ལམ་སྔགས་གསེར་བྲིས་ཆེན་མོ་འཛམ་གླིང་ཟིན་ཐོར་ངོས་ལེན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-22


        ཟླ11པའི་ཚེས21ཉིན། དགེ་འདུན་མཆོག་གྲུབ་ཀྱིས་གྲོས་འཆར་བཏོན་པ་དང་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་གཉེར་འགན་ཁུར་བའི་འཛམ་གླིང་གི་ཆེས་ཆེ་བའི་ལམ་སྔགས་གསེར་བྲིས་ཆེན་མོ《ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག》ལེགས་པར་གྲུབ་པ་དང་། འཛམ་གླིང་གི་ཟིན་ཐོ་ངོས་ལེན་ལས་ཁུངསWRCAཡིས་ངོས་ལེན་བྱས་པ་དང་ངོས་ལེན་དཔང་ཡིག་སྤྲོད་པའི་མཛད་སྒོ་མཚོ་སྔོན་གཅན་ཚ་རྫོང་དུ་སྤེལ་བ་རེད། 
        ཐེངས་འདིའི་ཚོགས་ཐོག་དུ་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་རྒྱུན་ལས། རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོ། རོང་བོ་དགོན་ཆེན་གྱི་དགེ་བཤེས་བློ་བཟང་ཆོས་གྲགས་དང་། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ལས་འཛིན་པ་བརྩོན་འགྲུས། འཛམ་གླིང་ཟིན་ཐོའི་དཔང་ཡིག་ངོས་ལེན་ལས་ཁུངསWRCAདབུ་བཞུགས་དཔང་ཡིག་ངོས་ལེན་དཔོན་སྲས་མོ་ཕན་ཧྲུའུ་ནཱ་དང་གཞན་དགེ་བའི་བཤེས་གཉེན་མང་བོ་དང་དད་ལྡན་མང་ཚོགས་སོགས་མི་ཉིས་བརྒྱ་ལ་ཉེ་བ་ཡུལ་དངོས་སུ་སླེབས་ཡོད་པ་རེད།
        ལམ་རིམ་དང་སྔགས་རིམ་གཞི་གཅིག་ཅན་གྱི《ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག》འདིར། ལམ་རིམ་ལ་ཤོག་གྲངས393ཡོད་པ་དང་། སྔགས་རིམ་ལ་ཤོག་གྲངས377བཅས་ཁྱོན་བསྡོམས་ཤོག་གྲངས770ཡོད། གླེགས་བམ་གྱི་ཞེང་ལ་ལི་རྨི63དང་སྲིད་ལ་ལི་རྨི142.5། ཤོག་ངོས་རེར་ཐིག་ཕྲེང་12དང་། ལམ་སྔགས་གཉིས་ཀྱི་ཤོག་ལྷེ་རེར་ཆ་སྙོམས་ཡིག་འབྲུ་1500ལྷག་བཅས་ཁྱོན་ཡིག་འབྲུ་ཁྲི116ལྷག་ཡོད་པ་དང་བསྡོམས་གསེར་རྐྱང་ཁེ6144བཀོལ་ཞིང་གསེར་བྲིས་པ་མི་བཅུས་ལམ་སྔགས་གཉིས་ཟླ་བ་བཅུ་ལྷག་ལ་བྲིས། གླེགས་བམ་ཆེན་པོ་འདིའི་ཁྱད་ཆོས་ཐད། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ལས་འཛིན་པ་བརྩོན་འགྲུས་ཀྱིས་བཤད་རྒྱུར། གླེགས་བམ་འདིར་ཚད་མཐོའི་གསེར་ཞུན་བཀོལ་ཏེ་འབྲི་བཞེངས་བྱས་ཡོད་ཅིང་། ཤོག་བུའང་བོད་རང་གི་གནའ་བོའི་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་དངོས་སྤྱད་དེ་བཟོས་པ་ཡིན་པས་ཆུ་དང་འཕྲད་ཀྱང་རལ་དཀའ་བའི་ཁྱད་ཆོས་ལྡན་ཞིང་། རྙིང་ཐེག་པས་ལོ་ག་ཚོད་ཅིག་འགོར་ཡང་སྔར་བཞིན་བརྟན་ཆགས་སུ་གནས་ཐུབ་ལ། དེ་མིན་རྒྱ་ཤོག་ལྟ་བུའི་དུས་ཡུན་རིང་དུ་ཕྱིན་པ་དང་བསྟུན་ཕན་ཚུན་འབྱར་ཞིང་། དེ་ལ་བརྟེན་ནས་རལ་ཉེན་ཡོད་པའི་ཚབས་ཆེའི་ཉེན་ཁ་དེ་བོད་ཤོག་ལ་མེད། གང་ཞེ་ན། གླེགས་བུམ་རེ་རེའི་བར་སྟོང་དུ་རླུང་རྒྱུ་ཐུབ་པས་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་རུང་སྔར་བཞིན་ཤོག་བུའི་རང་ཚུགས་ལ་འགྱུར་བ་མི་ཐེབས་པའི་ཁྱད་ཆོས་ལྡན་པ་མ་ཟད་བཀླག་ན་མིག་ལ་བདེ་ཞིང་ཉར་ན་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་དཔེ་སྟོན་གསོན་པོ་ཞིག་ཡིན་ཞེས་བཤད།  
        སྔོན་གྱི་མ་རྒྱུ་གསེར་རྐྱང་བཙོ་སྦྱང་དང་ཆེད་དམིགས་ཀྱི་བོད་ཤོག་ནག་པོ་ཇུས་འགོད། བར་གྱི་ཡིག་མཁན་བཅུ་ཕྲག་གི་འབྲི་བཞེངས། རྗེས་ཀྱི་ཞུ་དག་ཚང་མ་ཚགས་དམ་པའི་ལས་རིམ་ཡོད་ཚད་འཕྲུལ་ཆས་ལ་མ་བརྟེན་པའི་ལག་བྲིས་རྐྱང་རྐྱང་ཡིན་པས་དུས་ཡུན་ལོ་གཅིག་གི་ལས་གཞི་ཆེན་པོ་འདིར་འཛམ་གླིང་ཐོག་ཚད་གཞི་མཐོ་བ་དང་ཆེས་ཐོག་མ་ཡིན་པ་སོགས་ཀྱི་ཡོན་ཏན་གྱིས་ཚང་མའི་ཡིད་དབང་འཕྲོག་སྲིད། བོད་རིག་པ་ཞུབ་འཇུག་མཁས་ཅན་གཅོད་པ་དོན་གྲུབ་ཀྱིས་དེ་རིང་ནི་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་བརྒྱ་ལོན་པའི་ཉིན་ཡིན་པ་དང་། ཁོང་གི་བརྩམས་ཆོས་གྲགས་ཅན་འདི་གཉིས་ཀྱི་གསེར་བྲིས་ལེགས་པར་གྲུབ་པ་མ་ཟད། འཛམ་གླིང་ཐོག་ཟིན་ཐོ་བཀོད་ཡོད་པས་ཧ་ཅང་དགའ་སྤྲོ་སྐྱེས་འོས་པའི་དོན་ཞིག་རེད་ཅེས་བཤད། 
        མཇུག་ཏུ་འཛམ་གླིང་ཟིན་ཐོའི་དཔང་ཡིག་ངོས་ལེན་ལས་ཁུངསWRCAདབུ་བཞུགས་དཔང་ཡིག་ངོས་ལེན་དཔོན་སྲས་མོ་ཕན་ཧྲུའུ་ནཱ་ཡིས་ཆེད་མཁས་པས་རྟག་དཔྱད་དང་ཞིབ་འཇུག་བརྒྱུད《ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག》འདི་འཛམ་གླིང་གི་ཆེས་ཆེ་བའི་གསེར་བྲིས་ཆེན་པོ་རེད་ཅེས་ཁྱབ་བསྒྲགས་གནང་བ་དང་ལག་རྟགས་སྤྲད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1