མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་མཚོའི་རྒྱ་ཁྱོན་ལོ་19རིང་ཚད་ཆེ་ཤོས་སུ་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21


     ཚེས་18ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་མཚོའི་རྒྱ་ཁྱོན་ལོ་19རིང་ཚད་ཆེ་ཤོས་སུ་སླེབས་ཡོད།
     མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ས་མཐོའི་ཚྭ་མཚོ་ཆེ་ཤོས་དེ་ཡིན་པ་དང་། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་ཆུ་གཞུང་གལ་ཆེན་ཞིག་ཡིན་ལ། ནུབ་རྒྱུད་ཀྱི་ཐང་རྒོད་ཅན་དུ་འགྱུར་བ་དེ་ཤར་ཕྱོགས་སུ་མཆེད་རྒྱུ་ཚོད་འཛིན་བྱེད་པའི་རང་བྱུང་གི་སྲུང་ཡོལ་ཞིག་ཀྱང་རེད། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་གི་ཁྱད་ཆོས་དང་དེའི་འཕོ་འགྱུར་གྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ཧྲིལ་པོའི་འཕེལ་ཕྱོགས་མཚོན་གྱི་ཡོད་པ་དང་། དེས་ཚྭ་འདམ་གཤོངས་ས་དང་། གཙང་གསུམ་ཆུ་འགོ   གདང་ལ་རི་བོ་སོགས་ས་ཁུལ་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
    མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་ཚུན། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྔོ་ཁེབས་དང་འདམ་ར་སླར་གསོ་མངོན་གསལ་དོད་པོ་བྱུང་ནས་རྒྱུག་ཁུལ་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད། འདམ་རའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་ཁྲི་1.35མང་དུ་ཕྱིན་ཡོད་པ་དང་། མཐུག་ཚད་ཆེ་བའི་སྔོ་ཁེབས་ཁྱབ་ཚད་རིམ་རྩིས་བྱས་ན་སྤྱི་ཆིང་21.33མང་དུ་ཕྱིན་ཡོད། མཚོ་སྔོན་པོའི་སྣོད་བཅུད་ནུས་པ་ཧྲིལ་པོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་སྲུང་སྐྱོང་ཁུལ་གྱི་བྱེ་ས་དང་། གང་ཡང་སྐྱེ་མི་ཐུབ་པའི་ས། བ་ཚྭ་ཅན་བཅས་ཀྱི་ས་ཆའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་3960ཉུང་དུ་ཕྱིན་ཡོད་པ་རེད།
    རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་གིས་ཀྱང་སྐྱེ་དངོས་ཀྱི་རིགས་སྣ་མང་ཅན་དུ་བསྒྱུར་ཡོད། མིག་སྔར་མཚོ་སྔོན་པོའི་ས་ཁོངས་སུ་འདབ་ཆགས་རིགས་1996ལོའི་རིགས་164ནས་རིགས་225བར་མང་དུ་ཕྱིན་པ་དེས་རྒྱལ་ཡོངས་ཀྱི་འདབ་ཆགས་རིགས་ཀྱི་17%བཟུང་བ་དང་། ལོ་ལྟར་འདབ་ཆགས་ཁྲི་30ཙམ་དེ་གར་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་དང་། རི་དྭགས་རིགས་ཀྱི་སྲོག་ཆགས་རིགས་41དང་། སྐམ་ཆུ་གཉིས་འཚོའི་ལྟོ་བགྲོད་སྲོག་ཆགས་རིགས་5  ཉ་རིགས་8བཅས་ཡོད་པ་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པའི་སྲོག་ཆགས་རིགས་8ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པའི་སྲོག་ཆགས་རིགས་29ཡོད། མཚེའུ་ཁུལ་དུ་ད་ཆ་ས་བོན་རྩི་ཤིང་རིགས་445ཡོད་པ་མ་ཟད། ད་དུང་སྨན་རྩྭའི་རིགས་ཀྱི་དཔལ་འབྱོར་རྩི་ཤིང་གྲངས་འབོར་ངེས་ཅན་ཞིག་ཡོད་པ་དང་། སྟོངས་ལ་ཉེ་བའི་ཕུའུ་ཧྲི་དགོ་བའི་གྲངས་འབོར་2004ལོའི་257ནས་2018ལོའི་2793བར་མང་དུ་ཕྱིན་ཡོད་པ་རེད།
    མཚོ་སྔོན་པོའི་ཉའི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད། 1982ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔ་རྗེས་སུ་མཚོ་བཀག་ཉ་གསོ་ཐེངས་ལྔ་བྱས་པ་དང་མཚོ་སྔོན་པོའི་ཉའི་ཐོན་ཁུངས་2002ལོའི་ཏུན་2592ནས་2018ལོའི་ཏུན་ཁྲི་8.8བར་འཕར་བ་དང་། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4549.38ཟིན་པ་དེ་2018ལོའི་དུས་མཚུངས་དང་བསྡུར་ན་སྤྱི་ལེ་ངོས་གྲུ་20.08མང་དུ་ཕྱིན་ནས་མཚོའི་རྒྱ་ཁྱོན་ལོ་19རིང་ཚད་ཆེ་ཤོས་སུ་སླེབས་པ་དང་། སྣོད་བཅུད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པས་མཚོ་སྔོན་པོའི་སྣོད་བཅུད་དོ་སྙོམས་མ་ལག་རགས་ཙམ་ཆགས་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཧུར་ཐག་སྒྲིག་བཟོ་བྱེད་བཞིན་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྲུན་ནང་ཞུགས་རྒྱུ་བརྩོན་ལེན་བྱེད་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1