ནང་ཆེན་ནས་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་ཤིག་རྙེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། 11-14



           ནང་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱི་གདན་ཞུས་ལྟར། ཟླ་༡༡ཚེས་༥ཉིན་ནས་ཚེས་༧བར། གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ལོ་ཝན་ཧྭ་ནང་ཆེན་རྫོང་ནས་གསར་དུ་རྙེད་པའི་དགོན་སྡེའི་ལྡེབས་རིས་རྗེས་ཤུལ་ལ་རྟོག་ཞིབ་དང་ཆོད་སྡོམ་གནང་བར་ཕེབས་པ་དང་། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་ནས་གསར་དུ་རྙེད་པའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་ཀྱི་ཁོངས་སུ་གཏོགས་པའི་ཆོད་སྡོམ་ཐོག་མ་གནང་ཞིང་། དེར་ནང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་དང་སྒྱུ་རྩལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད། 

           ད་ལོའི་ཟླ་༦པར། ནང་ཆེན་རྫོང་ཕྱག་མདའ་གྲོང་རྡལ་རྡོ་ཁྲང་གྲོང་ཚོ་སྤང་མདའ་རུ་ཁག་དུང་ཚང་ཉི་ཤར་གྱི་ཡུལ་དངོས་ནས། དགོན་སྡེའི་རྗེས་ཤུལ་གསལ་པོ་ཞིག་རྙེད་པ་རེད། རི་གཤོང་དུ་རྡོ་བསྟར་༥ཡོད་པའི་གྱང་གོག་གསལ་པོར་མཐོང་རྒྱུ་ཡོད་ཅིང་། གྱང་གོག་གི་ནུབ་མཐའ་ནས་ལྡེབས་རིས་ཆ་ཚང་བ་༣མངོན་ཡོད། འོན་ཀྱང་། སྐབས་དེར་གནམ་གཤིས་སྡུག་དྲག་པས་འཚོལ་བསྡུ་བྱས་པའི་ལྡེབས་རིས་ཆག་གྲུམ་དུ་སོང་ནས་ཆ་ཤས་༥༠ལྷག་ཏུ་གྱུར་བ་རེད། སྟབས་ལེགས་པ་ལ་རྗེས་སུ་ས་འོག་ནས་ཐོན་སྐབས་ཀྱི་པར་ལ་བལྟས་ནས་ཉམས་གསོ་བྱས་ཆོག ཐེངས་འདིའི་རྟོག་ཞིབ་བྱེད་པའི་དམིགས་ཡུལ་ནི་ལྡེབས་རིས་དེ་དག་གི་དུས་རབས་དང་ཁྱད་ཆོས་གཏན་འཁེལ་དང་། མ་འོངས་པར་སྲུང་སྐྱོབ་བྱེད་པའི་ཇུས་གཞི་གདིང་ཆེད་རེད།

           སྤྱིར་ན་ལྡེབས་རིས་འདི་དག་ལ་ཁྱད་ཆོས་གཉིས་ཡོད་དེ། གཅིག་ནས་གནའ་བོའི་རྒྱ་གར་གྱི་ཝཱ་རཱ་ཎ་སཱིའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་དང་། སྤྱིའི་ཆ་ནས་བལྟས་ན། ལྡེབས་རིས་དེར་ཧོ་ཞིའི་སྒྱུ་རྩལ་གྱི་བཟོ་རྩལ་དང་ཐག་ཉེ་ཞིང་། དུས་རབས་༡༣ཡས་མས་ལ་གཏན་ཁེལ་བྱས་ཆོག་པ་དང་། གཉིས་ནས་སྐུའི་གཤམ་དུ་བོད་ཡིག་བྲིས་ཡོད་པ་དེའང་དུས་རབས་༡༣པའི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ཆོས་དང་མཐུན།

           ལོ་ཝན་ཧྭ་ཡིས་ཐེངས་འདིར་གསར་དུ་རྙེད་པའི་ལྡེབས་རིས་ནང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་དང་སྒྱུ་རྩལ་ལོ་རྒྱུས་ཡང་བསྐྱར་དཔྱད་དཔོག་བྱེད་པར་དོན་སྙིང་གལ་ཆེན་འདུག་ཅེས་གསུངས་པ་རེད། འདི་ནི་མཚོ་སྔོན་དུ་ད་བར་གསར་དུ་རྙེད་པའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་དེ་ཡིན་ལ། རྒྱ་གར་ཝཱ་རཱ་ཎ་སཱིའི་སྒྱུ་རྩལ་གྱིས་ཀྲུང་གོར་ཐེབས་པའི་ཤུགས་རྐྱེན་དང་བསྟན་པ་ཕྱི་དར་སྐབས་ནང་ཆེན་དུ་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་གནས་བབ་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་པ་དང་སྦྲགས། ལྡེབས་རིས་སྒྱུ་རྩལ་ཉམས་འགྱུར་ཧོ་ཞིའི་ས་ཁུལ་དང་ཐག་ཉེ་ཞིང་། ཡུལ་དེར་ཡང་ཞི་ཞ་ཏིས་ཧྲི་ནང་ཆེན་ལ་བསླེབས་པའི་ཤོད་རྒྱུན་ཡོད་པར་ལོ་རྒྱུས་ཀྱི་ཁུངས་སྐྱེལ་ས་ཞིག་རྙེད་པ་རེད།
           གོམ་སྟབས་རྗེས་མར། རིག་དངོས་རིགས་གཅིག་མཁས་པའི་ལས་ཀ་གཙོ་བོ་ནི་ལྡེབས་རིས་སྲུང་སྐྱོབ་དང་གང་མགྱོགས་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྤེལ་རྒྱུ་དེ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1