འདི་ནི་སྐྱེམས་སྟོང་བོད་ཤོག་གི་རྒྱུ་ཆ་ཡིན་པ།
བོད་ཤོག་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤིག་རེད། དེའི་ལག་ཤེས་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་ཡོད། བོད་ཤོག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་ཚུད་ནས་མི་མང་པོས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། རྒྱུ་ཆ་མི་འདྲ་བ་དང་བཟོ་སྟངས་མི་འདྲ་བའི་དབང་གིས་བོད་ཤོག་གི་སྤུས་ཀ་དང་སྤྱོད་གོ་མི་འདྲ་བ་སྣ་ཚོགས་ཡོད། སྐད་གྲགས་ཡོད་པའི་བོད་ཤོག་ལ་མོན་ཡུལ་གྱི་བོད་ཤོག་དང་། སྙེ་མོའི་བོད་ཤོག སྐྱེམས་སྟོང་གི་བོད་ཤོག་སོགས་མང་པོ་ཡོད་པ་ལས། སྐྱེམས་སྟོང་གི་བོད་ཤོག་ནི་ཀུན་གྱིས་ཁས་ལེན་པའི་བོད་ཤོག་ཡག་ཤོས་དེ་རེད།
1932ལོར་བསྐྲུན་པའི་སྐྱེམས་སྟོང་ཁང་དམར་ཤོག་བུ་བཟོ་གྲྭ་ནི་སྐབས་དེ་དུས་བོད་ཤོག་བཟོ་གྲྭ་ཆེ་ཤོས་དེ་རེད། སྐབས་དེ་དུས་བོད་ཤོག་བཟོ་གྲྭ་དེ་བོད་ལྗོངས་ཉིང་ཁྲི་རྫོང་སྐྱེམས་སྟོང་ཤང་ཁོངས་སུ་ཡོད། ཕྱིས་སུ་སྐྱེམས་སྟོང་ཤང་སྲིད་གཞུང་གིས་སྐྱེམས་སྟོང་བོད་ཤོག་གི་བཟོ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད། གོང་རིམ་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་ཞུ་ཐེངས་མང་ཕུལ་བ་དང་ཆབས་ཅིག ཤང་དེས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་སླར་གསོ་བྱེད་འགོ་ཚུགས། 2008ལོར་སྣང་རྫོང་གིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་གསུམ་པའི་སྐབས་དང་བསྟུན་ནས། སྐྱེམས་སྟོང་བོད་ཤོག་བཟོ་གྲྭའི་ཤུལ་བཞག་ལ་ཡོངས་བཤེར་བྱས་པ་དང་། 2009ལོར་སྐྱེམས་སྟོང་བོད་ཤོག་བཟོ་གྲྭའི་ཤུལ་བཞག་དེ་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ། ལོ་དེར་སྣང་རྫོང་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཁག་ཏུ་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་གྱི་དཔྱད་གཞི་བསྡུ་རུབ་དང་ལེགས་སྒྲིག་བྱས་པ། 2010ལོར་སྐྱེམས་སྟོང་བོད་ཤོག་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཁག་བཞི་པའི་གྲས་སུ་བཅུག་སྟེ་ལོ་དེ་རང་ལ་སྐྱེམས་སྟོང་བོད་ཤོག་ལས་སྣོན་བཟོ་གྲྭ་བཙུགས། བོད་ཤོག་བཟོ་གྲྭ་ཐོག་མར་འཛུགས་པའི་སྐབས་སུ་ཕྱོགས་གཅིག་ནས་སྐྱེམས་བོད་ཤོག་བཟོ་རྩལ་ལ་མྱུར་སྐྱོབ་རྣམ་པའི་སྲུང་སྐྱོབ་བྱས་ནས་རྒན་རབས་རྒྱུན་འཛིན་པར་བཅར་འདྲི་བྱས་ཏེ་བོད་ཤོག་བཟོ་བའི་ངག་རྒྱུན་ཡིག་ཐོག་ཏུ་ཕབ་པ་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་རྒྱུན་འཛིན་པར་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་ཚོད་ལྟ་ཡང་ཡང་བྱེད་དུ་བཅུག་ནས་དེ་སྔའི་སྐྱེམས་སྟོང་བོད་ཤོག་གི་ངོ་མཚར་སླར་ཡང་མངོན་པའི་འབད་བརྩོན་བྱས་ཡོད། 2010ལོར་ས་གནས་སྲིད་གཞུང་གིས་མ་དངུལ་བཏང་བ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ངལ་ནུས་བཏོན་ནས་སྐྱེམས་སྟོང་བོད་ཤོག་ལས་སྣོན་མཉམ་ལས་ཁང་བཙུགས། ད་ཆ་སྐྱེམས་སྟོང་བོད་ཤོག་བཟོ་གྲྭ་སྐྱེམས་ཆུའི་འགྲམ་དུ་བཙུགས་པ་དང་ས་ཁྱོན་སྨི་ངོས་གྲུ་1200དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་525ཟིན་ཡོད།
རྒྱགས་ལོད་ནི་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་པ་ཡིན་ཞིང་། སློབ་འབྲིང་ལས་འགྲིམ་མྱོང་མེད་པའི་རྒྱགས་ལོད་ཀྱིས་སྐྱེམས་ཤོག་གི་ངོ་མཚར་སླར་ཡང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཆེད། ཁོང་གིས་ལོ་བཞི་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས།
2010ལོར་བོད་ཤོག་ལས་སྣོན་མཉམ་ལས་ཁང་འཛུགས་སྐབས་གྲོང་མི་མང་པོ་ཞིག་གིས་ལས་ཀ་དེ་བྱེད་འདོད་བྱེད་ཀྱི་མེད། གནས་ཚུལ་དེ་ཤེས་པའི་རྒྱགས་ལོད་ཀྱིས་འཕྲལ་མར་གོང་རིམ་ལ་ལས་ཀ་ཁས་བླངས་པ་རེད། དང་ཐོག་ཁོང་གིས་བོད་ཤོག་བཟོ་གྲྭར་ལས་ཀ་བྱེད་མྱོང་བའི་བགྲེས་སོང་ཁག་གཅིག་གི་སར་བསྐྱོད་ནས་བོད་ཤོག་བཟོ་རྩལ་འདྲི་རྟོགས་བྱས་པ་དང་། དེ་ནས་སྐྱེམས་སྟོང་བོད་ཤོག་བཟོ་བའི་རྒྱུ་ཆ་དང་ཐོན་སྐྱེད་བརྒྱུད་རིམ་སོགས་ལ་སྦྱངས་པ་མཐར་ཕྱིན་བྱས་པ་མ་ཟད། ད་དུང་ཆེད་མངགས་ལྷ་སར་བསྐྱོད་ནས་བོད་ཤོག་བཟོ་གྲྭ་གཞན་དག་ལ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད། 2014ལོར་ཚོད་ལྟ་ཡང་ཡང་བྱས་མཐར། སྔ་ཉམས་ལྡན་པའི་སྐྱེམས་སྟོང་བོད་ཤོག་བཟོ་ཐུབ་ཅིང་། ད་ཆ་ཁོང་གིས་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་ལ་བརྟེན་ནས་སྐྱེམས་སྟོང་བོད་ཤོག་ལས་བཟོས་པའི་འབྲི་དེབ་དང་། སྐྱེམས་སྟོང་བོད་ཤོག་ལས་བཟོས་པའི་རླུང་གཡབ། སྐྱེམས་སྟོང་བོད་ཤོག་གི་སྐུ་ཐང་སོགས་ཐོན་རྫས་མང་པོ་གསར་གཏོད་བྱས་པ་མ་ཟད། ད་དུང་སྐྱེམས་སྟོང་བོད་ཤོག་བཟོ་གྲྭས་ཤོག་བུའི་སྤུས་ཚད་དང་། ཐོན་ཚད། ཁོར་ཡུག་བཅས་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ་སྐྱེམས་སྟོང་བོད་ཤོག་གི་རིན་ཐང་མངོན་པར་བྱས་ཡོད། གཞན་ཡང་ཇུས་འགོད་པའི་ཟུར་སྣོན་རིན་ཐང་ལ་བརྟེན་ནས་སྐྱེམས་སྟོང་བོད་ཤོག་ཐོན་རྫས་ཐོན་སྐྱེད་བྱས་ཏེ་གནའ་བོའི་ལག་ཤེས་དེར་དེང་རབས་ཀྱི་འཚོ་བའི་ཁྲོད་སླར་ཡང་བཀྲག་མདངས་འཚེར་བར་བྱས་ཡོད།