏོན་ཁྲེན་ཧྲི་(段城式)ནས་བརྩམས་པའི་ནུབ་ཕྱོགས་སུ་འགྲིམ་པའི་ལམ་ཡིག་ཞེས་པར།   ཤིང་ཀུན་གྱི་འབྱུང་ཁུངས་དངོས་ནི་ཏ་ཟིག་རྒྱལ་ཁབ་དང་ཅཱ་ཤི་ནཱ་རྒྱལ་ཁབ་གཉིས་ཡིན་ཞིང་།  ཐང་རྒྱལ་རབས་(སྤྱི་ལོ་618-907)སྐབས་སུ་ཀྲུང་གོ་རུ་ནང་འདྲེན་བྱས་ཡོད་ཅེས་འཁོད་ཡོད་པ་དང་།  དེ་བཞིན་ཁ་ཆེ་བ་ཨ་པོ་ཏོན་ནས། དེ་ནི་སྟ་སི་ཐེ་(Bust)དང་ཆི་ཆེན་རྒྱལ་ཁབ་(Bilad   al- Qiqan)གཉིས་དབར་གྱི་བྱེ་ཐང་དུ་སྐྱེས་མང་བ་དང་།  ཞེས་དང་ཡང་དེ་ནི་ཤིང་ཁཱ་ཕྱམ་kashimདང་འདྲ་བའི་རྩི་ཤིང་རིགས་ཤིག་ཡིན་པ་དང་།  པཱ་པེ་ལིན་དུ་སྐྱེས་(巴比伦)ཤིང་།   ཚོད་མ་ཚོང་མཁན་གྱི་ཚོང་པ་རྣམས་ཀྱིས་སྤོས་སྦྱོར་དང་མཉམ་དུ་ཕྱིར་འཚོང་བྱེད་ཀྱི་ཡོད(28)ཅེས་གསུངས་པ་དང་།  གོང་གི་སྟ་སི་ཐེ་(Bust)དང་ཆི་ཆེན་རྒྱལ་ཁབ་(Qiqian)གཉིས་ཀྱང་ས་མིང་ཚིག་མཛོད་དུ་གསུངས་པ་ལྟར་ན། གནའ་རབས་ཀྱི་ཏ་ཟིག་གི་ཡུལ་གྲུའི་ཁོངས་དང་། དེང་དུས་དབྱི་ལང་རྒྱལ་ཁབ་ཀྱི་མཱ་ཙིན་དྷེ་ལན་(马赞德兰)ཞིང་ཆེན་གྱི་ཁོངས་ཡིན་པར་བརྗོད་པ་དང་།   རྒྱ་ནག་པ་ལེའུ་ཧྲི་ཀྲིན་གྱིས་སྔོ་འབུམ་གཏེར་མཛོད་ལེའུ་སོ་བཞི་པར། ཤིང་ཀུན་(阿魏本)(ཕལ་ཆེར་ཤེལ་ཕྲེང་ནས་གསུངས་པའི་ཤིང་བོཀྐོ་ཡིན་པར་སྙམ་)ནི་ཏ་ཟིག་དང་ཅཱ་ཐེ་ནེའི་རྒྱལ་ཁབ་(伽那)ནས་འབྱུང་གི་ཡོད(29)ཅེས་གོང་གི་ལུང་ཚིག་དེ་དག་ལ་གཞིགས་ན།   རང་ཅག་གཞུང་དུ་གྲགས་པའི་ཤིང་ཀུན་ཡང་ཧིང་གུའམ་ཧིང་གུ་མ་ཞེས་གནའ་རབས་ཏ་ཟིག་གི་སྐད་(Aujudhan)ཡི་སྒྲ་ཟུར་ཆག་པ་ལས་བྱུང་ཞིང་། ཁྱད་པར་ཏུ་ཤེལ་ཕྲེང་དང་མེས་པོའི་དགོངས་རྒྱན་དུ་གསུངས་པའི་ཤིང་ཀུན་གྱི་གབ་མིང་དང་།   དངོས་དང་བཟོ་མ་གཉིས་ཀྱི་དབྱེ་བ་འབྱེད་ལུགས།   རྒྱ་ནག་པའི་སྔོ་འབུམ་གཏེར་མཛོད་དང་ཏ་ཟིག་གསོ་རིག་གི་གཞུང་དུ་གསུངས་པའི་ཤིང་ཀུན་གྱི་འཁྲུངས་ཡུལ་དང་ཐོན་ཁུངས་ཀྱི་རྒྱལ་ཁབ་བཅས་ལ་ཞིབ་ཏུ་དཔྱད་ཚེ།  དུས་རབས་དཀྱིལ་མའི་ཁ་ཆེའི་གསོ་རིག་སྨྲ་བ་རྣམས་ཀྱི་གསུངས་པ་ལྟར།  ཤིང་ཀུན་གྱི་ཐོན་ཁུངས་དངོས་ནི་དབྱི་ལང་རྒྱལ་ཁབ་ཀྱི་བང་ཕྱོགས་ས་ཁུལ་ཡིན་པའི་སྡོམ་ཚིག་དེ་ཡང་ཡིད་རྟོན་རུང་བའི་གཏན་ཚིགས་ཤིག་ཏུ་འཁུམས་ཤིང་།   ས་ཚིགས་ཀྱི་ངོས་ནས་བཤད་ནའང་།  ཤར་ནས་ཨ་ཧྥ་ཧིན་གྱི་ Bust བྷོ་སི་ཐི་དང་།  ནུབ་ནས་ཆུ་བོ་གཉིས་ཀྱི་འགྲམ་རྒྱུད་བཅས་པའི་ཡུལ་གྲུ་ཆེན་པོ་འདི་ནི་ཏ་ཟིག་ཧྲ་མིན་བཙན་རྒྱལ་གྱི་མངའ་ཁོངས་ཡིན་པ་མ་ཟད། ཅཱ་ཐེ་ནེ་ཡང་ཡུལ་གྲུ་འདིའི་ཁོངས་གཏོགས་ཡིན་པ་བཅས་ལ་དཔྱད་ན།  ཤིང་ཀུན་གྱི་ཐོག་མའི་འབྱུང་ཁུངས་དངོས་ནི་རྒྱ་དཀར་ནག་དང་བོད་དུ་གཏན་ནས་མིན་པར་ཏ་ཟིག་ཡུལ་གྲུ་རང་ས་ནས་ཐོན་པའི་སྨན་རྫས་ཤིག་ཡིན་པ་གོར་མ་ཆག་གོ།  
             ཤིང་ཀུན་གྱི་ཐོག་མའི་འབྱུང་ཁུངས་ཏ་ཟིག་ཡིན་པ་གོང་དུ་བརྗོད་ཟིན་པ་ལྟར་དང་། བོད་དུའང་གནའ་སྔ་མོ་ནས་བཟུང་སྤྱོད་གོ་ཆེ་བའི་སྨན་རྫས་ཤིག་ཡིན་པ་སྟེ། ཏུང་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆའི་མ་ཡིག་འདྲ་བཤུས་ཤོག་ངོས་132ནང་དུ།   སྤང་རྒྱན་དང་ཤིང་ཀུན་དང་སྲོ་ལོ་འདི་རྣམས་ཆབ་དུ་སྦྱར་ཏེ་ནང་པར་འཐུངས་ན་ཕན། ལི་ཤི་བཞི་ཙིང་(སྲང་བཞི་)མུར་ན་ཕན།  ཞེས་སྤང་རྒྱན་སོགས་ལྷན་དུ་ཆུ་དང་སྦྱར་ན་གྲེ་བ་དང་གློ་བར་ཕན་པར་གསུངས་པ་དང་།  ཡང་ཤོག་ངོས་143ནང་དུ།   སྐྱུག་པ་ལྕེ་དང་ནད་ཀྱི་ཐབས་ཀྱིས་ལྕགས་ཕྱེ་དང་།  ཤ་རུའི་ཙིག་མ་དང་།   ཤུ་བཟ་(ཤུ་ཟ་)རྩངས་པ་དང་།   སྦྲུལ་གྱི་ཤ་དང་། ཇ་རང་གི་དབུ་གནམ་པོ་དང་། ལྷམ་གི་དྲི་མ་དང་། ཤིང་ཀུན་དང་འདི་རྣམས་ལྟར་ལུད་ལ། ཕྱི་ནས་ཀྱང་བུས་ན་ཕན་ནོ། ཡུལ་གཉན་པོ་དྲི་མང་པོའི་ཡུལ་དུ་དགོངས་སམ་དྲོ་ན།   ཁ་ཟས་ཀྱི་ནང་དུ་སྔ་ནས་ཤིང་ཀུན་གྱི་ཐོབ་ཤིག་ཤུ་བཟུར་(ཤུ་ཟ་)བུས་ཤིག་ཅེས་འཁོད་པ་ལྟར་ཤིང་ཀུན་གྱི་ཕན་ནུས་གཙོ་བོ་ཡིན་པ་མ་ཟད།  ཁ་ཟས་ནང་དུ་སྔ་ནས་ཤིང་ཀུན་ཐོབ་ཤིག་ཅེས་པ་ནི་གོང་ནས་ཏ་ཟིག་པ་རྣམས་ཀྱིས་ཤིང་ཀུན་ནི་ཞལ་ཟས་གཡོས་སྦྱོར་གྱི་སྤོད་སྣ་ཡིན་པའི་གཏན་ཚིགས་དེ་དང་མཐུན་ཞིང་།   དེ་དང་ཆ་འདྲ་བའི་སྨན་གྱི་སྦྱོར་སྡེ་འགའ་ཤས་ཏུང་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་རུ་འཁོད་ཡོད་པ་འདིར་ཡིག་ཚོགས་སྐྱུངས་པས་རེ་རེ་ནས་མ་བརྗོད་ལ།  ཟླ་རྒྱལ་དུ་ཤིང་ཀུན་རང་གི་ནུས་པ་རྐྱང་སེལ་ཡང་མ་གསུངས་ཡང་།  སྦྱོར་སྡེ་མང་པོ་ཞིག་གི་ནང་དུ་ཤིང་ཀུན་སྦྱར་ཡོད་པ་སྟེ།   ཟླ་རྒྱལ་ལེའུ་དོན་དགུ་པ་ཕྱེ་མའི་ལེའུ་ནང་དུ།  དུག་མོ་ཉུང་དང་ཨ་བི་ལ།།  ཨ་རུ་ར་དང་ཤིང་ཀུན་དང་།། ཁ་རུ་ཚྭ་དང་སྦྲང་རྩིར་སྦྱར།། ཕོ་བ་ཉམ་ཆུང་ཟས་མི་འཇུ།།  བེ་སྣབས་དང་ནི་སློན་པ་དང་།།  གཟེར་ཟུག་ཆེ་བའི་ནད་རྣམས་དང་།། ཚད་པས་འཁྲོག་པ་རྣམས་ལ་ཕན།།  ཞེས་ཕྱེ་མའི་སྦྱོར་བ་གཅིག་དང་།།  དེ་བཞིན་ལེའུ་རེ་དྲུག་པ་མཁྲིས་བཤལ་བཅོས་པའི་ལེའུ་རུ། ཡང་ན་བཙོང་དང་མཱུ་ལ་དང་།  ཤིང་ཀུན་གླ་རྩི་སྦྱར་བ་ན།  ལྟོ་སྟོང་དྲི་ཆུ་སྣར་བླུག་བྱ། ཞེས་མཁྲིས་བཤལ་གྱི་སྐབས་སུ་སྣ་སྨན་གྱི་ཁོངས་སུ་བསྟན་པ་བཅས་དུས་རབས་བརྒྱད་པ་ནས་བཟུང་བོད་ཀྱི་སྨན་སྦྱོར་གྱི་སྦྱོར་སྡེའི་ཁྲོད་འགྲོ་རྒྱུག་ཤིན་ཏུ་ཆེ་བའི་སྨན་རྫས་གལ་ཆེན་ཞིག་ཡིན་པ་གསལ་པོར་རྟོགས་ནུས་སོ།།  
             4་ཟི་ར།  སྤྱིར་ཟི་ར་ལ་རིགས་དཀར་ནག་གཉིས་དང་། ཡང་ན་ཟི་ར་དཀར་པོ་དང་། ཟི་ར་དཀར་པོ་རྒོད་པ།  བོད་སྐྱེས་ཟི་ར་ནག་པོ།  ཟི་ར་སེར་པོ་བཅས་རིགས་བཞི་རུ་དབྱེ་བ་ཡང་ཡོད་ལ།  ཟི་ར་རིགས་སྔ་མ་གཉིས་རྒྱ་དཀར་ནག་དང་བལ་ཡུལ་ནས་ཐོན་མང་བ་དང་།  ཕྱི་མ་གཉིས་བོད་རང་སར་སྐྱེས་པའི་ལྡུམ་བུ་ཐང་སྨན་གྱི་རིགས་ཤིག་ཡིན་པས།   ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ངོས་ནས་དཔྱད་ན། ཤེལ་ཕྲེང་དུ། ཤྭེ་ཛི་ར། ཟི་ར་དཀར་པོ། ཡུལ་སྐད་དུ། ཨ་ཛ་ལྦ་ཡི་ནི། ཛོ་ཀི་རྣམས་ནི་ཟི་ར་དང་གོ་སྙོད་ལ་ལ་ཕུད་གསུམ་ཀར་ཛི་ར་ཟེར་བར་འདུག(30)ཅེས་དང་། མེས་པོའི་དགོངས་རྒྱན་དུ། མིང་ནི། སྙིང་པོ་བསྡུས་པའི་རང་འགྲེལ་དུ། ཨ་ཛ་ཛི་ཟི་ར་དང་། ཤེ་ཏ་ཛི་ཏ་དཀར་པོ་དང་། ཀཱ་ལ་ཛི་ར་ཟི་ར་ནག་པོ་དང་། ཛི་ར་ན་ཟི་ར་སྟེ་ཟུར་ཆག་པའོ། ཡུལ་སྐད་ལ་ལར། ལ་ལ་ཕུད་དང་།  ཟི་ར་དཀར་པོ་དང་།  གོ་སྙོད་གསུམ་ཀ་ལ་ཛི་ར་ཞེས་ཀྱང་ཟེར་རོ།   ཞེས་པ་ལྟར་ཟི་ར་ནི་ཛི་ར་ལས་ཟུར་ཆག་པར་སྙིང་པོ་བསྡུས་པའི་རང་འགྲེལ་ལས་གསལ་པོར་ངེས་ཐུབ་པ་མ་ཟད།  ཛི་ར་ཡང་ལེགས་སྦྱར་སྐད་མིན་པ་ཤིན་ཏུ་གསལ་ཏེ། གང་ཡིན་ཞེ་ན། གལ་སྲིད་ཛི་ར་ལེགས་སྦྱར་སྐད་ཡིན་ན་སྙིང་པོ་བསྡུས་པའི་རང་འགྲེལ་དུ་ཛི་ར་ན་ཟི་ར་སྟེ་ཟུར་ཆག་པའོ་ཞེས་བརྗོད་མི་དགོས་ལ།   སྐད་ལ་ཟུར་ཆག་ཅེས་པའི་བརྡ་མི་འཇུག་པའི་ཕྱིར། འོ་ན།  ཟི་ར་ནི་མི་རིགས་གང་གི་སྐད་དོད་ཡིན་ནམ་ཞེ་ན། དེ་ནི་ཛི་ར་ན་སྟེ་ཏ་ཟིག་གི་སྐད་ཟུར་ཆག་པ་སྟེ།   དུས་རབས་དཀྱིལ་མའི་དུས་སྐབས་སུ།   ཏ་ཟིག་པས།(zeerh)ཛི་ར་ཅེས་བརྗོད་པ་དང་།  དེང་རང་རྒྱལ་ཤིན་ཅང་གི་ཡུ་གུར་པ་རྣམས་ཀྱིསzeerhཛི་ར་ཞེས་པ་སྐད་དོད་གཅིག་མཚུངས་ཡིན་པ་དང་།  ལིས་ཧྲི་ཀྲིན་གྱིས་མཛད་པའི་སྔོ་འབུམ་གཏེར་མཛོད་ཀྱི་ལེའུ་ཉེར་གསུམ་པར།  སོན་རྒྱལ་རབས་ཀྱི་སྔོ་འབུམ་བཀྲ་ཤིས་གཏེར་འབུམ་དུ་ཡང་སི་ར་(既然)ཞེས་འཁོད་ཡོད་པར་གསུངས་པ་མ་ཟད།   ད་དུང་ཐང་རྒྱལ་རབས་ཀྱི་མཁས་པ་ལིས་ཞོན་(李殉)གྱིས་མཛད་པའི་སྔོ་འབུམ་ཆུ་གཏེར་ལས་ཀྱང་རང་རྒྱལ་ཀོང་ཀྲིག་གི་ལོ་རྒྱུས་ཞེས་པ་ལས་ལུང་དྲངས་པ་ལྟར་ན།  ཟི་ར་ནི་ཏ་ཟིག་རྒྱལ་ཁབ་ནས་ཐོན་པ་ཡིན་ཞེས་འཁོད་ཡོད་པར་གསུངས་ཤིང་། མཁྱེན་བརྩེ་ལོ་ཙཱ་བས་སྡེ་ཚན་བདུན་པར། ཛི་ར་གསུངས་ནས་ཟི་ར་དང་སྐད་དོད་གཅིག་པར་མཛད་ཡོད་པ་བཅས་ལ་གཞིགས་ན། ཛི་ར་དང་། སི་ར།  ཛི་ར་ན་བཅས་སྒྲ་ཡི་ཀློག་སྟངས་ཀྱི་ཁྱད་པར་ཙམ་ལས་གནའ་རབས་ཏ་ཟིག་གི་སྐདzeerahཛི་ར་ཟུར་ཆག་ནས་ཟི་ར་རུ་འགྱུར་འོང་བ་རྒྱ་བོད་གསོ་རིག་གི་བསྟན་བཅོས་དག་ལས་བདེན་དཔང་མི་འཕེར་བའི་རྒྱུ་མཚན་གང་ཡང་མེད་དོ།།    དེ་བཞིན་ཟླ་རྒྱལ་ལེའུ་དོན་དགུ་པར་ཟི་ར་འདྲེས་པའི་སྦྱོར་སྡེ་ཡང་དུ་མ་གསུངས་ཡོད་པ་སྟེ། ཕྱེ་མའི་སྦྱོར་བ་ག་བུར་ནི།། ག་བུར་ཅུ་གང་ཀ་ཀོ་ལ།།  ཛཱ་ཏི་ལི་ཤི་གུར་གུམ་དང་།། གླ་སྒང་སུག་སྨེལ་སྤང་སྤོས་དང་།། བ་ལེ་ཀ་དང་རྡོ་དྲེས་དང་།།  པུ་ཙེ་ཤེལ་དང་ཆུ་སྲིན་སྡེར།།  ནཱ་ག་གེ་སར་པད་གེ་སར།། ཙན་དན་དཀར་པོ་གི་ལྦང་དང་།།  ཨུཏྤལ་སྔོན་པོ་འབུ་སུ་ཧང་།།   ཤིང་ཚ་ཟི་ར་ཙན་དན་དམར།།  ཚ་བ་གསུམ་སྟེ་ཉི་ཤུ་ལྔ།།  ལྷ་ཡིས་དབང་པོ་ཚངས་པས་བཤད།། ལད་ལུད་མང་དང་དབུགས་མི་བདེ།།  སྐད་འགགས་ཡི་ག་འཆུས་པ་དང་།།  ཕོ་བ་དྲོད་སྐྱེད་ཆམ་པ་མོད།།    ཕྲན་ཏུ་སྐྱུགས་དང་སྐྱིགས་བུས་འདེབས།། རིམས་ནད་ཀུན་དང་མཁྲིས་ནད་དང་།།  ཚ་བ་རྒྱས་དང་རྙིང་པ་དང་།། སྙིང་མི་དྲན་དང་མྱོས་པ་དང་། གློ་མཆིན་མཚེར་པ་ན་བ་དང་།། རྩིབ་ལོགས་ཟུག་དང་གཞང་འབྲུམ་དང་།། ཚད་ནད་ཁྲག་ཏུ་འཁྲུ་བ་དང་།། ཁྱད་པར་དུ་ཡང་རིམས་ནད་སེལ།།   ཞེས་པའི་སྨན་སྦྱོར་ཁོངས་སུ་ཟི་ར་བགྲངས་ཡོད་ལ།   ལེའུ་འདིའི་ནང་དུ་ཟི་ར་འདྲེས་པའི་སྦྱོར་སྡེ་མི་འདྲ་བ་བཞི་གསུངས་ཡོད་པ་དང་།   དེ་ལས་སྦྱོར་སྡེ་གསུམ་དུ་ཟི་ར་ཞེས་དང་།    ཅིག་ཤོས་སུ་ཟི་ར་དཀར་པོ་ཞེས་འབྱུང་བ་ལས་ཟི་ར་ནག་པོ་ཞེས་གཞུང་འདིར་མི་གསལ་བ་བཅས་གང་ལྟར་སྔ་མོ་ནས་བོད་ཀྱི་སྨན་སྦྱོར་ཁྲོད་དུ་བེད་སྤྱོད་ཆེ་བའི་ལྡུམ་བུ་ཐང་སྨན་རིགས་ཤིག་ཡིན་ནོ།།  
             དེ་ལྟར་གུར་གུམ་དང་། ཟི་ར། ཤིང་ཀུན། ནཱི་ལ་ཐོ་ཥ།  དར་ཡ་ཀན་སོགས་ཏ་ཟིག་གི་ཐ་སྙད་མང་པོ་ཞིག་གི་བཞིན་རས་ལ་སྐྱོན་གྱི་དྲི་མས་མ་གོས་པར་དུས་ཡུན་རིང་བའི་ལོ་ཟླའི་ཆར་གྱིས་བསྙལ་ཞིང་རང་རིགས་ཀྱིས་རྒྱུད་འཛིན་དར་སྤེལ་བྱུང་ཡོད་པ་དག་ལས་ཀྱང་སྐབས་དེ་དུས་ཀྱི་བོད་དང་ཏ་ཟིག་དབར་གྱི་རིག་གནས་སྤེལ་རེས་ཀྱི་རླབས་ཆེན་མཐོ་རླབས་ཤིག་ཀྱང་མཚོན་ནུས་སོ།། དེ་ཙམ་མ་ཡིན་པར་ཏ་ཟིག་གསོ་རིག་གི་བསྟན་བཅོས་ཁག་ཏུ་འཁོད་པའི་ཞི་སྦྱོང་གི་ལག་ལེན་དང་སྨན་སྦྱོར་འགའ་མཐོང་དུས་རང་ཅག་བོད་ཀྱི་སྨན་གྱི་སྦྱོར་བ་ཆེ་གེ་མོ་ཞིག་མིན་ནམ་སྙམ་པའི་དོགས་པ་བཅོས་མིན་དུ་སྐྱེས་འོང་བའི་ཕྱིར་ན། འདིར་བོད་དང་ཏ་ཟིག་གསོ་རིག་གི་ཞིབ་འཇུག་ལ་ཤ་ཞེན་ཆེ་བའི་བློ་གསར་ཚོགས་ལ་དཔྱད་གཞིའི་ས་བོན་ཙམ་བཀོད་ན། ཨ་ཝེ་སན་ནེས་མཛད་པའི་གསོ་རིག་བསྟན་བཅོས་དེབ་གསུམ་པའི་ཤོག་ངོས་326ངོས་སུ།  (Dawau--al---hulwi)ཞེས་ཏ་ཟིག་སྐད་ཀྱི་བྲིས་ཡོད་པ་སྟེ། དེ་ཉིད་བོད་སྐད་དུ་སྒྲ་བསྒྱུར་ན།   དྷ་བོ་མཱ་སི་ཁེ་ཧོ་ལྦེ་ཞེས་པར་འགྱུར་ཞེས་བྷ་བོ་(DawauJ)ནི་ཨ་རབ་སྐད་དུ་སྨན་ཞེས་པའི་དོན་དང་(Miski)མཱ་སི་ཁེ་ནི་གླ་རྩི་ལ་འཇུག་པ་དང་།  ཧོ་ལྦེ་(hulwi)དྲི་ཞིམ་གྱི་དོན་ཡིན་པས་དྲི་ཞིམ་གླ་རྩིའི་སྨན་སྦྱོར་ཞེས་པ་ལྟ་བུ་དང་།   ཡང་ཤོག་ངོས་358སྟེང་དུ་འཁོད་པའི་(Juwarish   a1- u+ hyji)(佛手柑化食丹)འཕང་འབྲས་རིལ་བུ་ཞེས་པའི་སྨན་སྦྱོར་དུ། 佛手柑གྱི་པགས་པ་དྷེ་ཧེར་30དང་།(ཏ་ཟིག་གི་རྒྱ་མའི་གྲངས་ཚད་འཇའ་བྱེད་ཀྱི་མིང་རང་གི་མཆན)ལི་ཤི། སུག་སྨེལ། ན་ལེ་ཤམ། པི་པི་ལིང་། སོ་ཧྲ།缩砂ཤིང་ཚ།  བཅའ་སྒ  སྒ་དམར་རྣམས་དྷེ་ཧྥར་གཅིག་རེ་དང་། གླ་རྩི་(ཉིས་འགྱུར་)བཅས་སྨན་སྣ་བདུན་ལས་གྲུབ་པ་དང་།  འཇལ་བྱེད་ཚད་ཀྱི་གདགས་གཞི་(དྷ་ན་དང་།  དྷེ་ཧར་ལྟ་བུ་)མི་འདྲ་བ་ཙམ་ལས་སྦྱར་ཐབས་ཀྱི་ཚད་གཞི་རྣམས་རང་ཅག་གི་གཞུང་དུ་གསུངས་པའི་ཚད་མེད་ཆ་མཉམ་གཙོར་སྨོས་ཐུན་ཚད་བསྐྱེད།  ཚད་བཤད་ཚད་བཞིན་སྦྱར་བ་གཅེས་པ་ཡིན་ཞེས་པའི་ལག་ལེན་གྱི་དགོངས་དོན་དང་ཕལ་ཆེར་གཅིག་མཚུངས་ཡིན་པ་སྟེ།   གཙོ་བོའི་སྨན佛手柑དྷེ་ཧྥར་30དང་། ཕལ་བ་རྣམས་དྷེ་ན་གཅིག  གླ་རྩི་དྷེ་ན་ཉིས་འགྱུར་བཅས་ལས་ཀྱང་གསལ་བཤད་བྱེད་ཐུབ་པ་དང་། སྨན་སྦྱོར་འདིའི་ཁོངས་སུ་ཡོད་པའི་གཙོ་བོའི་སྨན་གཅིག་པུ་ལས་གཞན་དྲུག་པོ་རྣམས་བོད་ཀྱི་སྨན་སྦྱོར་རིག་པའི་ཁྲོད་དུ་སྤྱོད་སྒོ་ཆེ་ལ་སྨན་ནུས་མྱུར་བ། སྨན་རྫས་སྡེབ་སྦྱོར་ཁྲོད་མེད་དུ་མི་རུང་བའི་སྨན་སྣ་ཤ་སྟག་ཏུ་ངེས་ཤིང་།  ཁྱད་པར་ཏུ་གླ་རྩིའི་ཐོན་ཁུངས་ངོ་མ་གངས་ལྗོངས་ས་མཐོའི་ཡུལ་འདི་ཡིན་ཞིང་།  དུས་རབས་དཀྱིལ་མའི་སྐབས་སུ་ཐུ་བྷོད་ཀྱི་གླ་རྩི་ནི་ཏ་ཟིག་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོགས་འདྲེན་བྱེད་པའི་སྨན་རྫས་གཙོ་བོ་ཞིག་ཡིན་ཚུལ་ཨ་རབ་མཁས་པའི་སྡོམ་ཚིག་བཞག་ཡོད་པ་བཅས་ལ་གཞིགས་ན་བོད་ཀྱི་གསོ་བ་རིག་པས་ཀྱང་ཏ་ཟིག་གསོ་རིག་ལ་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་པ་གོང་གསལ་སྨན་སྦྱོར་ལས་ར་སྤྲོད་བྱེད་ཐུབ།  འདི་དང་ཆ་འདྲ་བའི་སྦྱོར་སྡེ་མང་པོ་ཞིག་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་རྒྱ་འགྱུར་མ་རུ་མཐོང་མང་བ་དང་།  ཟླ་རྒྱལ་དང་ཏུང་ཧོང་གསོ་རིག་ཡིག་ཆ་རྣམས་སུ་འདི་དང་ཕྱོགས་མཚུངས་ཀྱི་སྨན་སྦྱོར་ཞིག་རེ་སྐལ་ཏུ་སྨིན་པར་འདོད་པའི་ཁུར་གྱིས་ལྕི་ཞིང་མིག་བརྒྱ་བགྲད་ནས་བཙལ་ཀྱང་མ་རྙེད་མོད། བོད་དང་ཏ་ཟིག་གསོ་རིག་དབར་ཏུ་འབྲལ་མི་ཕོད་པའི་ལྐོག་གྱུར་གྱི་གསང་བ་ཞིག་ཡོད་པ་གདོན་མི་ཟ་བས་རྗེས་སོར་མུ་མཐུད་ཞིབ་འཇུག་བྱེད་རྒྱུའི་ལས་སྐལ་དུ་བཞག་ཡོད། སྤྱིར་ལོ་རྒྱུས་ཀྱི་ལྟ་བའི་ཐད་ནས་བརྗོད་ན་ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་ནི་དུས་རབས་བཅུ་གཉིས་སྐབས་བྱུང་བའི་ཏ་ཟིག་གསོ་རིག་གི་བསྟན་བཅོས་གྲགས་ཅན་ཞིག་དང་།(31)   ཧོས་ཧོས་སྨན་གྱི་སྦྱོར་བ་ནི་དུས་རབས་བཅུ་གསུམ་སྐབས་རྒྱ་ནག་ཏུ་འགྱུར་བའི་ཏ་ཟིག་གསོ་རིག་གི་གཞུང་ལུགས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲིག་གཞུང་ཞིག་ཡིན་ཕྱིར། དུས་རབས་བརྒྱད་པའི་སྐབས་བྱུང་བའི་སྨན་དཔྱད་ཟླ་རྒྱལ་དང་ཏུང་ཧོང་གསོ་རིག་ཡིག་ཆ་རྣམས་གོང་གསལ་གཞུང་གཉིས་ཀ་ལས་སྔ་བར་གྲུབ་ཡོད་པས།  ཟླ་རྒྱལ་གྱིས་ཏ་ཟིག་གསོ་རིག་ལ་ཤུགས་རྐྱེན་གང་འཚམས་བྱུང་ཡོད་པར་བརྗོད་ཅིང་མི་ཆོག་པ་མེད་མོད། ཨ་ཝེ་སན་ནའི་གསོ་རིག་བསྟན་བཅོས་དང་ཧོས་ཧོས་སྨན་གྱི་སྦྱོར་བ་ཞེས་པའི་གཞུང་གཉིས་ཀའི་སྨན་སྦྱོར་གསུངས་སྐབས།   ག་ལེ་ནོས་ཀྱིས་གསུངས་པ་ཞེས་དང་།  སྨན་རྒྱལ་ག་ལེ་ནོས་ཀྱིས་མྱོང་གྲུབ་ཏུ་སྦྱར་བ་ཞེས་དང་།  སྨན་རྒྱལ་ག་ལེ་ནོས་ཀྱིས་ཉམས་སུ་མྱོང་བའོ་ལྟ་བུ་སྨན་སྦྱོར་གྱི་མགོ་མཇུག་ཏུ་ཡོད་པ་ཧོས་ཧོས་སྨན་གྱི་སྦྱོར་བའི་ལེའུ་སོ་བཞི་རུ་འཁོད་ཡོད་པ་དང་།   འདིར་བརྗོད་པའི་ག་ལེ་ནོས་ཀྱང་གནའ་རབས་རོ་མའི་གསོ་རིག་མཁས་པ་གེ་ལོར་(Ga1en་131-201ལོར་)ཡིན་པ་བསྙོན་དུ་མེད་པས།  ཏ་ཟིག་པ་རྣམས་ཀྱིས་ག་ལེ་ནོས་གསོ་རིག་གི་ལྟ་བ་རྒྱུད་འཛིན་དར་སྤེལ་བྱས་ཡོད་པ་དོན་གྱིས་གྲུབ་ཅིང་། གོང་གསལ་སྨན་སྦྱོར་དང་རྨ་རིགས་ཆག་བཅིང་གི་ལག་ལེན་རྣམས་ཏ་ཟིག་གསོ་རིག་གིས་བོད་ཀྱི་གསོ་རིག་ལ་ཤུགས་རྐྱེན་ཐེབས་པའི་རྗེས་འབྲས་ཀྱང་མིན་ནམ་སྙམ་པ་སྟེ། དུས་རབས་བརྒྱད་པ་ནས་དགུ་བའི་བར་དུ་ཏ་ཟིག་གསོ་རིག་གི་རྗེས་འབྲངས་པ་བི་ཇི་ཙན་པ་ཤི་ལ་ཧ་དང་གསོ་རིག་བསྟན་བཅོས་དུ་མ་བོད་དུ་ནང་འདྲེན་བས་པའི་ལོ་རྒྱུས་ཀྱི་བདེན་པ་དེ་ལའང་མནོ་བསམ་མི་བྱེད་ཀ་མེད་དུ་སོང་བ་བཅས་ཡིད་གཉིས་ཐེ་ཚོམ་དང་དོགས་པའི་རབ་ཏུ་ཁེངས་མོད།  དཔྱད་གཞིའི་ཡིག་ཆ་ཉུང་བ་དང་།  ལོ་རྒྱུས་ཀྱི་དུས་བབས་སྔ་བ། ལྷག་པར་ཏུ་སྐབ་བབ་ཀྱི་བརྗོད་བྱ་སྟེ་ཟླ་རྒྱལ་གཞུང་དང་མཐུན་པའི་གཏན་ཚིགས་བློ་ཡིད་ཚིམ་པ་ཞིག་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་བཞག་ལ། རེ་བར་གོ་སྐབས་འདི་དང་བསྟུན་ནས་མ་འོངས་པར་ཏ་ཟིག་གསོ་རིག་དང་བོད་ཀྱི་གསོ་རིག་དབར་གྱི་གསང་རྒྱ་བགྲོལ་བའི་ལྡེ་མིག་ཞིག་བགོ་སྐལ་ཏུ་རྙེད་པའི་ཆོད་སེམས་བཅས་དེ་ཙམ་གྱིས་ཚིམ་པར་བགྱིས་སོ།།
             དཔྱད་གཞིའི་ཡིག་ཆ།   
             ①《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1994ལོར་དཔར་ཏུ་བཏབ། ཤོག་ངོས་57་ན་གསལ།   
             ② 《 དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་29་ན་གསལ།   ③⒂《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས།》   སྐལ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་222ན་གསལ།    
             ④⑤⑥⑦⑾⒀⒁⒄(25)(27)(28)(29)宋岘著《古代波斯医学与中 国 》 , 经济日报出版社, 2001年 1月 ,第 ,149、 19 1、 82、 21-22、  188、  123、  8、  13、 3 1、32页。   
             ⑧《ཆ་ལག་བཅོ་བརྒྱད།》(སྨད་ཆ་)  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།      1999ལོའི་ཟླ11པར་དཔར་ཏུ་བཏབ།  ཤོག་ངོས་673ན་གསལ།   
             ⑨⑿《རྒྱུད་བཞི།》 གཡུ་ཐོག་ཡོན་ཏན་མགོན་པོས་------བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   1982ལོའི་ཟླ་3པར་དཔར་ཏུ་བཏབ། ཤོག་ངོས་502ན་གསལ།   
             ⑩《གསོ་རིག་དགོས་པ་ཀུན་འབྱུང་།》  གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་4པར་དཔར་ཏུ་བཏབ། ཤོག་ངོས་424ན་གསལ།    
             ⒃⒇(26)宋岘著《 回回药方 》,中华书局出版社,2000年7月 , 第30、 138、 14页。  
             ⒅(22)(30)《ཤེལ་གོང་ཕྲེང་།》   དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་1པོར་དཔར་ཏུ་བཏབ། ཤོག་ངོས་188དང་། 372དང་། 343ན་གསལ།  
             ⒆《དུང་དཀར་ཚིག་མཛོད་ཤེས་བྱ་རབ་གསལ།》   དུང་དཀར་བློ་བཟང་འཕྲིན་ལས་ནས་མཛད།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པར་དཔར་ཏུ་བཏབ།  
             (21)《བོད་ཀྱི་གནའ་བོའི་གསོ་རིག་ཤོག་དྲིལ་གཅེས་------བསྡུས།》 མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས166ན་གསལ།  
             (23)《ཚིག་མཛོད་གཡུ་ཐོག་སྔོ་འབུམ་དགོངས་རྒྱན།》དཔར་མ།  པ་སངས་ཡོན་ཏན་ནས་བརྩམས།  ཤོག་ངོས་82ན་གསལ།    
             (24)陈明著: 《 印度梵文医典医理精华研究》 ,中华书局,2002年 11月 ,第158页。    宋岘著:《阿维森纳医典与中国 》 , 中国民族医药信息网 。

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1