དབང་ཆེན།
གླེང་གཞི།
བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་གནའ་བོའི་དཔེ་རྙིང་གི་པར་ཤིང་གྲངས་མི་ཉུང་བ་ཞིག་ཡོད་ནའང་དུས་ཀྱི་འགྱུར་ལྡོག་འོག་ཉར་ཚགས་ལེགས་པོར་མ་བྱས་པའི་རྐྱེན་གྱིས་ས་གནས་འགའ་རེའི་པར་ལེབ་རྣམས་འཐོར་ཞིག་ཏུ་སོང་ནས་ཁ་མ་ཚང་བ་དང་། དེ་ནས་སླར་ཡང་ཁ་གསོས་མཛད་པ་ཁག་གཅིག་དང་། ས་གནས་འགའ་ཞིག་གི་དགོན་སྡེ་དང་པར་ཁང་ན་བཞུགས་པའི་གནའ་བོའི་བཀའ་འགྱུར་པར་ཤིང་དག་བྱས་རྗེས་ཆེ་བའི་ཤེས་ལྡན་མི་སྣ་དག་གིས་སྲུང་སྐྱོབ་དང་ཉར་ཚགས་ལེགས་པོར་བྱས་ཏེ་དེང་དུས་ཀྱང་སྔར་བཞིན་བཞུགས་ཡོད་པ་འདིར་བསྡུས་ཙམ་བཤད་པར་བྱའོ། །
བོད་ཡིག་ཤིང་པར།
སྣར་ཐང་པར་ཁང་།
བོད་ཡུལ་དུ་དར་བའི་བཀའ་འགྱུར།
སྣར་ཐང་བཀའ་འགྱུར།
སྣར་ཐང་བཀའ་འགྱུར་ནི་སྤྱི་ལོ་1730ལོར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་བཀོད་ཁྱབ་གནང་སྟེ། དེ་སྔོན་རྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐབས་པར་གཞི་བཞེངས་འཕྲོ་ལུས་པ་ཚལ་པ་བཀའ་འགྱུར་ལ་ཕྱི་མོ་བྱས་ཏེ་ལོ་ངོ་གཅིག་ཙམ་གྱི་རིང་པར་བརྐོ་འཕྲོ་མཐུད་མཇུག་གྲུབ་པར་མཛད་པ་ཁྱོན་པོད་བརྒྱ་དང་གསུམ་བྱུང་བ་པར་མ་ད་ལྟ་བཞུགས་ཤིང་དཀར་ཆག་འོལ་ཁ་སླེ་ལུང་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག་ཅེས་པ་བཞུགས་སོ། །
སྣར་ཐང་ཤིང་པར།
དགའ་ལྡན་པར་རྙིང་ངམ་གོང་དཀར་བཀའ་འགྱུར།
དུས་རབས་བཅོ་ལྔའི་སྐབས་སུ་གྲ་ལྔའི་རྒྱལ་པོའམ་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་1432-1496གྱིས་སྦྱིན་བདག་བཞེས་ཏེ་གོང་དཀར་རྫོང་གཤམ་འོག་གནའ་རབས་སྤྲེའུ་ཞིང་དང་རྒྱལ་གྲུབ་གླིང་སོགས་སུ་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྔགས་ཕྱོགས་ཀྱི་གསུང་ཕལ་པོ་ཆེ་པར་དུ་བཞེངས་པ་རྣམས་ལ་བོད་ཀྱི་མཁས་པ་གོང་མ་རྣམས་ཀྱིས་དགའ་ལྡན་པར་རྙིང་ངམ་གོང་དཀར་པར་མ་ཞེས་བརྗོད་ཀྱི་ཡོད་དོ། །
གུང་ཐང་བཀའ་འགྱུར།
སྤྱི་ལོ་1533ལོར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་མཛོད་དང་སྤྱི་ལོ་1546ལོར་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པ་ཁྲིད་དུ་སྦྱར་བ་སོགས་དང་། དེ་མིན་རྒྱལ་རབས་ཁྲི་རྣམ་རྒྱལ་ལྡེས་གཙང་སྒམ་པོ་ཆེར་སྨན་རྒྱུད་ཡན་ལག་བརྒྱད་པ། མ་ཎི་བཀའ་འབུམ། ཨོ་རྒྱན་གྱི་ཐང་ཡིག མི་ལའི་བཀའ་འབུམ་སོགས་སྟོད་མངའ་རིས་གུང་ཐང་ས་ཁུལ་ནས་གླེགས་བམ་གྲངས་མེད་དཔར་དུ་བཞེངས་པ་རྣམས་ལ་གུང་ཐང་དཔར་མ་ཞེས་གྲགས་པ་ཡིན་ནོ། །
འཇང་པར་རམ་ལི་ཐང་བཀའ་འགྱུར།
ལི་ཐང་བཀའ་འགྱུར་གྱི་ན་བཟའ།
རབ་བྱུང་བཅུ་པའི་ས་སྤྲེལ་ལོ་སྟེ་སྤྱི་ལོ་608ལོར་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་བྱས་ཏེ་ཚལ་པ་བཀའ་འགྱུར་དང་གཡུང་ལོའི་པར་མ་གཉིས་མ་ཕྱི་བྱས་ཏེ་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་སི་ཏུ་སྐུ་ཕྲེང་ལྔ་པ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཀྱིས་ལྗགས་ཞུས་མཛད་དེ་ལོ་ངོ་བཅུ་གསུམ་རིང་བཀའ་འགྱུར་ཁྱོན་པོད་བརྒྱ་དང་བརྒྱད་མཇུག་ཡོངས་སུ་རྫོགས་པར་གྲུབ་པ་ཕྱིས་སུ་དུས་འགྱུར་གྱི་དབང་གིས་པར་གཞི་ཆ་ཚང་ཁམས་ལི་ཐང་དགོན་དུ་གདན་དྲངས་ནས་བཞུགས་པ་ལ་འཇང་པར་རམ་ལི་ཐང་མཚལ་པར་ཞེས་གྲགས་ཞིང་པར་མ་འདི་ཕྱིས་ཀྱི་སྡེ་དགེ་སོགས་ཀྱི་བོད་ཡིག་པར་མ་མང་པོའི་ཕྱི་མོར་གྱུར་ཅིང་དཀར་ཆག་ཐུབ་པ་དགྱེས་བྱེད་ཅེས་པ་དང་པར་གྱི་བྱུང་བ་བརྗོད་པ་རིན་པོ་ཆེའི་མེ་ལོང་བྱ་བ་གཉིས་གར་དབང་ཆོས་ཀྱི་དབང་ཕྱུག་ཉིད་ནས་མཛད་པ་བཞུགས་སོ། །
སྡེ་དགེ་བཀའ་འགྱུར།
སྡེ་དགེའི་བཀའ་འགྱུར་རིན་པོའི་ཆེའི་པར་ཤིང་ནི་ངོས་གཉིས་ཅན་ཡིན་པ་དང་པར་ཤིང་གཅིག་གི་རིང་ཚད་ལ་ལི་སྨི་64ཡོད་ལ་ཞེང་ཚད་ལ་ལི་སྨི་10ཡོད། ལག་པས་འཇུ་སའི་ཡུ་བ་མ་བརྩིས་ན་པར་ཤིང་གི་རིང་ཚད་ལ་ལི་སྨི་54ཡོད། གླེགས་བམ་103ཡོད་པ་དང་རིགས་1108ཡོད། པར་ཤིང་33013ཡོད། སྤྱི་ལོ་1729ལོའི་ཟླ་7པའི་ཚེས་6ཉིན། ལྷུན་གྲུབ་སྟེང་ནས་བཀའ་འགྱུར་བརྐོ་བའི་འཆར་གཞི་བཀོད། དཔལ་སྤུངས་དགོན་གྱི་སི་ཏུ་ཆོས་ཀྱི་འབྱུང་གནས་ཞུ་ཆེན་དུ་བརྐོ་བཞག་བྱས། པར་རྐོའི་ལས་གཞི་སྤྱི་ལོ་1734ལོར་ཡོངས་སུ་འགྲུབ།
རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ་1729ལོར་ཁམས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་དེ་ལི་ཐང་མཚལ་པར་དང་ལྷོ་རྫོང་བཀའ་འགྱུར་སོགས་ཕྱི་མོར་བཟུང་ནས་མཁས་དབང་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཞུས་ཆེན་མཛད་པར་བརྟེན་བཀའ་འགྱུར་ཁྱོན་པོད་བརྒྱ་དང་གསུམ་ཆ་ཚང་བ་ལོ་ངོ་ལྔའི་རིང་ཡོངས་སུ་གྲུབ་པ་བྱུང་། པར་གཞི་ཁ་ཚང་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པ་ད་ལྟའི་བར་དུས་འགྱུར་སོགས་ཀྱི་གནོད་འཚེ་ལས་ཐར་ཏེ་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་དཔར་སྦྱིན་རྒྱུན་མི་འཆད་པར་གནང་བཞིན་ཡོད་པ་འདི་ལགས་ཤིང་། དེའི་དཀར་ཆགས་སི་ཏུ་རང་ཉིད་ཀྱི་གསུང་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་པ་བཞུགས་སོ། །
སྡེ་དགེ་པར་ཁང་།
ཅོ་ནེའི་བཀའ་འགྱུར།
རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ལོ་སྟེ་སྤྱི་ལོ་1721ལ་མདོ་སྨད་ཅོ་ནེ་དཔོན་ཆེན་གཡུལ་ལོ་དམག་ཟོར་མགོན་པོས་སྦྱིན་བདག་མཛད་དེ་གཡུང་ལོ་དཔར་མ་དང་ལི་ཐང་མཚལ་པར་སོགས་ཕྱི་མོར་བྱས་ནས་བཀའ་འགྱུར་གྱི་པར་བརྐོས་པ་ལོ་ངོ་བཅུ་གཅིག་རིང་ཁྱོན་པོད་བརྒྱ་དང་བདུན་ཆ་ཚང་བ་བཞེངས་གྲུབ། འདིའི་པར་གཞི་སྔར་ནས་བརླགས་ཟིན་ཀྱང་པར་མ་ད་ལྟ་རི་བོ་རྩེ་ལྔ་དང་བླ་བྲང་བཀྲ་ཤིས་འཁྱིལ་བཅས་སུ་བཞུགས་ཤིང་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་ཞུས་ཆེན་མཛད་དེ་དཀར་ཆག་གསལ་བའི་མེ་ལོང་ཞེས་པ་གསུངས་སོ། །
རྭ་རྒྱ་བཀའ་འགྱུར།
རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ་1814ལོར་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་གདན་ས་བ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོས་ཞལ་བཀོད་ལྟར་སྦྱིན་བདག་མཛད་དེ་སྡེ་དགེ་བཀའ་འགྱུར་པར་མ་གཞིར་བཟུང་ནས་པར་བརྐོ་གནང་བ་ལོ་ངོ་དྲུག་གི་རིང་བཀའ་འགྱུར་ཁ་ཚང་པར་བརྐོས་གྲུབ་ནས་རྭ་རྒྱའི་པར་ཁང་ཆེན་མོར་བཞུགས་པ་དང་། འདིའི་དཀར་ཆག་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པ་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག་ཅེས་པར་བཞུགས་སོ། །
ལྷ་སའམ་ཞོལ་བཀའ་འགྱུར།
འབྲི་གུང་སྒོ་ལྕག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་པོས་རྒྱལ་དབང་བཅུ་གསུམ་པ་མཆོག་ལ་དབུས་ཕྱོགས་སུ་བཀའ་འགྱུར་དཔར་བརྐོ་དགོས་ཚུལ་གྱི་གསོལ་བ་དོན་སྨིན་དང་སྦྱིན་བདག་མཛད་དེ། སྣར་ཐང་པར་མ་དང་རྒྱལ་རྩེའི་ཐེམ་སྤང་མ། སྡེ་དགེ་བཀའ་འགྱུར་སོགས་མ་དཔེ་ཁུངས་ཐུབ་རྣམས་གཞི་བཟུང་ནས་ལྷ་ལྡན་དུ་པར་བརྐོའི་ལས་སྒོ་བརྩམས། རིང་པོར་མ་ཐོགས་པར་སྒོ་ལྕོག་སྤྲུལ་སྐུ་དང་རྒྱལ་དབང་བཅུ་གསུམ་པ་རྣམ་གཉིས་སྔ་ཕྱིར་སྐུ་གཤེགས་པས་ལས་འཕྲོ་ལུས་པ། སླར་ཡང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྒྱལ་བའི་གཞུང་སྲིད་བློན་ཀུན་དགའ་དབང་ཕྱུག་གཉིས་ནས་འཕྲོ་སྐྱོང་མཛད་པར་བརྟེན་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ་1934ལོ་ལ་བཀའ་འགྱུར་པོད་བརྒྱ་ཐམ་པའི་པར་གཞི་ཆ་ཚང་བཞེངས་གྲུབ་པ་ཕོ་བྲང་པོ་ཏ་ལའི་ཉེ་འདབས་ཞོལ་པར་ཁང་དུ་བཞུགས། དེའི་པར་གཞི་ལ་དུས་འགྱུར་གྱིས་པར་བརླག་ཆེར་མ་སོང་བ་རྨང་གཞི་བྱས་ཏེ་དེང་སྐབས་བོད་ནང་བསྟན་མཐུན་ཚོགས་ནས་བསྐྱར་བརྐོས་གྲུབ་སྟེ་ཆོས་སྦྱིན་སྤེལ་བཞིན་ཡོད། འདིའི་དཀར་ཆག་མཁས་པ་མང་པོས་སྔ་ཕྱིར་མཛད་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་པ་བཞུགས་པ་དང་རྒྱ་ཡིག་གི་དཔྱད་རྩོམ་ལ་ལར་པོ་ཏ་ལའི་པར་མ་དང་ལྷ་སའི་ཞོལ་པར་མ་གཉིས་སོ་སོར་ཡོད་ཚུལ་ངོ་སྤྲོད་བྱས་ཡོད་ཀྱང་། ལྷ་ལྡན་གྱི་པར་གཞི་སྔ་ཕྱི་བར་ཆད་ཀྱིས་བསྐྱར་བརྐོ་ཐེངས་གཉིས་བྱས་པ་པར་གཞི་གཉིས་སུ་བགྲང་བ་མིན་ན་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞུས་ཆེན་གནང་བ་ཞོལ་པར་ལས་གཞན་གང་ཡོད་ཆ་མ་འཚལ་ལོ། །
དཔལ་སྤུངས་དགོན་གྱི་བཀའ་འགྱུར།
དཔལ་སྤུངས་དགོན་གྱི་འདུ་ཁང་།
དཔལ་སྤུངས་དགོན་ནི་སྡེ་དགེ་རྫོང་ཁོངས་ན་ཆགས་ཡོད། བཀའ་བརྒྱུད་པའི་དགོན་པ་གཙོ་གྲས་ཤིག་ཡིན། དགོན་འདིའི་པར་ཁང་དུ་སྡེ་དགེ་བཀའ་འགྱུར་མ་དཔེ་བྱས་ཏེ་དཔལ་སྤུངས་བཀའ་འགྱུར་པོད་བརྒྱ་དང་གསུམ་ཅན་དང་འབུམ་ཆ་ཚང་གསར་དུ་བརྐོས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་གསུང་འབུམ་པར་ཤིང་རྙིང་པ་ཁྲི་སུམ་ལྷག་ཉར་བཞུགས་གནང་ཡོད་ལགས་སོ། །
དཔེ་མཛོད་ཁང་།
ཝ་ར་བཀའ་འགྱུར།
ཝ་ར་བདེ་ཆེན་རི་ཁྲོད།
ཁམས་སྡེ་དགེའི་ངོར་པ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་སློབ་ཝ་ར་རི་ཁྲོད་པ་དམ་ཆོས་བསྟན་པ་ནས། སྡེ་དགེ་རུ་པོད་ཉིས་བརྒྱ་དང་དྲུག་ཅུ་བཞུགས་པ་གསར་བཞེངས་མཛད་དེ་པར་གཞི་ཁ་ཚང་ཝ་ར་རི་ཁྲོད་དུ་བཞུགས་པ་ཝ་ར་བཀའ་འགྱུར་ཞེས་བྱ་ལ། འདིའི་པར་ཤིང་ད་ལྟ་མེད་མོད། པར་མ་པོད་འགའ་རེ་མཇལ་རྒྱུ་ཡོད་ཟེར་ཞིང་དཀར་ཆག་སོགས་ཡོད་རབས་མེད། ཆབ་མདོའམ་ཡབ་ཚང་བཀའ་འགྱུར་པར་མ། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ་1941ལོར་ཆབ་སྤྱི་དར་ཧན་ཟུར་པ་ཡབ་ཚང་བློ་བཟང་དཀོན་མཆོག་ལ་བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་བཟང་པོས་བཀའ་ལུང་རིམ་བརྒྱུད་ནང་བར་བརྟེན། ལྷ་སའི་ཞོལ་པར་མ་པར་སློག་བགྱིས་ཏེ་བཀའ་འགྱུར་གྱི་པར་གཞི་གསར་བསྐྲུན་མཛད་པ་ལོ་ངོ་བཅུ་གཅིག་གི་ནང་ཡོངས་སུ་གྲུབ་པ་པོད་བརྒྱ་དང་གཅིག་བཞུགས་པ་ཆབ་མདོ་དགོན་ཆེན་བྱམས་པ་གླིང་གི་ཡབ་ཚང་བཀའ་འགྱུར་ལྷ་ཁང་དུ་བཞུགས་པ་དང་དེར་དཀར་ཆག་རྒྱས་པ་ཞིག་བྲག་གཡབ་མཁན་ཆུང་གདོང་ཀོམ་སྤྲུལ་སྐུས་མཛད་པ་བཞུགས་ཟེར་རོ། །
རྒྱ་ནག་ཡུལ་དུ་དར་བའི་བཀའ་འགྱུར།
གཡུང་ལོའི་བཀའ་འགྱུར།
གཡུང་ལོའི་བཀའ་འགྱུར་པར་མ།
རབ་བྱུང་བདུན་པའི་མེ་སྟག་སྟེ་སྤྱི་ལོ་1410ལོར་མིང་གོང་མ་གཡུང་ལོས་གོང་དུ་ཡབ་ཡུམ་གཉིས་ཀྱི་དྲིན་གསབ་དང་འོག་རྣམས་ཡང་ཕན་པར་བྱ་བའི་ཕྱིར་དུ་དམིགས་ནས་ཚལ་པ་བཀའ་འགྱུར་མ་ཕྱིར་བཟུང་སྟེ་ནན་ཅིང་དུ་བོད་ཡིག་བཀའ་འགྱུར་གྱི་གཞི་གསར་བཞེངས་བྱས་པ་དེར་ཁྱོན་པོད་བརྒྱ་དང་བརྒྱད་བཞུགས་ཤིང་ཀརྨ་དེ་བཞིན་གཤེགས་པས་ཞུས་ཆེན་གནང་བ་དང་གོང་མས་ཀྱང་བཀའ་འགྱུར་བསྟོད་པ་བྱ་བ་སྔ་ཕྱི་ཁག་གཉིས་མཛད་འདུག དེའི་པར་ཕུད་བོད་དུ་རྗེ་ཙོང་ཁ་པ་ཆེན་པོ་དང་ས་སྐྱ་བདག་ཆེན། ཀརྨ་པ་བཅས་ལ་རེ་རེ་གནང་བ་ལས་དེང་སང་སེ་ར་དགོན་པ་དང་ཕོ་བྲང་པོ་ཏ་ལར་ཚར་རེ་བཞུགས། སྔ་མར་པོད་ལྔ་དང་ཕྱི་མར་པོད་གཉིས་ཀྱིས་ཁ་མི་ཚང་འདིའི་པར་གཞི་ཤིང་པར་ཡིན་མོད། ཡིག་ཆ་ཁུངས་ཐུབ་ལྟར་ན་ཟངས་པར་མཚལ་དཔར་མ་ཡིན་འདུག་པས་བརྟག་གོ །
ཝན་ལིའི་བཀའ་འགྱུར།
དབན་ལི་བཀའ་འགྱུར།
万历甘珠尔
རབ་བྱུང་བཅུ་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ་1650ལོར་མིང་གོང་ཝན་ལིས་སྔར་གྱི་གཡུང་ལོ་པར་མའི་བཀའ་འགྱུར་བསྐྱར་བརྐོ་བྱས་ཤིང་བསྟན་འགྱུར་པོད་ཞེ་གཉིས་ཙམ་གསར་བརྐོ་བྱས་པར་བཤད་ལ་རྒྱའི་ཡི་གེར་རྒྱུད་དེ་པོད་ཞེ་གཉིས་བསྣན་ཞེས་བཀོད་པ་ནོར་འདུག་ལ་འདི་པར་གཞི་ཤིང་དང་སྣག་པར་ཡིན་པར་བཤད་མོད། པར་མ་ད་ལྟ་མི་རྙེད་དོ། །
ཁང་ཤིས་སམ་པེ་ཅིང་བཀའ་འགྱུར།
ཁང་ཤིས་བཀའ་འགྱུར།
རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོ་སྟེ་སྤྱི་ལོ་1683ལོར་ཆིང་གོང་མ་ཁང་ཤིས་ཀྱི་བཀས་བཀོད་པ་ལྟར་པེ་ཅིང་དུ་བཀའ་འགྱུར་ཆ་ཚང་གི་པར་གཞི་བརྐོས་ཡོད་པར་བཤད་ལ་དུས་ཕྱིས་འཇར་པན་གྱིས་བརྙན་པར་བརྒྱབ་སྟེ་དེབ་གཟུགས་སུ་བསྐྲུན་ཡོད་པའི་ཕྱི་མོ་ནི་ཁང་ཤིས་སམ་པེ་ཅིང་པར་མ་འདི་ཡིན་པར་འདུག་གོ །
ཆན་ལུང་བཀའ་འགྱུར།
རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་1737ལོར་ཆིང་གོང་མ་ཆན་ལུང་གི་བཀའ་བཞིན་པེ་ཅིང་དུ་བཀའ་འགྱུར་གྱི་པར་གཞི་གསར་བཞེངས་བགྱིས་ཞེས་ལོ་རྒྱུས་ཡིག་རིགས་གང་མང་པོའི་ནང་བཀོད་འདུག་ཀྱང་ཞིབ་གསལ་ཆན་ལུང་པར་མའི་དཔར་ཕུད་དང་རྟེན་བཞུགས་པར་རམ་དཀར་ཆག་སོགས་ཅི་ཡང་ད་ཆ་མཐོང་ལམ་དུ་མ་གྱུར་པས་དེ་ནི་སྔར་གྱི་པར་སློག་ཡིན་ནམ་དངོས་གནས་གསར་བཞེངས་ཡིན་པ་ད་དུང་བརྟག་པའི་གནས་སུ་འདུག་གོ །
སོག་ཁུ་རེའི་བཀའ་འགྱུར།
སོག་ཁུ་རེའི་བཀའ་འགྱུར་པར་མ།
སོག་པོའི་ཏཱ་ཁུ་རེ་ཆོས་སྡེ་ཆེན་མོའམ་དེང་གི་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལང་བྷ་ཐོར་གྱི་དགའ་ལྡན་དགོན་ཟེར་བ་ནས་སྡེ་དགེ་བཀའ་འགྱུར་པར་མ་གཞིར་བཟུང་སྟེ་པར་བརྐོའི་ལས་སྒོ་བརྩམས་ཀྱང་འཕྲོ་ལུས་སུ་ཡོད་པ། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་དབང་ཕྱུག་དང་ཨེ་རྟེ་ནི་ཆེ་ཚང་ནོ་ཡོན་དོན་གྲུབ་ལྷ་མོ་རྣམ་གཉིས་ནས་པར་གཞི་ལེགས་སྒྲུབ་དགོས་པའི་བཀའ་ལུང་བཀོད་ཁྱབ་ཕེབས་པར་བརྟེན། རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ལོ་སྟེ་སྤྱི་ལོ་1908ལ་སླར་ལས་འཕྲོ་མཐུད་དེ་ལོ་ངོ་གཉིས་ཙམ་རིང་པོད་བརྒྱ་དང་ལྔ་མཇུག་ཡོངས་སུ་རྫོགས་ནས་ཆོས་སྡེ་ཆེན་པོ་དེར་བཞུགས་པ་ལ་སོག་ཁུ་རེ་བཀའ་འགྱུར་ཞེས་གྲགས་ཤིང་། དཀར་ཆག་དགེ་མཚན་འབུམ་ཕྲག་ཕྱོགས་མཐར་འཕེལ་བར་བྱེད་པའི་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་པ་བཞུགས་སོ། །
གཡུང་དྲུང་བོན་གྱི་བཀའ་འགྱུར།
གཡུང་དྲུང་བོན་གྱི་དཔར་ཤིང་།
སྔོན་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་ཏུ་བཏབ་སྟེ་འགྲེམས་སྤེལ་བྱས་ཡོད་ནའང་། ཕྱིས་སུ་རྐྱེན་དབང་གིས་པར་ཤིང་ཡོངས་རྫོགས་མེད་བརླག་ཏུ་གྱུར། དེང་སང་རྔ་པའི་རྟོགས་ལྡན་དགོན་པ་དང་སྣང་ཞིག་དགོན་པར་སོགས་སུ་པོན་གྱི་བཀའ་རིན་པོ་ཆེའི་ཁམས་བཅུ་དྲུག་དང་མདོ་དྲི་མེད་གཟི་བརྗིད། ཐར་མདོ་བཅས་ཀྱི་པར་ཤིང་མཇལ་རྒྱུ་ཡོད་ལ། སྡེ་དགེ་པར་ཁང་དུ་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་པར་ཤིང་པོད་འགའ་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་དུ་བོན་གྱི་བཀའ་དང་བཀའ་བརྟེན་པར་མའི་དཔེ་རྙིང་པོད་འགའ་བཞུགས་ཡོད། །