གཅིག ལོ་ཙཱའི་ངོ་བོའི་སྒོ་ནས་བཤད་པ།
དང་པོ། སྐད་ཆའི་ཆ་ནས་བཤད་པ།
སྐད་ཆ་ནི་སྤྱི་ཚོགས་སུ་གོམས་སྲོལ་ལྟར་གཏན་འཇགས་སུ་སོང་བའི་བརྡ་རྟགས་རིགས་ཤིག་ཡིན། སྒྲའི་རྣམ་པ་ངེས་ཅན་ཞིག་གིས་དངོས་པོ་དང་བསམ་བློ་ངེས་ཅན་མཚོན་པ་ཡིན་པས། སྒྲའི་རྣམ་པ་དེ་ནི་དངོས་པོ་དེ་དང་བསམ་བློ་དེའི་བརྡ་རྟགས་ཡིན། སྐད་ཆ་རིག་པའི་མཁས་པ་རྣམས་ཀྱིས་ལོ་ཙཱ་ནི་བརྡ་རྟགས་སྒྱུར་བ་ཡིན་ཞེས་ཀྱང་གླེང་གི་ཡོད། དེ་ལྟར་ལོ་ཙཱ་ནི་སྐད་ཆའི་བརྡ་རྟགས་ཤིག་བརྡ་རྟགས་གཞན་ཞིག་ལ་སྒྱུར་བ་ཡིན་ན། སྐད་ཆའི་བརྡ་རྟགས་ཀྱི་ཁྱད་ཆོས་ནི་འགྱུར་བྱའི་སྟེང་ནས་འགྱུར་ཡིག་གི་སྟེང་ལ་སྣུར་དགོས་པ་མངོན་སུམ་ཚད་མས་གྲུབ་འདུག དེ་ཡང་སྐད་ཆའི་བརྡ་རྟགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ཕྱོགས་ལྔ་ཡོད་པ་འདི་ལྟར།
1.དར་སྐུད་ཀྱི་རང་བཞིན། རང་བཞིན་འདི་ནི་བརྡ་རྟགས་གཞན་པ་དང་བསྡུར་ནས་བཤད་ན་གོ་བ་ལེན་སླ་སྟེ། དཔེར་ན་རི་མོ་ཡང་བརྡ་རྟགས་རིགས་ཤིག་ཡིན་པས། ང་ཚོས་མིག་གི་དབང་པོས་འཛིན་སྐབས་དུས་སྐད་ཅིག་མ་གཅིག་ཏུ་དེའི་རིང་ཐུང་དང་མཐོ་དམའ། ཆེ་ཆུང་། སྣེ་དང་ཐིག་སོགས་མཐོང་ཐུབ་པ་དང་། ཡང་དུང་སྒྲ་དང་ཅོང་སྒྲའང་བརྡ་རྟགས་རིགས་ཤིག་ཡིན་པས། ང་ཚོས་རྣ་བས་ཉན་དུས་དེའི་རིང་ཐུང་དང་དྲག་ཞན། མཐོ་དམའ་སོགས་དུས་གཅིག་ལ་འཛིན་ཐུབ། འོན་ཀྱང་སྐད་ཆའི་བརྡ་རྟགས་ནི་དེ་འདྲ་མ་ཡིན་པར། གནས་བརྒྱད་ནས་བྱུང་བའི་སྐད་ཀྱི་གདངས་རེ་རེ་ཡིན་ལ། སྐད་ཀྱི་གདངས་དེ་ཡང་ནང་དོན་མཚོན་པའི་སྒྲའི་ཕྲེང་བའི་རྣམ་པ་ཡིན། དཔེར་ན་“ང་རང་མེས་རྒྱལ་ལ་དགའ་ཞེན་ཆེ་”ཞེས་པ་ལྟར་སྒྲའི་གདངས་གཅིག་རྗེས་གཅིག་མཐུད་ནས་རིན་པོ་ཆེའི་ཕྲེང་སྒྲིག་པ་ལྟར་མཚོན་པ་ཡིན་པ་ལས། དུས་སྐད་ཅིག་མ་གཅིག་ལ་གདངས་གཉིས་བརྗོད་མི་ཐུབ་པས་དར་སྐུད་ཀྱི་རང་བཞིན་ཞེས་ཟེར།
2.འདོད་རྒྱལ་གྱི་རང་བཞིན། ཐོག་མར་མི་རྣམས་ཀྱིས་སྒྲའི་གདངས་ག་འདྲ་ཞིག་ནི་སྤྱིར་བཏང་གི་དངོས་པོ་དང་བསམ་བློ་ག་འདྲ་ཞིག་མཚོན་པའི་བརྡ་རྟགས་སུ་འཛིན་རྒྱུ་དེ་ནི་རང་འདོད་ཡིན་པས། འཇིག་རྟེན་ཁམས་འདིར་འཚོ་སྡོད་ཀྱི་ཐོན་སྐྱེད་ཡོ་བྱད་བཟོ་བཀོལ་ཐུབ་པའི་སྲོག་ཆགས་དེ་ལ་རྒྱ་སྐད་དུ་“ 人 ”དང་། དབྱིན་ཇི་“man” འཇར་པན་སྐད་དུ་“hito”བོད་སྐད་དུ་མི་ཞེས་བཏགས་པ་ནི་འདོད་རྒྱལ་ཁོ་ན་ཡིན་པ་ལས། དངོས་པོ་དེ་དག་གི་རང་བཞིན་དང་གཏན་ནས་འབྲེལ་བ་མེད། དེའི་རྒྱུ་མཚན་གྱིས་འཇིག་རྟེན་འདིར་རྣམ་པ་མི་འདྲ་བའི་སྐད་ཆ་ཤིན་ཏུ་མང་པོ་བྱུང་བ་ཡིན། སྐད་ཆའི་བརྡ་རྟགས་ཀྱི་འདོད་རྒྱལ་རང་བཞིན་དེ་ནི་མིའི་རིགས་ཀྱིས་ཐོག་མར་སྒྲ་གདངས་གང་གིས་དངོས་པོ་གང་དང་བསམ་བློ་གང་མཚོན་པ་རང་འདོད་ཡིན་པ་ལས་མིང་ཚིག་གི་ནང་དོན་ལ་གོ་བ་ལེན་སྐབས་རང་དབང་ཡིན་ཞེས་པ་མིན།
3.གཏན་འཇགས་ཀྱི་རང་བཞིན། སྐད་ཆའི་བརྡ་རྟགས་དེ་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱས་པ་ནས་བཟུང་དེ་ལ་“རང་དབང”མེད་པ་ཡིན་ཏེ། མི་རྣམས་ཀྱིས་རང་འདོད་ལྟར་བསྒྱུར་བཅོས་བྱ་མི་རུང་། དཔེར་ན་མི་ལ་མི་མི་ཟེར་བར་གཞན་ཞིག་ཟེར་ནས་མིང་གཞན་འདོགས་པ་ལྟ་བུ། གལ་སྲིད་སྐད་ཆ་དེ་སྤྱི་ཚོགས་ཞིག་གིས་ཁས་ལེན་བྱས་ནས་དུས་ཡུན་ངེས་ཅན་ཞིག་གི་འབྲེལ་འདྲིས་ལག་ཆར་གྱུར་བ་ནས་བཟུང་། མི་རང་ཉིད་ལ་དེའི་བརྡ་རྟགས་བསྒྱུར་བའི་དབང་ཆ་མེད་པས་གཏན་འཇགས་ཀྱི་རང་བཞིན་ཞེས་བརྗོད་པ་ཡིན། དེ་བས་ཁྱོད་ཀྱི་བརྡ་རྟགས་དེའི་མཚོན་དོན་བཞིན་བཤད་པ་དང་བྲིས་ན་ད་གཟོད་གཞན་གྱིས་ཉན་དང་ལྟ་ཤེས་པས་འབྲེལ་འདྲིས་ཀྱི་བྱེད་ལས་འགྲུབ་པ་ཡིན།
4.འགྱུར་བའི་རང་བཞིན། འདི་ནི་གོང་ནས་སྐད་ཆའི་བརྡ་རྟགས་ཀྱི་གཏན་འཇགས་ཀྱི་རང་བཞིན་བཤད་པ་དང་མི་འགལ་ཏེ། དཔེར་ན་གནའ་རབས་སུ་བཙན་པོ་ལ་“བཙད་པོ” མནའ་བསྐྱལ་བ་ལ་“བྲོ་བོར་བ” ཉི་མ་ལ་“གཉི་མ་” གྲི་ལ་“གྱི་”ཟེར་བ་སོགས་ལ་གཞིགས་ན་འགྱུར་ལྡོག་བྱུང་ཡོད་པ་མ་ཟད། བོད་རང་ཉིད་ལ་སྐད་གསར་བཅད་ཐེངས་གསུམ་བྱས་པས་ཀྱང་མཚོན། གཏན་འཇགས་དང་འགྱུར་བའི་གོ་དོན་ནི་ལྡོག་ཟླ་ཡིན་ཀྱང་སྐད་ཆའི་བརྡ་རྟགས་ལ་སྦྱར་ན་མི་འགལ་ཏེ། སྤྱིར་དངོས་པོ་ཐམས་ཅད་ནི་འཕེལ་བའི་གོ་རིམ་ཡིན་ལ། རེ་འགའ་བར་གཏན་འཇགས་ཀྱི་རྣམ་པ་འཛིན་པ་ཡིན་ན་ཡང་དོན་དམ་པར་འགུལ་སྐྱོད་ཀྱི་རྣམ་པ་འཛིན་པ་ནི་སྤྱིར་བཏང་གི་གནས་ལུགས་ཤིག་ཡིན་པས་སྐད་ཆའང་དེ་ལས་མ་འདས། སྐད་ཆའི་བརྡ་རྟགས་ཀྱི་མི་འགྱུར་བའི་རྣམ་པ་ཞེས་པ་ནི་དུས་སྐབས་ཀྱི་ཆ་ནས་བཤད་པ་དང་འགྱུར་བའི་རྣམ་པ་ཞེས་པ་ནི་དུས་རབས་ཀྱི་ཆ་ནས་བཤད་པ་ཡིན། དེ་ལ་མ་ལག་ཞིག་བྲིས་ན་གཤམ་གྱི་དཔེ་རིས་ལྟར། ཀ་ཁ་གཉིས་ཀྱིས་དུས་སྐབས་གཅིག་མཚོན་པ་དང་ག་ང་གཉིས་ཀྱིས་དུས་རབས་རིང་པོ་མཚོན་པས། དེའི་ཀ་དང་ཁའི་དུས་སྐབས་ཀྱི་ཆ་ནས་བཤད་ན་ཅུང་གཏན་འཇགས་ཀྱི་རྣམ་པ་ཡིན་ལ། ག་ང་གཉིས་ནི་ལོ་རྒྱུས་ཀྱི་དུས་རབས་འགྱུར་བའི་རྣམ་པ་ཡིན།
5.རིགས་འགྲེ་བའི་རང་བཞིན། མི་རྣམས་ཀྱིས་ངག་ནས་བརྗོད་པའི་ཚིག་དེ་ལ་མཐའ་མེད་མོད། འོན་ཀྱང་ཚིག་གི་གྲུབ་སྟངས་ཀྱི་རྣམ་པ་ལ་ཚད་ཡོད་དེ། ཚིག་གི་བརྗོད་སྟངས་རིགས་ཤིག་ཤེས་པ་ནས་དེ་ལ་རིགས་འགྲེ་ནས་བརྡ་སྤྲོད་དང་མཐུན་པའི་ཚིག་མང་པོ་སྒྲིག་ཐུབ། དཔེར་ན། “ཚེ་རིང་གིས་ལས་བྱ་འབྲི”ཞེས་ཤེས་པ་ནས་“ཚེ་བརྟན་གྱིས་ཟ་མ་ཟ་” “ཨ་ཕས་ཇ་འཐུང་”སོགས་རིགས་འགྲེ་ནས་སྒྲིག་ཐུབ་པས་རིགས་འགྲེ་བའི་རང་བཞིན་ཞེས་བརྗོད་པ་ཡིན།
འོ་ན་སྐབས་འདིར་སྐད་ཆའི་བརྡ་རྟགས་ཀྱི་ཁྱད་ཆོས་འདི་འདྲ་མང་པོ་གསལ་བཤད་བྱས་པ་ལོ་ཙཱ་དང་འབྲེལ་བ་ཅི་ཞིག་ཡོད་དམ་ཟེར་ན་འབྲེལ་བ་གལ་ཆེན་ཡོད་དེ། གཅིག་ལ། སྐད་ཆ་ནི་སྒྲ་གདངས་གཅིག་གིས་ཁེར་རྐྱང་དུ་མཚོན་པ་ཞིག་མ་ཡིན་པར་སྒྲ་གདངས་རེ་རེ་བཞིན་གོ་རིམ་ལྟར་ཐོན་པ་ལས་གྲུབ་པ་ཡིན་པ་མ་ཟད། ཚིག་སྔ་ཕྱི་ཕན་ཚུན་ལ་བཀག་རྒྱ་དང་རམ་འདེགས་ཚུལ་གྱིས་སྐད་ཆའི་རྩ་བའི་སྒྲིག་གཞིའི་གོ་རིམ་ལྟར་བརྗོད་དོན་གསལ་པོར་མཚོན་པ་ཡིན་པས། ལོ་ཙཱ་བས་ཀྱང་མ་ཡིག་གི་སྒྲིག་གཞིའི་གོ་རིམ་ལྟར་གོ་བ་རྒྱུད་ལ་བླངས་ནས་འགྱུར་ཡིག་དེའི་སྒྲིག་གཞིའི་གོ་རིམ་ལྟར་དར་སྐུད་ཅན་གྱི་རྣམ་པས་མཚོན་དགོས། གལ་སྲིད་འགྱུར་ཡིག་གི་སྒྲིག་གཞི་གོ་རིམ་ནོར་བ་ཡིན་ན་ཐ་སྙད་རེ་རེ་བསྒྱུར་བ་འགྲིག་ཀྱང་ཚིག་ཧྲིལ་པོས་མ་གཞིའི་བརྗོད་བྱ་མཚོན་མི་ཐུབ། གཉིས་ལ། འདོད་རྒྱལ་གྱི་རང་བཞིན་ཅན་གྱིས་ལོ་ཙཱའི་འབྱུང་ཁུངས་དང་དགོས་པ་གསལ་བཤད་བྱས་ཡོད་པ་སྟེ། ཐོག་མར་མི་རྣམས་ཀྱིས་ཚིག་འགྲུབ་བྱེད་ཀྱི་མིང་གི་ཐ་སྙད་འདོད་རྒྱལ་གྱིས་མཚོན་པ་ཡིན་པས། འཛམ་གླིང་སྟེང་སྐད་རིགས་མི་འདྲ་བ་དང་། སྐད་རིགས་གཅིག་ཏུ་ཁ་སྐད་མི་འདྲ་བ་སོགས་རྙོག་འཛིང་གི་རྣམ་པ་འདི་འདྲ་བྱུང་བ་དང་། ཡང་སྐད་ཆ་ནི་བསམ་གཞིགས་དང་ཐད་ཀར་འབྲེལ་བ་ཡོད་པ་སྟེ། དེས་མི་རྣམས་ཀྱི་བསམ་གཞིགས་ཀྱི་འབྲས་བུ་དང་དངོས་ཟིན་གྱི་འབྲས་བུ་མིང་དང་ཚིག་གིས་མཚོན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་སུ་བསམ་བློ་བརྗེ་རེས་བྱེད་ཐུབ་པ་བྱུང་ཐོག་ལོ་ཙཱ་བྱུང་བ་ཡིན། གསུམ་ལ། གཏན་འཇགས་ཀྱི་རང་བཞིན་འདི་ནི་འདིར་བརྗོད་པའི་ལོ་ཙཱར་གཅིག་གྱུར་གྱི་ཚད་གཞི་ཡོད་མེད་དང་འབྲེལ་བ་དམ་པོ་ཡོད། སྐད་ཆ་ནི་གོམས་སྲོལ་ལྟར་གཏན་འཇགས་སུ་སོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པས། དེ་ནི་མི་རྣམས་ཀྱི་ཆེད་དུ་བཞག་པའི་གན་རྒྱའི་རང་བཞིན་གྱི་སྤྱི་ཚོགས་སྣང་ཚུལ་དང་མི་འདྲ། དཔེར་ན། དམག་དུང་འབུད་པ་དང་སྣེ་ལེན་བྱེད་ཚུལ་(礼节仪式)སོགས་ནི་མི་རྣམས་ཀྱི་ཚོགས་འདུ་བསྡུས་ནས་དཔྱད་བསྡུར་དང་ཡང་ན་ཐུན་མོང་དུ་གྲོས་བསྡུར་བྱས་ནས་འོས་འཚམས་ཀྱི་བྱེད་ཐབས་སྤྱད་དེ་ཚང་མས་ལག་བསྟར་བྱེད་ཐུབ་པ་དེ་ཡིན། སྐད་ཆའི་སྒྲིག་སྲོལ་ནི་མི་མང་པོའི་འདོད་བློ་ལྟར་ལེགས་བཅོས་དང་བསྒྱུར་བཅོས་བྱེད་ཐབས་མེད། སྐད་ཆ་དེ་འབྲེལ་འདྲིས་ཀྱི་ལག་ཆ་ཡིན་ཡང་གཞན་པའི་ལག་ཆ་དང་མི་འདྲ་སྟེ། དཔེར་ན། ཐོན་སྐྱེད་ལག་ཆ་ལ་མཚོན་ན་མི་རྣམས་ཀྱིས་དེའི་བཟང་ངན་བསྡུར་ཆོག་པ་མ་ཟད། བཅོས་སྒྱུར་དང་དེང་རབས་ཅན་གྱི་ཐོན་སྐྱེད་ལག་ཆ་ནང་འདྲེན་བྱས་ནས་རྗེས་ལུས་ཀྱི་ལག་ཆ་མ་བཀོལ་ན་ཆོག་མོད། འོན་ཀྱང་སྐད་ཆར་བཟང་ངན་འབྱེད་པའི་ཚད་གཞི་མེད་ལ། བཅོས་བསྒྱུར་དང་ཡང་ན་སྐད་རིགས་ཅིག་མེད་པར་བཟོ་དགོས་ཞེས་དྲིལ་བསྒྲགས་ཀྱང་བྱེད་མི་ཆོག སྐད་ཆ་ལ་ཚད་འཇལ་བྱེད་ཀྱི་ཚད་གཞི་མེད་ན་སྐད་ཆ་ཞིག་སྐད་ཆ་གཞན་ཞིག་ལ་བསྒྱུར་པ་ལ་ཚད་གཞི་ཇི་ལྟར་འཇོག དཔེར་ན་པད་མའི་གཉེན་ཞེས་པར་“太阳”དང་“莲亲”ཞེས་སྐད་ཆའི་བརྡ་རྟགས་ཀྱི་རྒྱ་ཡིག་ལ་བསྒྱུར་ན་གང་ནི་མཆོག་དང་གང་ནི་དམན། གལ་སྲིད་དེ་དག་“太阳”དང་“莲亲”བཅས་སུ་མི་བསྒྱུར་པར་“啤酒”ལྟ་བུར་བསྒྱུར་ན་དེ་ནི་ལོ་ཙཱའི་ཁྱབ་ཁོངས་སུ་མི་འདུ་སྟེ། ཅིའི་ཕྱིར་ཞེ་ན། དེས་“པད་མའི་གཉེན་”ཞེས་པ་གཏན་ནས་བསྒྱུར་མེད་པས་སོ། བཞི་ལ། སྐད་ཆའི་བརྡ་རྟགས་ཀྱི་འགྱུར་བའི་རང་བཞིན་དེས་སྐད་ཆ་ལ་དུས་སྐབས་གཅིག་དང་དུས་རབས་རིང་པོའི་ཆ་གཉིས་ནས་ཞིབ་འཇུག་གི་བློ་སྒོ་ཕྱེ་པས། ལོ་ཙཱ་ལའང་དུས་སྐབས་གཅིག་དང་དུས་རབས་རིང་པོའི་ཆ་གཉིས་ནས་ཞིབ་འཇུག་དང་ལག་ལེན་བྱེད་ཐུབ་སྟེ། དུས་རབས་རིང་པོའི་ཆ་ནས་དཔེར་ན་གནའ་བོའི་ཁུང་ཙི(孔子)ཡི་བརྩམས་ཆོས་རྣམས་ཇི་ལྟར་བོད་ལ་སྒྱུར་རྒྱུ་ལ་མཚོན་ན། རྡོ་རིང་ཡི་གེ་ལྟར་བོད་གནའ་ཡིག་ལ་བསྒྱུར་རམ་དེང་རབས་ཀྱི་ཡི་གེ་ལ་བསྒྱུར་རྒྱུ་ཡིན་ནམ། བོད་རང་ཉིད་དུའང་གནའ་བོའི་རྡོ་རིང་དང་ཏུན་ཧོང་གཏེར་མ་སོགས་གོ་དཀའ་བ་དེ་དག་དེང་སྐབས་ཀྱི་ཡི་གེར་བསྒྱུར་བ་ལོ་ཙཱའི་ཁྱབ་ཁོངས་སུ་བཞག་ནས་ཞིབ་འཇུག་བྱས་ན་ཅིས་མི་ཆོག ཡང་དུས་སྐབས་གཅིག་གི་ཆ་ལ་མཚོན་ནའང་ད་ལྟའི་བོད་ཀྱི་ཡི་གེ་དང་སྐད་ཡིག་རྒྱ་ཡིག་རྒྱ་སྐད་ལ་བསྒྱུར་རྒྱུ་མ་ཟད། བོད་ཀྱི་དབུས་སྐད་དེ་ཨམ་སྐད་དང་། ཨམ་སྐད་དེ་ཁམས་སྐད་སོགས་ལ་བསྒྱུར་བ་སོགས་ཀྱང་ལོ་ཙཱའི་ཁྱབ་ཁོངས་སུ་བསྡུས་ནས་དོ་སྣང་བྱས་ན་དོན་སྙིང་གལ་ཆེན་ཡོད་པ་རེད། །
གཉིས་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཆ་ནས་བཤད་པ།
ལོ་ཙཱ་ནི་སྤྱི་ཚོགས་ཀྱི་བྱ་འགུལ་ཞིག་ཡིན་པ་མ་ཟད། འབྲེལ་འདྲིས་ནི་དེའི་དམིགས་ཡུལ་ཡིན། རང་རེའི་སློབ་གྲྭ་དག་ཏུ་བེད་སྤྱོད་བྱེད་བཞིན་པའི་ལོ་ཙཱའི་ཁྲིད་དེབ་ནི་མིང་དང་ཚིག་གཙོ་བྱས་པའི་སྐད་ཆའི་སྒྱུར་ཚུལ་ཁོ་ན་ལ་ཞིབ་འཇུག་བྱེད་པ་ཡིན་པས་དེ་ནི་ཤིན་ཏུ་གུ་དོག་པར་གྱུར་འདུག། ལོ་ཙཱར་ཞིབ་འཇུག་བྱེད་ན་ངེས་པར་དུ་རྩོམ་པ་པོ་དང་མ་ཡིག ལོ་ཙཱ་བ་དང་འགྱུར་ཡིག འགྱུར་ཡིག་གི་ཀློག་པ་པོ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ན་ད་གཟོད་གཟུ་བོའི་གྲུབ་འབྲས་ལེན་ཐུབ། ཡང་གཅིག་བཤད་ན། མིང་དང་ཚིག་སྒྱུར་བ་སོགས་བྱེད་ཐབས་ཀྱིས་ནང་དོན་ཡང་བསྐྱར་མཚོན་ནས་འབྲེལ་འདྲིས་བྱེད་ཐུབ་རྒྱུ་ནི་དམིགས་ཡུལ་ཡིན་པས། དམིགས་ཡུལ་བོར་ནས་བྱེད་ཐབས་ཁོ་ནར་ཞིབ་འཇུག་བྱེད་པ་ནི་ཚན་རིག་དང་མི་མཐུན་ལ་དོན་དངོས་དང་ཡང་མི་མཐུན་ཞེས་མཁས་པ་མང་པོས་གླེང་། དབྱིན་ཇིའི་ཉོའུ་མ་ཁེ་(牛马克)ལགས་ཀྱིས་བསྒྱུར་བྱའི་མ་ཡིག་ལ་དོན་མཚོན་པའི་རིགས་དང་། ཆ་འཕྲིན་གྱི་རིགས། འབོད་སྐུལ་གྱི་རིགས་བཅས་རིགས་ཆེན་པོ་གསུམ་དུ་དབྱེ་ཡོད། དོན་མཚོན་པའི་རིགས་སུ་སྙན་རྩོམ་དང་བརྩམས་སྒྲུང་སོགས་རྩོམ་རིག་བརྩམས་ཆོས་དང་། དབང་གྲགས་ཅན་གྱི་གསལ་བཤད། (权威性的声明) རང་རྣམ། ལྷུག་རྩོམ་དང་འཕྲིན་ཡིག་སོགས་བསྡུས་ཡོད་པ་དང་། ཆ་འཕྲིན་གྱི་རིགས་སུ་ཚན་རིག་ལག་རྩལ་དང་། བཟོ་ཚོང་། དཔལ་འབྱོར་བཅས་གཙོ་བྱས་པའི་སློབ་དེབ་དང་སྙན་ཞུ། དཔྱད་རྩོམ། བརྗེད་ཐོ། ཟིན་བྲིས་སོགས་བསྡུས་ཡོད། འབོད་སྐུལ་གྱི་རིགས་སུ་གསལ་བཤད་ཡི་གེ་དང་དྲིལ་བསྒྲགས་ཡི་གེ གོ་སླ་བའི་སྒྲུང་གཏམ་སོགས་བསྡུས་ཡོད། དོན་མཚོན་པའི་རིགས་ནི་མ་ཡིག་གི་ཚིག་དོན་ལྟར་ལོ་ཙཱ་བྱེད་པ་བཅས་ཀྱི་རིགས་ལ་གཏོགས་པས། རིམ་པ་བཞིན་དུ་ཡི་གེ་རེ་རེ་བཞིན་སྒྱུར་བ། ཐད་ཀར་སྒྱུར་བ། མ་ཡིག་གི་ནང་དོན་དང་བསྟུན་པ། ཚིག་དོན་ཇི་བཞིན་ལོ་ཙཱ་བྱེད་པའི་ཐབས་བེད་སྤྱོད་བྱེད་དགོས་པ་དང་། ཆ་འཕྲིན་གྱི་རིགས་དང་འབོད་སྐུལ་གྱི་རིགས་གཉིས་ནི་མ་ཡིག་གི་འབྲེལ་འདྲིས་ནུས་པ་གཙོ་བོར་འཛིན་པ་ཡིན་པས། རིམ་བཞིན་དུ་སྒྲིག་སྒྱུར་(改译)དང་རང་དབང་ལོ་ཙཱ། གོམས་སྲོལ་བཞིན་གྱི་ལོ་ཙཱ། འབྲེལ་འདྲིས་ལོ་ཙཱ་བཅས་ཀྱི་བྱེད་ཐབས་བེད་སྤྱོད་བྱེད་དགོས། ཡང་ཨུ་རུ་སུའི་ཧྥེ་ཏི་ལོ་ཧྥུ་(费道罗夫)ལགས་ཀྱིས་བསྒྱུར་བྱའི་མ་ཡིག་དེ་རིགས་ཆེན་པོ་གསུམ་ལ་བཀར་ཡོད་པ་སྟེ། རིགས་དང་པོ་གསར་འགྱུར་བརྡ་འཕྲིན་དང་ཡིག་ཆ། ཚན་རིག་ཆེད་རྩོམ་བཅས་དང་། རིགས་གཉིས་པ་ཆབ་སྲིད་གླེང་བརྗོད་སྐོར། རིགས་གསུམ་པ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་སྐོར་ཡིན། རིགས་དང་པོ་ལོ་ཙཱ་བྱེད་དུས་ཡང་དག་པའི་སྒོ་ནས་མ་ཡིག་གི་ནང་དོན་མཚོན་པ་དང་ཚིག་སྦྱོར་བདེ་ཞིང་གནད་ལ་འཁེལ་དགོས། རིགས་གཉིས་པ་ལོ་ཙཱ་བྱེད་དུས་མ་ཡིག་གི་ནང་དོན་གསལ་པོར་མཚོན་དགོས་པ་མ་ཟད། རྩོམ་པ་པོས་ནང་དོན་དེ་ལ་བཟུང་བའི་ལྟ་ཚུལ་ཡང་ཡང་དག་པར་མཚོན་དགོས་པ་དང་། འགྱུར་ཡིག་དེར་ཡང་མ་ཡིག་དང་འདྲ་བ་དྲིལ་བསྒྲགས་དང་སྐུལ་སློང་གི་ནུས་པ་ཡོད་དགོས། རིགས་གསུམ་པ་ལོ་ཙཱ་བྱེད་དུས་མ་ཡིག་གི་སྒྱུ་རྩལ་རང་བཞིན་ཕྱིར་མཚོན་རྒྱུ་དེར་ཐོག་མར་བསམ་བློ་གཏོང་དགོས་ཤིང་། ཡི་གེ་རེ་རེ་དང་ཚིག་རེ་རེ་བཞིན་ཐད་ཀར་སྒྱུར་ན་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཙཱའི་དམིགས་ཡུལ་འགྲུབ་མི་ཐུབ། ལོ་ཙཱའི་དམིགས་ཡུལ་ནི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་ཐོན་དགོས་པ་དེ་ཡིན་པས། མ་ཡིག་ཅི་ཡིན་ཚང་མར་གཅིག་ཆོད་ཀྱིས་དོན་སྒྱུར་དང་ཐད་སྒྱུར་སོགས་བྱ་མི་རུང་བ་མ་ཟད། དམིགས་ཡུལ་དེ་ཡང་དག་པ་དང་ཆ་ཚང་བར་འགྲུབ་ཕྱིར་ལོ་ཙཱ་བས་ཐབས་དུ་མ་དང་རྣམ་པ་དུ་མ་སྤྱད་ནས་མ་ཡིག་གི་འབྲེལ་འདྲིས་ནུས་པ་དེ་འགྱུར་ཡིག་ལ་ཐོན་ཅི་ཐུབ་བྱེད་དགོས། དེ་ལྟར་མ་ཡིག་ཅིག་འགྱུར་ཡིག་ལ་སྒྱུར་སྐབས་དེ་ལ་དེར་བསྟུན་གྱི་ཚད་གཞི་ནི་ཡོད་རུང་བ་དང་ཡོད་འོས་པ་ཡིན་ཡང་། སྦྲུལ་སྦལ་བ་གཉིས་ཀར་གཅིག་གྱུར་གྱི་ཚད་གཞི་ཡོད་པར་སྨྲ་བ་ནི་ཤིན་ཏུ་མི་འོས། ཡང་། ལོ་ཙཱ་ནི་ཀློག་པ་པོ་དང་འབྲེལ་བ་དམ་པོ་ཡོད་ཕྱིར། ཀློག་པ་པོ་རབ་འབྲིང་ཐ་གསུམ་གྱི་གནས་བབས་ལ་བསྟུན་ནས་ལོ་ཙཱ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་སྐུ་ཞབས་ལུའུ་ཞུན་གྱིས་“ལོ་ཙཱ་བྱ་ཡུལ་གྱི་མང་ཚོགས་ནི་ཇི་ལྟ་བུའི་ཀློག་པ་པོ་ཞིག་ཡིན་པ་ཐོག་མར་ཐག་གཅོད་བྱེད་དགོས། མང་ཚོགས་དེ་དག་རགས་པར་དབྱེ་ན་ནི་རིགས་གསུམ་སྟེ། ཀ་པ་ནི་སློབ་གསོ་ཐོབ་ཡོད་པ་དང་། ཁ་པ་ནི་ཡི་གེ་ཅུང་ཟད་ཤེས་པ། ག་པ་ནི་ཡི་གེ་གཏན་ནས་མི་ཤེས་པ་བཅས་ཡིན། དེ་དག་ལས་ག་པ་ནི་ཀློག་པ་པོའི་ཁྱབ་ཁོངས་ལ་མ་འདུས།… …ཀ་པ་དང་ཁ་པ་གཉིས་ལའང་འགྱུར་དེབ་གཅིག་བཀོལ་མི་རུང་། ཁ་པར་མཁོ་སྤྲོད་བྱེད་ན་ད་དུང་ལོ་ཙཱ་བྱེད་མི་འོས། མ་མཐའ་ཡང་སྒྲིག་སྒྱུར་བྱེད་དགོས། ... ... ཀ་པར་མཁོ་སྤྲོད་ཀྱི་འགྱུར་དེབ་གང་ཞིག་ཡིན་ཡང་། ངས་ད་ལྟའི་བར་དུ་དོན་ལ་བསྟུན་ཕྱིར་ཚིག་མ་འབྱོར་རུང་ཆོག་པའི་ལྟ་བ་འཛིན་པ་ཡིན།”ཞེས་གསུངས་པ་ལས་མ་ཡིག་གཅིག་ལ་འགྱུར་ཡིག་དུ་མ་དགོས་པ་བསྟན་ཡོད་པ་མ་ཟད། འགྱུར་ཡིག་དེ་ཡང་ཀློག་པ་པོའི་ཡོན་ཚད་ལྟར་རང་རང་གི་འདོད་བློ་དང་མཐུན་ཞིང་གོ་བ་ལེན་སླ་བའི་རབ་འབྲིང་ཅི་རིགས་དགོས་པས། ཀློག་པ་པོའི་འདོད་པས་ལོ་ཙཱ་ལ་ཐུན་མོང་རང་བཞིན་གྱི་ཚད་གཞི་ཡོད་མི་སྲིད་པ་ལུང་རིགས་གཉིས་ཀྱིས་གསལ་བཤད་བྱས་ཡོད།
གསུམ་པ། རིག་གནས་ཀྱི་ཆ་ནས་བཤད་པ།
དེ་ཡང་《དབྱིན་ཇིའི་རིག་ཚན་སྣ་འཛོམས་མདོར་བསྡུས》(《简明不列颠百科全书》)ཞེས་པར་“མིའི་རིགས་ལ་ཞིབ་འཇུག་གི་རིག་པ(人类学)སྨྲ་བ་རྣམས་ཀྱིས། སྐད་ཆ་ནི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ཞེས་བརྗོད་ཅིང་། སྤྱི་ཚོགས་ཀྱི་གྲུབ་ཆ་མི་རེ་རེ་ན་སྐད་ཆ་རིགས་ཤིག་ལ་བྱང་ཆ་ཡོད་དགོས་པ་མ་ཟད། ད་དུང་སྐད་ཆ་དེར་འདུས་པའི་སྤྱི་ཚོགས་དེའི་རིག་གནས་ལ་ཡང་བྱང་ཆ་ཡོད་དགོས། སྐད་ཆ་ནི་རིག་གནས་ཀྱི་ཆ་ཤས་ཡིན་ཕྱིར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ཡིན། སྤྱི་ཚོགས་དང་སྐད་ཆ་ཕན་ཚུན་ལ་གང་ཡང་མེད་མི་རུང་སྟེ། སྤྱི་ཚོགས་ཁོར་ཡུག་ཁོ་ན་ལས་སྐད་ཆ་དར་འཕེལ་བྱུང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་དེ་ཡང་མི་རྣམས་ཀྱིས་ཐུན་མོང་དུ་སྐད་ཆ་བཀོལ་སྤྱོད་བྱས་ནས་འབྲེལ་འདྲིས་བྱུང་བའི་གནས་ཚུལ་འོག་ད་གཟོད་གནས་ཐུབ། དེའི་ཕྱིར་སྐད་ཆ་ནི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན།” ཞེས་རིག་གནས་དང་སྐད་ཆ་གཉིས་ཀྱི་འབྲེལ་བ་གསལ་བོར་བྱས་ཡོད་པ་ལྟར་ན། ལོ་ཙཱ་ནི་སྐད་ཆའི་རྣམ་པས་མཚོན་པའི་རིག་གནས་གཉིས་ཀྱི་འབྲེལ་བ་ཡིན་ཞེས་བཤད་ཆོག ལོ་ཙཱ་བས་ལོ་ཙཱ་བྱེད་སྐབས་མིང་ཚིག་དང་བརྗོད་པ་སོགས་ལ་བྱང་ཆ་ཡོད་དགོས་པ་མ་ཟད། སྐད་ཆ་དེར་འདུས་པའི་རིག་གནས་ལའང་ངོས་འཛིན་གསལ་པོ་ཡོད་དགོས། ལོ་ཙཱ་ནི་རིག་གནས་དང་ཁ་བྲལ་ནས་ཁེར་རྐྱང་དུ་གནས་མི་ཐུབ་པས། དུས་རབས་སོ་སོ་དང་དུས་སྐབས་གཅིག་ཏུ་གནས་པའི་སྐད་རིགས་ཕན་ཚུན་དང་ཁ་སྐད་ཕན་ཚུན་ལའང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་། ཁོར་ཡུག་གི་དབང་གིས་སྐད་དང་ཡི་གེ་མི་གཅིག་པ་དང་། སྐད་དང་ཡི་གེ་གཅིག་ཀྱང་དེར་འདུས་པའི་རིག་གནས་ཀྱི་གོ་དོན་མི་གཅིག་པ་ཡོད་པས་ལོ་ཙཱ་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། དེ་ནི་འཛམ་གླིང་གི་སྐད་རིགས་སོ་སོའི་ལོ་ཙཱ་ལ་གནས་པའི་གནད་དོན་ཞིག་ཡིན། དཔེར་ན། 1962ལོར་ཨ་རིའི་གཙོ་འཛིན་ཁན་ཉི་ཏིའི་(肯尼迪)སྐུ་ཚབ། 《གཟའ་སྤེན་པའི་བགྲོ་གླེང་ཚགས་པར》(星期六评论报)གྱི་གཙོ་སྒྲིག་པ་ནོ་མན་ཁ་ཟིན་ཟི་(normancosins)སུའུ་ལེན་གྱི་མོའུ་སི་ཁོའོ་ལ་སོང་ནས་གཙོ་འཛིན་ཧྭ་ལུ་ཞའོ་ཧྥུ་དང་འཛམ་གླིང་ཞི་བདེའི་གནད་དོན་སྐོར་གྲོས་བསྡུར་བྱེད་དུས། ཁོས་རང་གི་ཕྲག་ལ་བབས་པའི་བྱ་བའི་གལ་ཆེན་རང་བཞིན་ལ་དམིགས་ནས་གྲོས་འགོ་མ་བརྩམ་གོང་ཨུ་རུ་སུའི་ཡི་གེའི་གཏམ་བཤད་འགྱུར་མ་དང་མ་ཡིག་ཞིབ་བསྡུར་བྱས་ཚེ། མ་ཡིག་གི་ཐ་སྙད་སོ་དྲུག་ལ་ཨུ་རུ་སུའི་ཡི་གེ་ནས་གོ་དོན་མཚུངས་པའི་ཐ་སྙད་བཙལ་ཐབས་བྲལ། དཔེ་དེ་བཞིན་དུ་རྒྱ་བོད་ཡིག་སྒྱུར་ཐད་ལ་མཚོན་ནའང་རྒྱ་རིགས་ནི་གཙོ་བོ་ཞིང་ལས་གཉེར་བའི་མི་རིགས་ཤིག་ཡིན་ཕྱིར་ཞིང་ལས་སྐོར་གྱི་ཐ་སྙད་ཕུན་སུམ་ཚོགས་པ་ཡོད་ཅིང་། དཔེར་ན་འབྲས་ཀྱི་རིགས་ཁོ་ནར་“大米” “小米”“黑米”“糯米”སོགས་མིང་གི་རྣམ་གྲངས་དུ་མ་ཡོད་པ་དང་། བོད་ནི་གཙོ་བོ་ཕྱུགས་ལས་གཉེར་མཁན་མི་རིགས་ཤིག་ཡིན་པས་རྟ་དང་རྟེའུ་ཐོ་རུ་དང་། ལྕི་བ་རིལ་མ་ཨོང་བ་སོགས་ཕྱུགས་ལས་སྐོར་གྱི་ཐ་སྙད་ཤིན་ཏུ་མང་། ཡང་དཔེར་ན། “ཁོང་ནི་མི་སེམས་བཟང་ཞིག་རེད”དང་“ཁོང་ནི་མི་སེམས་དཀར་ཞིག་རེད”ཅེས་པ་རྒྱ་ཡིག་ཏུ་ཇི་ལྟར་བསྒྱུར་རྒྱུ། དེ་ལ་བོད་རང་སྐད་ནས་དོན་མཚུངས་ཡང་རྗོད་ཚུལ་མི་འདྲ་སྟེ། “ཁོང་ནི་མི་སེམས་བཟང་ཞིག་རེད”ཅེས་པ་ལས་སེམས་དེ་ཐད་ཀར་བཟང་ངན་གཉིས་ལས་བཟང་པོ་ཡིན་པར་ཐག་བཅད་པས་རྒྱན་བཀོལ་མེད། ཡང་“ཁོང་ནི་མི་སེམས་དཀར་ཞིག་རེད”ཅེས་པ་ལས་སེམས་དེ་ནི་བཟང་ངན་གཉིས་ལས་བཟང་པོ་ཡིན་པ་དེ་དཀར་ནག་གཉིས་ལས་དཀར་པོའི་དཔེར་སྦྱར་ནས་བཀོད་པ་ཡིན་པས་དཔེ་སྔོན་མ་ལས་གཏིང་ཟབ་ཅིང་སྒྱུ་རྩལ་སྣང་བརྙན་གྱི་ཁྱད་ཆོས་ལྡན། ཁོ་བོ་ལྟ་བུས་དེ་གཉིས་ཀ“他是位好心人”ཞེས་བསྒྱུར་རྒྱུ་ལས་ཐབས་གཞན་མེད་པས་རིག་གནས་ཀྱི་ཁྱད་ཆོས་མངོན་དུ་འཇུག་མི་ཐུབ། ཡང་“མདའ་གཅིག་གིས་ཤཱ་བ་གཉིས་བསད”ཅེས་པའི་ཁ་དཔེ་དེའི་དོན་ནི་བྱེད་ལས་གཅིག་གིས་དོན་གཉིས་གྲུབ་པ་དཔེ་ལ་སྦྱར་ནས་བཤད་པ་ཡིན་ཡང་། རྒྱ་ཡིག་ཏུ་“一箭双雕”ལ་སྒྱུར་ན་ཀློག་པ་པོས་བལྟས་མ་ཐག་དང་ཉན་པ་པོས་ཉན་མ་ཐག་ཏུ་དོན་གསལ་པོར་གོ་བ་མ་ཟད། སྒྱུ་རྩལ་གྱི་ནུས་པ་ཡང་ཐོན་མོད། འོན་ཀྱང་ཀློག་པ་པོས་བོད་སྐད་ཀྱི་ནང་དོན་ཇི་ལྟར་མཚོན་པ་ཤེས་འདོད་ན་“一箭射死了两只鹿”ཞེས་ཐད་ཀར་བསྒྱུར་དགོས་པར་འདུག ཡང་བོད་ལ་མཚུངས་པ་གསལ་བྱེད་ཀྱི་ཐ་སྙད་ཁོ་ན་བདུན་ཅུ་ལྷག་ཡོད་པས་དེ་རྣམས་ལ་རིག་གནས་ཀྱི་ཁྱད་ཆོས་རེ་རེ་ཡོད་པ་སྨོས་མ་དགོས་མོད། འོན་ཀྱང་རེ་རེ་བཞིན་ཐད་སྒྱུར་གྱིས་མཚོན་ནམ་རྒྱ་ཡིག་རང་ལ་རྒྱུན་ཆགས་སུ་སོང་བའི་ཐ་སྙད་འགའ་ཡིས་མཚོན་རྒྱུ་ཡིན་ནམ། སྐུ་ཞབས་ལུའུ་ཞུན་ལགས་ཀྱི་འདོད་པ་ལྟར་ཐད་བསྒྱུར་གྱིས་ཉི་མའི་མངོན་བརྗོད་པད་མའི་གཉེན་ལ་“莲亲”དང་། རྟ་བདུན་དབང་པོ་ལ་“七马主” རྟ་བདུན་ལ་“七马者” སོགས་སུ་བསྒྱུར་ནས་འགྱུར་ཡིག་དེར་རིག་གནས་གསར་པ་ཁ་གསབ་བྱེད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེ་ལྟར་རྒྱ་བོད་ལོ་ཙཱ་བརྒྱུད་ནས་བོད་ལའང་སྤྱི་ཚོགས་རིང་ལུགས་དང་། སྟེང་གི་བཀོད་པ། དཔལ་འབྱོར་རྨང་གཞི། ཚབ་རྩིས་རིག་པ། དབྱིབས་རྩིས་རིག་པ། གློག་ཀླད་སོགས་རིག་གནས་གསར་པ་མང་པོ་ནང་འདྲེན་བྱེད་བཞིན་པ་ནི་མིག་མཐོང་ལག་ཟིན་ཏུ་ཡོད་པས་གྲུབ་འབྲས་འདི་རིགས་ནི་སྒྱུར་ཐབས་གང་དང་ཚད་གཞི་གང་ལས་བྱུང་བ་ཡིན་ནམ། དེའི་ཕྱིར་རིག་གནས་ཀྱི་ཆ་ནས་བཤད་ནའང་སྒྲ་སྒྱུར་དང་། ཐད་སྒྱུར། དོན་སྒྱུར། ཕན་ཚུན་བསྲེས་ནས་སྒྱུར་བ་སོགས་སྒྱུར་ཐབས་སྣ་མང་གིས་འགྱུར་ཡིག་སྣ་མང་ལ་ཐུན་མོང་རང་བཞིན་གྱི་ཚད་གཞི་ཞིག་ཇི་ལྟར་འཇོག་རྒྱུ།
གཉིས། ལོ་ཙཱའི་ལག་ལེན་གྱི་སྒོ་ནས་བཤད་པ།
རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ལོ་ཙཱ་བ་གྲགས་ཅན་ནེལ་ཏ་དང་། ཉོའུ་མ་ཁེ། ཧྥེ་ཏི་ལོ་ཧྥུ། ཝང་ཡུས་ནན་(王沂暖)སོགས་ཀྱིས་ལོ་ཙཱའི་ལག་ལེན་ལ་རིགས་དང་དབྱེ་བ་དུ་མ་བསྟན་ཡོད་མོད། དེང་སང་ཁྱབ་ཆེ་བའི་ལུགས་ལ་སྤྱིར་བཏང་ངག་སྒྱུར་དང་ཡིག་སྒྱུར། འཕྲུལ་ཆས་ཀྱི་སྒྱུར་བ་བཅས་རིགས་གསུམ་ཡོད་དེ། གཤམ་དུ་ངག་སྒྱུར་དང་ཡིག་སྒྱུར་གིས་ཀྱི་ཆ་ནས་ལོ་ཙཱར་ཐུན་མོང་རང་བཞིན་གྱི་ཚད་གཞི་ཡོད་མེད་བཤད་ན།
དང་པོ། ངག་སྒྱུར།
ངག་སྒྱུར་ནི་ཡི་གེ་མ་བྱུང་བའི་ཡར་སྔོན་གྱི་ཡར་སྔོན་ཏེ་ཐོག་མར་མི་རྣམས་འབྲེལ་འདྲིས་ཀྱིས་སྤྱི་ཚོགས་གྲུབ་པ་ནས་བྱུང་བ་ཡིན་པས་ལོ་ཙཱའི་རིགས་ལས་ཆེས་སྔ་བ་ཡིན། དེ་ལ་ཀྲུང་ཧྲོ་ཁུང་(钟述孔)ལགས་ཀྱིས་ངག་སྒྱུར་ནི་སྐད་རིགས་ཤིག་གི་སྒོ་ནས་བཤད་པ་དེ་དུས་ཐོག་ཏུ་ཁ་སྐད་རིགས་གཞན་ཞིག་གི་སྒོ་ནས་མཚོན་པ་ལ་ཟེར་བ་དང་། ཐེན་ཅིན་གོ་(田建国)ལགས་ཀྱིས་ངག་སྒྱུར་ནི་སྐད་རིགས་མི་འདྲ་བ་བཤད་པའི་མི་རྣམས་ངག་ཐོག་ནས་འབྲེལ་འདྲིས་བྱེད་ཐུབ་པའི་ཐུན་མོང་མ་ཡིན་པའི་སྒྲ་ལྡན་གྱི་སྐད་ཆའི་བྱ་འགུལ་ཞིག་ཡིན་པར་འདོད་པ་དང་། ཧོང་ལེ་ཞིན་(黄为忻)ལགས་ཀྱིས་ངག་སྒྱུར་ནི་སྐད་རིགས་ཤིག་སྐད་རིགས་གཞན་ཞིག་ལ་བསྒྱུར་བའི་དུས་ཐོག་གི་བྱ་འགུལ་ལ་ཟེར་བ་སོགས་ངོས་འཛིན་མང་དུ་ཡོད་ཀྱང་། གང་ལྟར་ངག་སྒྱུར་ནི་སྐད་རིགས་(ཁ་སྐད)ཤིག་གི་བརྗོད་དོན་དེ་སྐད་རིགས་(ཁ་སྐད)གཞན་ཞིག་ལ་སྒྱུར་བར་གོ་ན་འོས་སྙམ། ངག་སྒྱུར་ནི་སྐད་ཆ་རིགས་ཤིག་གི་ནང་དོན་དེ་སྐད་ཆ་རིགས་དེ་མི་གོ་བའི་མི་ལ་གོ་བར་བྱེད་པའི་ཐབས་མཆོག་ཅིག་ཡིན་པས། མ་གཞིའི་སྐད་ཆ་བཤད་པ་པོ་དེའི་རྣམ་འགྱུར་དང་ཚུགས་ཀ བརྗོད་སྲོལ། ངོ་མདོག མིག་གི་ལྟ་སྟངས། ཁོར་ཡུག་དེའི་གནས་ཚུལ་བཅས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་སྐད་ཆའི་ནང་དོན་དེ་ཡང་དག་པར་རང་རྒྱུད་ལ་བླངས་ནས་ཕྱིར་མཚོན་དགོས་པ་མ་ཟད། དག་ཡིག་དང་ཡིག་ཆ་འཚོལ་ཁོམ་མེད་པར་དུས་བཅད་དེའི་ནང་བསྒྱུར་དགོས་པ་ཡིན་པས། མགྱོགས་ཤིང་རྗོད་བྱེད་ཀྱི་གོ་རིམ་མ་འཁྲིགས་པ་དང་གཅིག མ་སྐད་ཀྱི་དོན་མི་གོ་བའི་མི་དེའི་མིག་གི་མཐོང་ས་དང་རྣ་བའི་གོ་ས་ནས་སྒྱུར་བ་ཡིན་པས་ནུས་པ་དུས་ཐོག་ཏུ་ཐོན་པ་དང་གཉིས། དམིགས་ཡུལ་གཙོ་བོ་བརྗོད་བྱའི་དོན་གོ་བར་བྱེད་པ་ཡིན་པས་གོང་གི་བོད་ཡིག་རྒྱ་ཡིག་ཏུ་སྒྱུར་བའི་དཔེར་བརྗོད་ཉི་མའི་མངོན་བརྗོད་རྣམས་ས་ཞིང་།“太阳”ལ་སྒྱུར་བ་དང་མདའ་གཅིག་གིས་ཤཱ་བ་གཉིས་བསད་“一箭双雕”ལ་སྒྱུར་བ་སོགས་དང་བསྡུར་ན་བརྗོད་ཚུལ་ཅུང་རང་དབང་ཡིན་པ་དང་གསུམ། ཉན་པ་པོ་དེས་ཉན་མ་ཐག་དོན་གོ་བར་བྱ་ཆེད་འགྱུར་བྱའི་སྐད་རིགས་དེར་གོ་སླ་བའི་ཁ་སྐད་བཀོལ་བ་དང་བཞི། མ་སྐད་ཇི་བཞིན་ཚིག་རེ་རེ་དང་འབྲུ་རེ་རེ་ལོ་ཙཱ་བའི་བློ་ལ་ཤོང་དཀའ་བས་(ཟིན་བྲིས་བཏབ་ཡོད་ནའང)ནང་དོན་བསྡུས་སྒྱུར་གྱི་ཁྱད་ཆོས་ལྡན་པ་དང་ལྔའོ། །
ངག་སྒྱུར་ནི་ངག་ཐོག་ནས་སྒྱུར་བའི་ཁྱབ་ཁོངས་ཡོད་ཚད་ལ་གོ་བ་ཡིན་པས། ལོ་ཙཱ་བྱེད་ཚུལ་གྱི་སྒོ་ནས་དབྱེ་བ་དང་སྐད་རིགས་ཀྱི་སྒོ་ནས་ནང་གསེས་དབྱེ་བ་བཅས་རིགས་གཉིས་ཡོད། ལོ་ཙཱ་བྱེད་ཚུལ་གྱི་སྒོ་ནས་དབྱེ་ན་ཅིག་ཅར་དུ་སྒྱུར་བ་དང་རིམ་ཅན་དུ་སྒྱུར་བ་བཅས་ནང་གསེས་གཉིས་ཡོད་པ་སྟེ། ཅིག་ཅར་དུ་སྒྱུར་བ་ནི་མ་སྐད་བརྗོད་པ་པོས་བཤད་བཞིན་པའི་སྐབས་དེ་ཉིད་དུ་ལོ་ཙཱ་བས་མ་སྐད་མི་གོ་བ་རྣམས་ལ་དུས་ཐོག་ལོ་ཙཱ་བྱེད་པ་ཡིན་ལ། དེ་ལ་མ་སྐད་དང་འགྱུར་སྐད་གཉིས་བར་ལ་ཚིག་གཅིག་བརྗོད་པའི་དུས་ཡུན་ཙམ་ལས་དུས་ཀྱི་བར་ཐག་མེད་པས་དེ་ལྟར་སྒྱུར་བའི་ལོ་ཙཱ་བར་ཡོན་ཚད་ཆེན་པོ་མེད་ན་བསྒྱུར་དཀའ། འདི་རིགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ལྟ་བུ་ཚད་མཐོན་པོའི་རིགས་ལ་བཀོལ་སྤྱོད་བྱེད་བཞིན་ཡོད། རིམ་ཅན་དུ་སྒྱུར་བ་ནི་མ་སྐད་བརྗོད་པ་པོས་བཤད་ཚར་རྗེས། དེའི་ནང་དོན་ལོ་ཙཱ་བས་ཡང་བསྐྱར་ཚོགས་ཐོག་ཏུའམ་ཡང་ན་མི་སྒེར་གྱི་རྣ་ལམ་དུ་བཤད་ནས་དོན་གོ་བར་བྱེད་པ་ལ་ཟེར། འདི་རིགས་ནི་རང་རྒྱལ་གྱི་མི་རིགས་ས་ཁུལ་དུ་ཚོགས་འདུ་འཚོགས་པ་དང་གཏམ་བཤད་གནང་བའི་སྐབས་སུ་རྒྱུན་དུ་ལག་ལེན་བྱེད་བཞིན་ཡོད། མ་སྐད་བརྗོད་པ་པོའི་བཤད་ཡུན་དང་ལོ་ཙཱ་བའི་འགྱུར་ཡུན་བཅས་དུས་ཡུན་ཅུང་ངེས་ཅན་བཀོད་སྒྲིག་བྱེད་དགོས།
སྐད་རིགས་ཀྱི་སྒོ་ནས་དབྱེ་ན། སྐད་རིགས་མི་གཅིག་པ་ཕན་ཚུན་དུ་སྒྱུར་བ་དང་སྐད་རིགས་གཅིག་གི་ནང་དུ་ཕལ་སྐད་དང་ཕལ་སྐད། ཕལ་སྐད་དང་སྤྱི་སྐད་ཕན་ཚུན་སྒྱུར་བ་བཅས་ནང་གསེས་རིགས་གཉིས་ལ་དབྱེ་ཆོག སྐད་རིགས་མི་གཅིག་པ་ཕན་ཚུན་དུ་སྒྱུར་བ་ནི་རྒྱ་བོད་སྐད་ཕན་ཚུན་སྒྱུར་བ་དང་། དབྱིན་བོད་སྐད་ཕན་ཚུན་སྒྱུར་བ་ལྟ་བུ་ཡིན། སྐད་རིགས་གཅིག་པའི་ནང་དུ་ཕལ་སྐད་དང་ཡུལ་སྐད། ཕལ་སྐད་དང་སྤྱི་སྐད་ཕན་ཚུན་སྒྱུར་བ་དེ། བོད་ལ་མཚོན་ན་ཨམ་སྐད་དང་དབུས་སྐད། དབུས་སྐད་དང་ཁམས་སྐད་ཕན་ཚུན་སྒྱུར་བ་ནི་ཕལ་སྐད་ཕན་ཚུན་སྒྱུར་བའི་ཁོངས་གཏོགས་དང་། རྒྱ་སྐད་དུ་ཀོང་ཏུང་སྐད་ཆ་དང་སྤྱི་སྐད་ཕན་ཚུན་སྒྱུར་བ་ནི་ཕལ་སྐད་དང་སྤྱི་སྐད་ཕན་ཚུན་སྒྱུར་བའི་དཔེ་ཡིན།
མགྱོགས་ཤིང་མ་སྐད་ཀྱི་དོན་དང་མཐུན་པ་དང་། འགྱུར་བྱའི་སྐད་དེའི་བརྡ་སྤྲོད་དང་མཐུན་པར་ཉན་པ་པོས་གོ་བ་ལེན་སླ་བར་སྒྱུར་བ་ནི་ངག་སྒྱུར་གྱི་འགྱུར་བཟང་པོར་བརྩི་བ་ཡིན་མོད། འོན་ཀྱང་“མགྱོགས་པ་ཐམས་ཅད་ལྷད་མ་ཡིན”ཞེས་པའི་ཁ་དཔེ་ལྟར་མགྱོགས་པ་དང་མ་སྐད་ཀྱི་དོན་དང་མཐུན་པ་གཉིས་འཛོམས་ནི་ཤིན་ཏུ་དཀའ་བའི་གནས་སུ་གྱུར་བས། ངག་སྒྱུར་དང་ཡིག་སྒྱུར་མི་འདྲ་སྟེ། “ངག་སྒྱུར་ལ་བརྒྱ་ཆ་བརྒྱའི་ཡང་དག་ཐོན་དགོས་པའི་བླང་བྱ་བཏོན་པ་ནི་ཤིན་ཏུ་འགྲུབ་དཀའ་བས། ལོ་ཙཱ་བ་ཞིག་གིས་(མ་སྐད་ཀྱི)བརྒྱ་ཆའི་བདུན་ཅུ་བརྒྱད་ཅུ་སྒྱུར་བ་ཡིན་ན་ཤིན་ཏུ་བཟང་པོ་ཡིན་ཞེས་ཙུང་ལི་ཀྲོའུ་ཨེན་ལེ་དང་སྐུ་ཞབས་ཀོ་མོ་རུའུ་གཉིས་ཀྱིས་ལྟ་ཚུལ་གླེང་བཞིན་པ་ངའི་རྣ་བས་གོ་བ་ཡིན”ཞེས་ལོ་ཙཱ་བ་ཆེན་པོ་ཅིས་ཞན་ལེན(季羡林) གྱིས་གསུངས་པ་ནི་འཐད་ལྡན་དུ་བརྩི་འོས།
གཉིས་པ། ཡིག་སྒྱུར།
ཡིག་སྒྱུར་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་སྐད་ཀྱི་གདངས་མཚོན་བྱེད་ཀྱི་རི་མོ་སྟེ་ཡི་གེའི་རིགས་གཉིས་ཡན་བྱུང་བ་ནས་བྱུང་ལ། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་། ཚན་རིག་ལག་རྩལ། འཚོ་བའི་ཆུ་ཚད་སོགས་ཇེ་མཐོར་སོང་བ་དང་བསྟུན་ནས་ཡིག་སྒྱུར་གྱི་ནུས་པ་དང་གོ་གནས་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་ལ་མཚོན་ན་ཚན་རིག་ལག་རྩལ་དང་ཆ་འཕྲིན་གྱི་མཐོ་རླབས་འཕྱུར་བའི་དུས་རབས་ཡིན་པས། ཚན་རིགས་ནང་འདྲེན་དང་ཆ་འཕྲིན་དམ་འཛིན་མ་བྱས་ན་རྒྱལ་ཁབ་ཡིན་ཀྱང་ཉམས་དམས་སུ་འགྲོ་བ་དང་མི་ཕལ་བ་ཡིན་ཀྱང་རང་མགོ་མི་ཐོན་པའི་གནས་སུ་ལྷུང་ངེས། བོད་མི་རིགས་རང་ལ་མཚོན་ནའང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དཔལ་འབྱོར་དང་ཚན་རིག་ལག་རྩལ་གོང་དུ་སྤེལ་དགོས་ན་ནི་ཡིག་སྒྱུར་ལ་བརྟེན་དགོས་པ་བཤད་མི་དགོས། ཡིག་སྒྱུར་གྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་བྱེད་ཐབས་རིགས་མང་ན་ཡང་། སྤྱིར་བཏང་དུ་ཆབ་སྲིད་རྩོམ་རིགས་སྐོར་དང་དངོས་བཀོལ་རྩོམ་རིགས། ཚན་རིག་ལག་རྩལ་སྐོར། རྩོམ་རིག་སྒྱུ་རྩལ་སྐོར་བཅས་རིགས་བཞིར་དབྱེ་ཡོད།
༡.ཆབ་སྲིད་རྩོམ་རིགས་སྐོར། ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་འདུ་བའི་རྩོམ་རིགས་ཚང་མ་ཁག་གཅིག་ཏུ་བསྡུས་པ་ཡིན་པས། དེ་ནི་ཆབ་སྲིད་འཐབ་རྩོད་དང་ཆབ་སྲིད་བསམ་བློའི་སློབ་གསོ་ཡི་ལག་ཆ་གལ་ཆེན་ཞིག་ཡིན། རང་རྒྱལ་ལ་མཚོན་ན་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་བཅས་ལ་གཏོགས་པའི་བརྩམས་ཆོས་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། ཏང་གི་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ། གྲོས་ཆོད། གཏན་འབེབས་སོགས་དང་། ཚགས་པར་ཁང་དང་རྩོམ་སྒྲིག་ཁང་གི་དཔྱད་བརྗོད་པའི་དཔྱད་གཏམ་སོགས་ཆབ་སྲིད་གཙོ་བོར་བརྗོད་པའི་རྩོམ་མཐའ་དག་འདིའི་ཁོངས་སུ་གཏོགས།
ཆབ་སྲིད་རྩོམ་རིགས་འདི་དག་གི་ནང་དོན་གྱི་ཆ་ནས་བཤད་ན་དེ་ལ་སྲིད་ཇུས་ཀྱི་རང་བཞིན་དང་གཞུང་ལུགས་ཀྱི་རང་བཞིན། དངོས་ཡོད་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ལྡན་པ་དང་། ཡང་རྩོམ་པ་པོའི་ཆ་ནས་བལྟས་ན་རྩོམ་པ་པོའི་ལངས་ཕྱོགས་བརྟན་ལ་ལྟ་བ་གསལ་པོ་ཡིན་པས་བཟང་ངན་གྱི་དབྱེ་བ་དང་བསྟོད་སྨད་ཀྱི་ཁྱད་པར་མངོན་སུམ་དུ་མཚོན་ཡོད། མ་རྩོམ་གྱི་བརྗོད་ཐབས་ཀྱི་ཆ་ནས་བལྟས་ན་ལྟ་བ་དང་དངོས་པོ་གང་ལ་ཚུལ་གསུམ་གྱི་སྒོ་ནས་དཔྱད་བརྗོད་གནང་ཡོད་པ་མ་ཟད། ཁ་གསལ་ཞིང་དོན་འདུས་པ། གནས་ལུགས་དང་མཐུན་ཞིང་དྲིལ་བསྒྲགས་ཀྱི་ནུས་པ་ལྡན་པ་བཅས་རྗོད་བྱེད་ཀྱི་ཚིག་དེ་རྩོམ་ལུས་གཞན་པའི་ཚིག་དང་མི་འདྲ་བར་ཡང་དག་པའི་གཏན་ཚིགས་ཀྱི་གོ་རིམ་བརྟན་པོ་ལྡན། ད་དུང་ཆབ་སྲིད་རྩོམ་རིགས་ལ་གཞན་དང་མི་འདྲ་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཆབ་སྲིད་བརྡ་འཕྲིན་དང་སྲིད་ཇུས་འབོད་ཚིག་མང་པོ་བཀོལ་ཡོད་པས། དེ་དག་གིས་དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་མཚོན་ཡོད་པ་ཡིན།
ཨུ་རུ་སུའི་ཧྥེ་ཏི་ལོ་ཧྥུ་ཡིས་འདི་རིགས་ལ་མ་ཡིག་གི་ནང་དོན་གསལ་པོར་མཚོན་དགོས་པ་མ་ཟད། རྩོམ་པ་པོས་ནང་དོན་དེ་ལ་འཛིན་པའི་ལྟ་ཚུལ་ཡང་ཡང་དག་པར་མཚོན་དགོས་པ་དང་། འགྱུར་ཡིག་དེའང་མ་ཡིག་དང་འདྲ་བར་དྲིལ་བསྒྲགས་དང་སྐུལ་སློང་གི་ནུས་པ་ཡོད་དགོས་ཞེས་གསུངས་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་ཁག་གིས་བསྒྲིགས་པའི་《རྒྱ་བོད་ཡིག་སྒྱུར་སློབ་དེབ》(1993)དུ་“མདོར་ན། ཆབ་སྲིད་རྩོམ་རིགས་སྐོར་གྱི་ལོ་ཙཱ་ལ་ཆབ་སྲིད་འགན་ཁུར་གྱི་འདུ་ཤེས་ཚད་མཐོན་པོ་ལྡན་པ་དང་ལྟ་རྟོག་གི་ཤེས་ཚོར་རྣོན་པོ། དབྱེ་ཞིབ་ཀྱི་ཤེས་རབ་གསལ་བོ། གཟབ་ནན་གྱི་བྱ་བའི་རྣམ་འགྱུར་བཅས་ལྡན་དགོས་པ་མ་ཟད། འགྱུར་ཡིག་གི་མིང་ཚིག་ཡང་དག་པ་དང་ཚིག་གི་སྦྱོར་སྟངས་གཏན་ཚིགས་དང་མཐུན་པ། བསམ་བློའི་མཚོན་ཐབས་མ་ཡིག་དང་འཚམས་པ། ཆབ་སྲིད་བརྡ་འཕྲིན་དང་ཆབ་སྲིད་སྐུལ་འབོད་གཅིག་མཐུན་ཡིན་པ། ལུང་དྲངས་པ་རྣམས་ཁུངས་དང་བསྡུར་དགོས་པ་མ་ཟད། འགྱུར་ཡིག་ཁ་གསལ་ཞིང་གོ་སླ་བ་ཡིན་དགོས་”ཞེས་ལོ་ཙཱ་བའི་བླང་བྱ་དང་འགྱུར་ཡིག་གི་ཚད་གཞི་བསྟན། ཡང་ཆབ་སྲིད་རྩོམ་རིགས་འདི་དག་ཡན་ཧྥུ་ཡི་“བསྟུན་འབྱོར་སྙན”གསུམ་དང་སྦྱར་ནའང་། མ་ཡིག་གི་ནང་དོན་ཇི་བཞིན་དུ་བསྒྱུར་བ་དང་། མ་ཡིག་ལྟར་ཚིག་དོན་གཉིས་ཀ་སྔ་ཕྱི་མི་འགལ་བར་གཏན་ཚིགས་དང་མཐུན་པ། འགྱུར་ཡིག་གི་ཚིག་སྦྱོར་སྡེབ་སྦྱོར་དང་མཐུན་པས་རྣ་བར་སྙན་པ་བཅས་ལས་མ་འདས་པས། དེ་དག་ལ་བསམ་བློ་ཅུང་ཙམ་བཏང་ན། འགྱུར་ཡིག་གི་ཚད་གཞི་འདི་དག་ནི་མ་ཡིག་གི་ཁྱད་ཆོས་དང་ཡོངས་སུ་མཐུན་པས། ཚད་གཞི་འདི་དག་གི་འབྱུང་ཁུངས་ནི་ཆབ་སྲིད་རྩོམ་རིགས་རང་ཉིད་ཀྱི་ཁྱད་ཆོས་ཡིན་པ་གསལ་པོར་མཐོང་བས། འདི་དག་ནི་འགྱུར་ཡིག་གི་ཚད་གཞི་ཡིན་ཞེས་པ་ལས་ཆབ་སྲིད་རྩོམ་རིགས་ཀྱི་ཚད་གཞི་ཡིན་ཞེས་ན་དོན་དང་མི་འགལ་ལོ། །
༢.དངོས་བཀོལ་རྩོམ་རིགས་ཀྱི་སྐོར། དངོས་བཀོལ་རྩོམ་རིགས་སྐོར་ལ་ནི་བརྡ་སྦྱོར་དང་བསྒྲགས་ཡིག བཀའ་སློབ་ཡི་གེ་(指示)སོགས་གཞུང་ཡིག་སྐོར་དང་། སྲོལ་ཡིག གཏན་འབེབས་སོགས་སྒྲིག་ལམ་སྐོར། གཏུགས་ཡིག་དང་། ཉེས་དོན་ཐག་གཅོད་བརྡ་ཡིག ཉེས་ཅན་འཛིན་རྒྱུའི་བཀའ་ཁྱབ་སོགས་ཁྲིམས་ལུགས་སྐོར་དང་། འཕྲིན་ཡིག་དང་གན་རྒྱ། དགོངས་ཞུའི་ཡི་གེ་སོགས་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་དང་། ཐོན་སྐྱེད། ཚོང་གཉེར་བཅས་སུ་རྒྱུན་སྤྱོད་བྱེད་བཞིན་པའི་ཡི་གེ་ཕལ་ཆེར་འདུ་བ་དང་། དེའི་སྐོར་གྱི་ལོ་ཙཱ་ནི་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་དང་ཐད་ཀར་འབྲེལ་ཆེ་བས་དོ་སྣང་ཆེན་པོ་བྱེད་འོས།
དངོས་བཀོལ་རྩོམ་རིགས་ཞེས་པ་ནི་རྒྱུན་སྤྱོད་རྩོམ་རིགས་ཁག་ཅིག་གི་སྤྱི་མིང་ཡིན་པས། དེ་དག་རེ་རེ་ལ་ཐུན་མོང་མ་ཡིན་པའི་འབྲི་སྲོལ་ངེས་ཅན་རེ་ཡོད་ལ། ཚིག་སྦྱོར་གྱི་ཐད་ནས་རྒྱུན་སྤྱོད་ཀྱི་མིང་ཚིག་ཐ་སྙད་ཀྱིས་གོ་སླ་བའི་སྒོ་ནས་ནང་དོན་མཚོན་པ་ལས་རྩོམ་རིག་བརྩམས་ཆོས་ལྟར་རྒྱན་མང་པོ་དང་བརྡ་རྙིང་སོགས་འབྲི་མི་རུང་། ནང་དོན་གྱི་ཐད་ནས་དངོས་བཀོལ་རྩོམ་རིགས་གང་ཡིན་ན་དེའི་ངེས་ཅན་གྱི་སྒྲིག་གཞི་དང་གོ་རིམ་ལྟར་ནང་དོན་མི་འཁྲུགས་པར་བརྗོད་དགོས་པ་དང་། ཟླ་ཚེས་དང་ཨང་གྲངས་སོགས་གསལ་པོར་འབྲི་དགོས་པ་ལས་མངོན་བརྗོད་སོགས་བཀོལ་མི་རུང་།
《ལོ་ཙཱ་རིག་པའི་སྤྱི་བཤད》(《翻译学概论》杜建慧等 )དུ“ནང་དོན་ཇི་བཞིན་ཡང་དག་པར་སྒྱུར་རྒྱུ” དང་“དངོས་བཀོལ་རྩོམ་གྱི་འགྱུར་ཡིག་གི་སྒྲིག་གཞི་ཚགས་དམ་དགོས། ལྷག་པར་དུ་ཁྲིམས་ལུགས་སྐོར་གྱི་འགྱུར་ཡིག་གི་སྒྲིག་གཞི་ཚགས་དམ་པོ་ཡིན་དགོས། དེ་མིན་ན་ཁྲིམས་ལུགས་ཀྱི་བརྗིད་ཉམས་ལ་ཤན་ཤུགས་ཐེབས་སྲིད།” “དངོས་བཀོལ་རྩོམ་གྱི་འབྲི་སྲོལ་དང་ཁྱད་ཆོས་སོགས་ངེས་ཅན་ཡིན་པས། ལོ་ཙཱའི་སྐབས་སུ་གོམས་སྲོལ་དང་རྣམ་པ་དེ་དག་ལ་བརྩི་སྲུང་བྱ་དགོས། དེ་མིན་ན་ཚད་ལྡན་མིན་པས་དོན་སྟོན་པར་བར་ཆད་ཆེ”ཞེས་དངོས་བཀོལ་རྩོམ་རིགས་ཀྱི་ལོ་ཙཱར་ཚད་གཞི་གསུམ་བཞག་ཡོད། ཕྲན་གྱིས་བལྟས་ན། གོང་དང་འདྲ་བར་ཚད་གཞི་འདི་དག་ཚང་མ་མ་ཡིག་ལས་བྱུང་བ་ཡིན་པ་ལས་གཞན་གྱི་སྒོ་ནས་ལོ་ཙཱར་བཞག་པའི་ཚད་གཞི་ནི་མིན་པས། ཚད་གཞི་འདི་དག་བཞག་པ་དང་མ་བཞག་པ་ནི་གཅིག་འདྲ་ཡིན་པར་སྣང་། ལོ་ཙཱའི་ལག་ལེན་གྱི་ཁྲོད་དུ་འབྱོར་ཡིག་ཅིག་བསྒྱུར་དགོས་ན། སློབ་གསོ་ཐོབ་མྱོང་བའི་ལོ་ཙཱ་བ་ཞིག་ཡིན་ཚེ་འབྱོར་ཡིག་གི་རྣམ་པ་དེ་བཞིན་དུ་བསྒྱུར་རྒྱུ་ནི་ལོ་ཙཱ་བའི་འོས་འགན་ཡིན་པར་ངོས་འཛིན་ཡོད་དགོས། གལ་སྲིད་གཏུགས་བཤེར་ཡི་གེ་དང་བརྩམས་སྒྲུང་སྙན་ངག་ལྟ་བུར་བསྒྱུར་ན། དེ་ནི་ལོ་ཙཱའི་ཚད་གཞི་ངོས་མ་ཟིན་པ་མིན་པར་ལོ་ཙཱའི་གོ་དོན་དང་བྱེད་ནུས་ངོས་མ་ཟིན་པ་ཡིན་པར་འདོད།
༣.ཚན་རིག་ལག་རྩལ་སྐོར། འདི་ལ་ཚན་རིག་ལག་རྩལ་གྱི་ཁོངས་གཏོགས་ཆེད་རྩོམ་དང་དཔྱད་རྩོམ། སློབ་དེབ། གསལ་བཤད་ཡི་གེ ལག་རྩལ་སྙན་ཞུ་སོགས་མང་པོ་འདུ་སྟེ། རིག་ཚན་ལྟར་ན་རྩིས་རིག དངོས་ལུགས། རྫས་འགྱུར། སྐྱེས་དངོས། སྲོག་ཆགས། གཏེར་རྫས། གནམ་རིག་སྐར་རྩིས། ས་རྒྱུས། གསོ་རིག བཟོ་རིག ཞིང་ལས། ཕྱུགས་ལས། ནགས་ལས། ཉ་ལས་སོགས་རིག་ཚན་སྣ་115འདུས་ཡོད། ལོ་ཙཱའི་ཁྱད་ཆོས་དང་བླང་བྱ་ལྟར་ན་ཆོས་ལུགས་ཀྱང་རིགས་འདིར་འདུ་འོས། བོད་རང་ཉིད་ནི་ཚན་རིག་ལག་རྩལ་ནང་འདྲེན་བྱས་སྔ་བའི་མི་རིགས་ཤིག་ཡིན་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་《སྨན་དཔྱད་ཆེན་མོ》དང་《འབྱུང་རྩིས་མན་ངག་ཟླ་འོད་》 《སྦྱོར་བ་བརྒྱ་པ》སོགས་སྨན་དང་རྩིས་ཀྱི་སྐོར་བོད་འགྱུར་གྱིས་རང་རིགས་ཀྱི་འཚོ་བ་དང་དཔལ་འབྱོར་ལ་བླ་ན་མེད་པའི་ཕྱག་རྗེས་ཆེན་པོ་བཞག་ཡོད།
རྩོམ་འདི་རིགས་ཀྱི་ནང་དོན་གཙོ་བོ་ནི་ཉམས་མྱོང་དང་ལག་ལེན་བརྒྱུད་རིགས་འགྲེ་བཅས་ཀྱི་སྒོ་ནས་གཞུང་ལུགས་བྱུང་ཚུལ་དང་མ་ལག་ཆགས་ཚུལ། དེའི་གོ་རིམ་དང་ནུས་པ་སོགས་ཞིབ་པར་བརྗོད་པ་ཡིན་པས་རྩོམ་ལུས་ལ་བཅད་ལྷུག་སྤེལ་གསུམ་གང་རུང་སྣང་བ་དང་། དངོས་བཀོལ་རྩོམ་རིགས་ལྟ་བུའི་ངེས་ཅན་གྱི་འབྲི་སྟངས་མེད་ལ་སྒྱུ་རྩལ་རྩོམ་རིག་ལྟ་བུའི་རྒྱན་སྦྱོར་ལུགས་ཀྱང་མེད། སྤྱིར་ཚན་རིག་ལག་རྩལ་གྱི་རིགས་འདི་དག་ནི་རྒྱལ་ཁབ་གང་དང་ས་གནས་གང་ཞིག་གི་ཚན་རིག་པ་དང་ཞིབ་འཇུག་པས་གསར་བཏོད་བྱས་ཀྱང་། ལོ་ཙཱ་བརྒྱུད་དེ་འཛམ་གླིང་མི་རིགས་སོ་སོས་ལག་ལེན་དང་བཀོལ་སྤྱོད། ཁ་གསབ་བཅས་བྱས་ནས་འཛམ་གླིང་ཐུན་མོང་བའི་རིག་གནས་སུ་གྱུར་ཡོད་པ་ནི་རྩོམ་འདི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་འདུགརྩོམ་འདིའི་རིགས་སྒྱུར་པར་དཀའ་ཁག་ཆེས་ཆེ་བ་ནི་ཆེད་ལས་རང་བཞིན་གྱི་བརྡ་ཆད་བསྒྱུར་རྒྱུ་དེ་ཡིན། དཔེར་ན། དབྱིན་སྐད་“internet”དེ་ན་ནིང་བར་དུ་རྒྱ་ཡིག་ལ་“英特网”ཞེས་སྒྲ་སྒྱུར་ཕྱེད་དང་དོན་སྒྱུར་ཕྱེད་ཀྱི་སྒོ་ནས་བཀོལ་སྤྱོད་བྱས་པ་ཡིན་ལ། ན་ནིང་ནས་བཟུང་རྒྱལ་ཡོངས་སུ་“国际互联网”ཞེས་པར་སྒྱུར་བ་ཡིན། རྒྱ་ཡིག་བོད་འགྱུར་ཀྱང་དེ་ལྟར་ཡིན་ཏེ། “磁带”ཐོག་མར་བྱུང་དུས་བོད་སྐད་དུའང་སྒྲ་རང་སོར་བཞག་ནས་“ཚི་ཏེ”ཞེས་འབོད་བཞིན་པ་དང་། ཡུན་གྱིས་སྒྲ་ཐག་དང་སྒྲ་ཐིག སྒྲ་ཕབ་སྤྱིན་ཤོག་བཅས་དོན་སྒྱུར་གྱིས་བཀོལ་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་དེ་ལ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འདི་ནི་འགྱུར་དག་མོ་དང་འདི་ནི་འགྱུར་ལྷད་མ་ཞེས་བཤད་མི་རུང་།
༤.རྩོམ་རིག་སྒྱུ་རྩལ་སྐོར། རྩོམ་རིག་སྒྱུ་རྩལ་གྱི་སྐོར་ནི་ཚང་མས་ཤེས་གསལ་ལྟར་སྤྱིར་བཏང་དུ་སྒྲུང་རྩོམ་དང་སྙན་ངག ལྷུག་རྩོམ། ཟློས་གར་འཁྲབ་གཞུང་བཅས་རིགས་ཆེན་པོ་བཞིར་འདུ། མའོ་ཏུན་(矛盾)ལགས་ཀྱིས་“རྩོམ་རིག་གི་ལོ་ཙཱ་ནི་སྐད་ཡིག་གཞན་ཞིག་གིས་མ་རྩོམ་གྱི་སྒྱུ་རྩལ་ལས་ཡིད་བརྙན་(意境)ཕྱིར་མཚོན་ནས། ཀློག་པ་པོས་འགྱུར་ཡིག་ཀློག་དུས་མ་ཡིག་ཀློག་པ་ཇི་བཞིན་དུ་ཡིད་འགུལ་དང་སྐུལ་མ་ཐེབས་པ་མ་ཟད། མཛེས་པའི་ཚོར་བའང་མྱོང་དུ་འཇུག་དགོས”ཞེས་བརྗོད་པ་དང་། སྔོན་གྱི་སུའུ་ལེན་གྱི་དཔྱད་བརྗོད་པ་ཅར་ཆེ་ལ་ཙེ་(加切拉泽)ཡིས་“རྩོམ་རིག་གི་ལོ་ཙཱ་ནི་སྐད་ཡིག་ཅིག་གིས་བྲིས་པའི་བརྩམས་ཆོས་དེ་སྐད་ཡིག་གཞན་ཞིག་གིས་ཡང་བསྐྱར་གསར་རྩོམ་བྱེད་པ་ལ་ཟེར”ཞེས་བསྟན་ཡོད། རང་རེའི་བོད་ལའང་སྔ་མོ་ནས་བཟུང་《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》དང་《སྤྲིན་གྱི་ཕོ་ཉ》《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར》སོགས་སངས་རྒྱས་ཆོས་ལུགས་དང་བསྟུན་ནས་རྒྱ་གར་གྱི་རྩོམ་རིག་བརྩམས་ཆོས་མང་པོ་འགྱུར་ཡོད།
རྩོམ་རིག་གི་ཁྱད་ཆོས་ནི་ཚང་མས་ཤེས་གསལ་ལྟར་ལགས་པས་འདིར་བསྐྱར་བརྗོད་ཀྱི་དགོས་པ་མ་མཆིས་མོད། དེ་ལོ་ཙཱའི་སྐོར་གྱི་ཁྱད་ཆོས་སམ་དཀའ་གནད་བཤད་ན། རྩོམ་རིག་གི་བརྩམས་ཆོས་ཚང་མ་མི་རིགས་གང་ཡིན་པ་དེའི་འགྲོ་འདུག་ཉལ་ཆགས་དང་ཁོ་ར་ཁོར་ཡུག ཟ་འཐུང་གྱོན་གོས་བཅས་ལ་འབྲེལ་བ་དམ་པོ་ཡོད་པ་མ་ཟད། བཀོལ་སྤྱོད་ཀྱི་སྐད་ཡིག་གང་ཡིན་པ་དེའི་སྒྲ་གདངས་དྲག་ཞན་དང་ཚིག་སྦྱོར་ཐབས་སོགས་དང་ཡང་འབྲལ་མི་རུང་བས་གོང་གི་ཚན་རིག་ལག་རྩལ་གྱི་སྐོར་ལྟ་བུ་མ་ཡིན་པར་ལོ་ཙཱ་ལ་རྙོག་འཛིང་ཤིན་ཏུ་ཆེ། དེ་ལ་ཀྲང་ཅིན་ལགས་ཀྱི་《རྩོམ་རིག་ལོ་ཙཱའི་རྩ་བའི་རིགས་པ》(《文学翻译原理》张今)ཞེས་པའི་ནང་(1)སྐད་རིགས་གཞན་པའི་བསམ་གཞིགས་དང་རང་རིགས་སྐད་ཀྱི་བསམ་གཞིགས་གཅིག་མཐུན་ཡོང་རྒྱུ། (2)མ་ཡིག་གི་སྐད་ཆའི་རྣམ་པའི་ཚོར་འདུ་དང་མ་ཡིག་གི་སྒྱུ་རྩལ་ཡིད་བརྙན་གྱི་ཚོར་འདུ་གཅིག་མཐུན་ཡོང་རྒྱུ། (3)སྐད་ཡིག་དབྱེ་ཞིབ་དང་གཏན་ཚིགས་དབྱེ་ཞིབ་གཅིག་མཐུན་ཡོང་རྒྱུ། (4)བསམ་གཞིགས་དབྱེ་ཞིབ་དང་སྒྱུ་རྩལ་དབྱེ་ཞིབ་གཅིག་མཐུན་ཡོང་རྒྱུ། (5)རྩོམ་པ་པོའི་མཛེས་རྟོག་ཉམས་མྱོང་དང་ལོ་ཙཱ་བའི་མཛེས་རྟོག་ཉམས་མྱོང་གཅིག་མཐུན་ཡོང་རྒྱུ། (6) གཏན་ཚིགས་བསམ་གཞིགས་དང་སྣང་བརྙན་བསམ་གཞིགས་གཅིག་མཐུན་ཡོང་རྒྱུ། ཞེས་ཕྱོགས་དྲུག་ནས་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་སྐོར་སྤྱི་སྡོམ་བྱས་ཡོད་པ་ནི་ཤིན་ཏུ་ཡང་དག་ཏུ་སྣང་བས། ཕྱིན་ཆད་སྒྱུ་རྩལ་རྩོམ་རིག་བརྩམས་ཆོས་ལོ་ཙཱའི་སྐབས་སུ་འདི་དྲུག་ལ་མཉམ་འཇོག་བྱས་ནས་འོས་འཚམས་ཀྱི་བྱ་ཐབས་བཀོལ་རྒྱུ་ནི་གལ་ཆེ།
ཨུ་རུ་སུའི་ཧྥེ་ཏི་ལོ་ཧྥུ་ལགས་ཀྱིས་མ་ཡིག་གི་སྒྱུ་རྩལ་རང་བཞིན་ཕྱིར་མཚོན་རྒྱུ་དེར་ཐོག་མར་བསམ་བློ་གཏོང་དགོས་ཤིང་། ཡི་གེ་རེ་རེ་དང་ཚིག་རེ་རེ་བཞིན་ཐད་ཀར་སྒྱུར་ན་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཙཱའི་དམིགས་ཡུལ་འགྲུབ་མི་ཐུབ་ཅེས་གསུངས་པ་དང་། རང་རྒྱལ་གྱི་མཁས་ཆེན་ཆན་ཀྲུང་ཧྲོ་ཡིས་《རྩོམ་རིག་ལོ་ཙཱའི་ཆེས་མཐོ་བའི་ཚད་གཞི》(《文学翻译的最高标准》钱钟书)ཞེས་པའི་དཔྱད་རྩོམ་དུ། རྩོམ་རིག་ལོ་ཙཱའི་ཚད་གཞི་ལ་“འཕྲུལ”(化)ཞེས་བརྗོད་པ་དང་། དེ་ནི་རྩོམ་རིག་བརྩམས་ཆོས་མི་རིགས་ཤིག་གི་ཡི་གེ་ནས་མི་རིགས་གཞན་ཞིག་གི་ཡི་གེར་འགྱུར་ཀྱང་། དེ་ལ་སྐད་ཡིག་མི་འདྲ་བའི་དབང་གིས་ཐོན་པའི་བཙན་སྒྱུར་ལྟ་བུའི་སྒྱུར་རྩོམ་གྱི་ཁྱད་ཆོས་མེད་པ་མ་ཟད། མ་ཡིག་ལ་ཡོད་པའི་ཁྱད་ཆོས་ཚང་མའི་རྒྱུན་འཛིན་ཐུབ་ན་ད་གཟོད་“འཕྲུལ”གྱི་ཚད་ལ་སླེབས་པ་ཞིག་ཡིན་ཞེས་གསུངས་ཡོད་མོད། རྩོམ་རིག་ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་དུ་“འཕྲུལ”གྱི་ཚད་ལྟ་བུ་དམིགས་འབེན་ལ་འཛིན་རྒྱུ་ལས་དོན་ངོ་མར་སླེབས་དཀའ། དེ་ནི་རྩོམ་རིག་བརྩམས་ཆོས་ཡིག་རིགས་གཞན་དུ་འགྱུར་ཚེ་དེའི་མཛེས་རྟོག་གི་ཁྱད་ཆོས་(གོང་དུ་བཤད་ཟིན་པའི་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས)མང་དག་ཅིག་ཉམས་སོང་བས་འགྱུར་ཡིག་ཀློག་པ་པོས་མ་ཡིག་ཀློག་པ་པོ་ལྟ་བུའི་དགའ་བསུ་མི་ཐོབ། དེའི་ཕྱིར་སྒྱུ་རྩལ་རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱ་ཨེ་རུང་ཞེ་ན་རུང་། ལོ་ཙཱ་བྱ་ཨེ་དགོས་ཞེ་ན་དགོས། དགོས་པ་ཡོད་དམ་ཞེ་ན་ཡོད། འོན་ཀྱང་དེ་ལ་འདི་ལྟ་བུའི་ཚད་གཞི་ཞིག་དགོས་ཞེས་ཚད་གཞི་ངེས་གཏན་ཞིག་བཞག་ན་ནི་ལག་ལེན་དངོས་དང་འགལ་བར་སྙམ།
གོང་དུ་ང་ཚོས་ལོ་ཙཱའི་ངོ་བོ་དང་ལག་ལེན་གཉིས་ཀྱི་ཐད་ནས་ལོ་ཙཱ་ལ་ཐུན་མོང་རང་བཞིན་གྱི་ཚད་གཞི་ཡོད་མེད་སྐོར་ལ་ཅུང་ཟད་དབྱེ་ཞིབ་བྱས་པ་ཡིན་ལ། དབྱེ་ཞིབ་བརྒྱུད་དེ་ང་ཚོས་རྙེད་པའི་བསྡོམས་ཚིག་ནི་ལོ་ཙཱ་ལ་ཐུན་མོང་རང་བཞིན་གྱི་ཚད་གཞི་ཞིག་མེད་པ་དེ་ཡིན།