རྩི་ཤིང་འགྱུར་རྡོས་མཚོ་བོད་མཐོ་སྒང་ནུབ་རྒྱུད་ཁུལ་ཐན་སྐྱོན་ཅན་དུ་འགྱུར་བའི་བརྒྱུད་རིམ་གསལ་པོར་བསྟན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-19


པར་རིས་ནི་རྩ་མདའ་གཤོངས་སའི་དེང་གི་མཛེས་ལྗོངས་ཡིན་པ།
     གསར་འགོད་པས་ཚེས་14ཉིན་ཀྲུང་གོ་ཚན་རིག་ཁང་ཞིས་ཧྲོང་པན་ནའི་ཚ་ཁུལ་སྐྱེ་དངོས་གླིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གླིང་དེའི་ཞིབ་འཇུག་མི་སྣས་མཚོ་བོད་མཐོ་སྒང་གི་ཆེས་ནུབ་ངོས་ཀྱི་རྩ་མདའ་གཤོངས་སར་ལོ་མའི་འགྱུར་རྡོ་ཆུང་ཆུང་ཁག་གཅིག་རྙེད་པ་དང་། འགྱུར་རྡོ་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་ཀྱི་ཐན་སྐྱོན་ཅན་གྱི་བརྒྱུད་རིམ་གསལ་སྟོན་བྱས་པ་རེད། འབྲེལ་ཡོད་གྲུབ་འབྲས་SCIENCE CHINA Earth Sciencesསྟེང་སྤེལ་ཡོད་དོ༎ 
     ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་མཐོ་སྒང་འབུར་དུ་ཐོན་པ་ནི་གསར་ཐོན་དུས་རབས་ནས་བཟུང་གོ་ལ་ཧྲིལ་པོའི་ས་གཤིས་དོན་རྐྱེན་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། དེས་དེང་སྐབས་ཨེ་ཤེ་ཡའི་ས་ཁམས་དང་གནམ་གཤིས་ཀྱི་རྣམ་པ་བཏོད་པ་མ་ཟད། ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། རྩི་ཤིང་གི་འགྱུར་རྡོ་ཆེན་པོ་ནི་འགྱུར་ལྡོག་དེ་དག་ཟིན་ཐོ་འགོད་པའི་ཐད་ཀའི་དཔང་རྟགས་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་ཞིས་ཧྲོང་པན་ནའི་ཚ་ཁུལ་སྐྱེ་དངོས་གླིང་གི་གནའ་བོའི་སྣོད་བཅུད་ཞིབ་འཇུག་ཚོགས་ཆུང་གིས་མཚོ་བོད་མཐོ་སྒང་དུ་གསར་ཐོན་དུས་རབས་ཀྱི་འགྱུར་རྡོའི་རྩི་ཤིང་གི་ཁྱུ་ཚོགས་མང་པོ་ཤེས་རྟོགས་བྱུང་བ་དང་འབྲེལ་གནས་ཚུལ་ཡང་སྤེལ་ནས་ས་འབུར་དུ་ཐོན་པ་དང་ཁོར་ཡུག་རིམ་འགྱུར་གྱི་ལོ་རྒྱུས་ཤེས་རྟོགས་བྱེད་པར་ངོས་འཛིན་གསར་རྐྱང་བྱུང་ཡོད་མོད། འོན་ཀྱང་མཐོ་སྒང་ནུབ་རྒྱུད་ཀྱི་རྒྱ་ཆེའི་ས་ཁུལ་དུ་ཉེ་བའི་དུས་རབས་གསར་པའི་འགྱུར་རྡོའི་གནས་ཚུལ་སྤེལ་མེད་པས། ཚན་ཞིབ་མི་སྣས་དེ་གའི་ཁོར་ཡུག་དང་སྔོ་ཁེབས་རིམ་འགྱུར་གྱི་བརྒྱུད་རིམ་ཤེས་རྟོགས་ཐུབ་རྒྱུར་ཤུགས་རྐྱེན་ཐེབས་ཡོད།
     མཚོ་བོད་མཐོ་སྒང་གི་ཆེས་ནུབ་ངོས་ཀྱི་རྩ་མདའ་གཤོངས་སའི་ནང་རྒྱུན་མཐུད་ཀྱི་གསར་ཐོན་དུས་རབས་ཕྱི་མའི་ས་རིམ་ཆ་ཚང་ཞིག་འདུས་ཡོད་པ་དང་། ཆུ་རྒྱུན་གྱི་གཏུབ་གཅོད་ཀྱི་ནུས་པའི་འོག“ས་རྡོའི་ནགས་ཚལ”གྱི་མཛེས་ལྗོངས་ཤིག་ཆགས་ཡོད། འདི་རུ་བསེ་རུ་སྤུ་རིང་དང་རྟ་རྐང་གསུམ་ཅན་སོགས་འཛམ་གླིང་ཡོངས་ལ་ཧ་ལས་བཅུག་པའི་འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོ་རབ་དང་རིམ་པ་གསར་རྙེད་བྱུང་མྱོང་པ་རེད། གནའ་བོའི་སྣོད་བཅུད་ཞིབ་འཇུག་ཚོགས་ཆུང་གིས་རྩ་མདའི་རི་ཐང་དུ་རྟོག་ཞིབ་བྱེད་རིང་གཤོངས་སའི་བྱང་རྒྱུད་ཀྱི་བྱང་རྩེ་ས་ཁུལ་གྱི་སྔོན་མའི་བསྐལ་གསར་རིམ་པའི་ས་རིམ་ཁྲོད་ལོ་མ་ཆུང་བའི་འགྱུར་རྡོ་ཁག་ཅིག་རྙེད་པ་རེད། ཚོགས་ཆུང་དེའི་ལས་རོགས་ཞིབ་འཇུག་པ་ཧོང་ཅན་གྱིས་འགྱུར་རྡོ་དེ་དག་ལ་གནའ་བོའི་རྩི་ཤིང་རིག་པ་དང་གནའ་བོའི་སྣོད་བཅུད་རིག་པའི་ཞིབ་འཇུག་བྱས་པར་རྩ་མདའ་བྱང་རྩེ་ས་ཁུལ་གྱི་སྔོན་མའི་བསྐལ་གསར་སྐབས་ཀྱི་སྔོ་ཁེབས་ནི་ས་མཐོའི་སྡོང་ཕྲན་གཙོ་བོ་ཡིན་པ་དང་། མཛོ་ཤིང་དང་སྨག་ཤད། ཚར་པ་ཤིང་། སྤེན་དཀར། སྟར་ཤིང་སོགས་ལོ་མ་ཆུང་རིགས་ཀྱི་སྡོང་ཕྲན་ནི་སྐྱེ་དངོས་ཚོམ་བུའི་རིགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་ཞིབ་མཇུག་འབྲས་བུ་བྱུང་། 
     ཞིབ་འཇུག་མི་སྣས་འགྱུར་རྡོའི་རིགས་ཀྱི་ཁྱུ་ཚོགས་དང་ལོ་མའི་དབྱིབས་ཀྱི་ཁྱད་ཆོས་ལ་གཞིགས་ཤིང་། མཉམ་གནས་དབྱེ་ཞིབ་ཐབས་དང་ལོ་མའི་མཚན་དང་གནམ་གཤིས་འགྱུར་ཚད་མང་བའི་གོ་རིམ་དབྱེ་ཞིབ་བྱ་ཐབས་སྤྱད་དེ་ངེས་ཚད་ལ་བརྟེན་ནས་ས་དེའི་སྔོན་མའི་བསྐལ་གསར་དུས་ཀྱི་གནའ་བོའི་ཁོར་ཡུག་བསྐྱར་སྐྲུན་བྱས་པ་རེད། མཇུག་འབྲས་ལས་མངོན་པར་གཞིགས་ན། ས་ཁུལ་དེའི་ས་བབ་མཐོ་ཚད་ནི་སྔོན་མའི་བསྐལ་གསར་དུས་དང་ཕལ་ཆེར་གཅིག་པ་ཡིན་མོད། འོན་ཀྱང་དྲོད་ཚད་དང་ཆར་པ་འབབ་ཚད་གཉིས་ཀ་ད་ལྟ་ལས་མཐོ་བ་ཡོད་པ་མ་ཟད། ད་དུང་དུས་ཚིགས་རང་བཞིན་གྱི་ཧེ་བག་མངོན་གསལ་དོད་པོ་ཡོད་པ་རེད། སྔོན་མའི་བསྐལ་གསར་ཤར་ཚུན་ཨེ་ཤེ་ཡའི་དབུས་རྒྱུད་དུ་ཐན་སྐྱོན་ཅན་དུ་འགྱུར་བ་ནི་ས་ཆ་དེའི་སྔོ་ཁེབས་ས་མཐོའི་སྡོང་ཕྲན་ནས་ས་མཐོའི་ཐང་རྒོད་དུ་རིམ་བཞིན་འགྱུར་བའི་སྒུལ་ཤུགས་ཤིག་ཡིན་སྲིད། 
པར་རིས་ནི་ལོ་མ་ཆུང་བའི་འགྱུར་རྡོ་ཁག་ཅིག་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1