རྩ་འཛུགས་ཀྱིས་རིན་ཆེན་ཧྲུའུ་ཅི་མུ་མཐུད་དུ་ང་ཚོའི་སྡེ་པའི་ཧྲུའུ་ཅི་རུ་འཇོག་རོགས། སྡེ་དམངས་ཡོངས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ལ། ཧྲུའུ་ཅི་རིན་ཆེན་གྱིས་བཞག་པའི་རེ་ཞུའི་ཡི་གེའི་ཐོག་མང་ཚོགས་དུད་ཚང་118ཀྱིས་མཛུབ་རྗེས་བཀོད་ཡོད་པའི་ཡི་གེ་བཟུང་ནས་གསར་འགོད་པ་སྡེ་པ་དེ་རུ་ཐོན་དུས། སྡེ་མི་སུ་ཡིན་རུང་རིན་ཆེན་ཧྲུའུ་ཅི་ཟེར་ན་མི་ཤེས་མཁན་མི་འདུག
སྡེ་པའི་གཞུང་ལམ་འཛུགས་སྐྲུན་ལ་ཡུལ་དངོས་ནས་མཛུབ་སྟོན་བྱེད་བཞིན་པ།
དབུལ་ཕོངས་དུད་ཚང་བཀྲ་ཤིས་དཔལ་མོ་ཚང་དུ་འཚམས་འདྲིར་ཕྱིན་པ།
རིན་ཆེན་ཚེ་རིང་ནི་གསེར་རྟ་རྫོང་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ཧོར་ཤུལ་གྲོང་རྡལ་ལྡེ་སྤུན་གྲོང་ཚོར་མངགས་པའི་ཧྲུའུ་ཅི་དང་པོ་ཡིན་འདུག མ་གཞི་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱས་ཡོད་མོད། འོན་ཀྱང་ལྡེ་སྤུན་གྲོང་ཚོར་ཐེངས་དང་པོར་སླེབས་སྐབས་ལྡེ་སྤུན་གྲོང་ཚོའི་དཔལ་འབྱོར་རྨང་གཞི་ཞན་པ། མང་ཚོགས་ཀྱི་བསམ་བློ་གུ་དོག་པ། སྤྱི་ཚོགས་ཀྱི་འཚར་ལོངས་ཆུ་ཚད་དམའ་བ། སྤྱི་པའི་ཞབས་ཞུ་འཐུས་ཚང་མེད་པ། དབུལ་ཕོངས་ཁྱབ་རྒྱ་ཆེ་བ། དབུལ་ཕོངས་ཚད་གཞི་གཏིང་ཟབ་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་ལ་སླེབས་དགོས་པ་ད་རུང་རྒྱང་ཐག་རིང་པོ་ཡིན་པ་མཐོང་ནས་རང་ཉིད་ཀྱི་འགན་འཁྲི་ཧ་ཅང་ལྕི་བ་ཚོར།
ལས་གནས་སུ་འབྱོར་རྗེས་ཁོང་གིས་གྲོང་ཚོའི་གནས་ཚུལ་དང་དམངས་འདུན་ལ་བརྟག་དཔྱད་དང་ཤེས་རྟོགས་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་འཕྲལ་མར་གྲོང་ཚོའི་དུད་ཚང་118ཀྱི་མི་395ལ་ཁ་བརྡ་བྱས་ཏེ་དབུལ་པོའི་འབྱུང་རྩ་འཚོལ་ཐུབ་པ་བྱས། མ་ཟད་དུད་ཚང་30དང་མི་85ལ་གཙོ་གནད་ཐོག་མཐིལ་རྟོགས་བྱས་ཏེ་མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་དང་བསམ་བློའི་ཁྱེར་ཕྱོགས་ཤེས་རྟོགས་བྱས།
ལོ་ངོ་གསུམ་ལྷག་གི་རིང་ཉིན་900ལྷག་ལ་གྲོང་ཚོའི་འཚོ་བའི་ཁྲོད་ནས་རྐང་ཐང་ལ་སྤྱི་ལེ་2589ལྷག་བསྐྱོད་པ་དང་། རང་ཉིད་ཀྱིས་བོད་སྐད་ཡིག་ཤེས་པའི་ལེགས་ཆ་བེད་སྤྱད་དེ་མི་དམངས་དང་རྒྱུན་ལྡན་གྱི་འཚོ་བའི་ཁ་བརྡ་བྱས་ལ། གྲོང་ཚོའི་འཕེལ་རྒྱས་གླེང་ནས་ཞིང་འབྲོག་མང་ཚོགས་ལ་གསོ་སྤེལ་ལག་རྩལ་བསླབ། མཐིལ་རྟོགས་དང་གྲལ་བཤེར་བྱས་པར་བརྒྱུད་ཡུལ་བབ་དང་བསྟུན་ནས《གསེར་རྟ་རྫོང་ཧོར་ཤུལ་གྲོང་རྡལ་སྡེ་སྤུན་གྲོང་ཚོའི་ལོ་ལྔ་ཚན་བཅུ་གསུམ་པའི་གནད་སྨིན་དབུལ་སྐྱོར་གྱི་སྤྱིའི་འཆར་འགོད (2016ལོ་ནས་2020ལོ་བར)》དང་《ལྡེ་སྤུན་གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་འཆར་འགོད།》བཟོས།
གྲོང་གསེབ་ཕྱུག་པོར་འགྱུར་མི་འགྱུར་དེ་གཙོ་བོར་སྣེ་ཁྲིད་པར་རག་ལས་ཡོད། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་འབྲོག་པ་མང་ཚོགས་ཕྱུག་འགྱུར་ཡོང་བའི་རྩ་བའི་བགྲོད་ལམ་དང་ཐབས་ལམ་ཞིག་ཡིན། ལྡེ་སྤུན་གྲོང་ཚོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ་ཧྲུའུ་ཅི་རིན་ཆེན་གྱིས་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་དགོས་མཁོ་དངོས་གཞིར་བཟུང་ནས་སྡེ་པའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། ཕྱོགས་མང་པོ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་བར་མཐུན་སྦྱོར་བྱས་པ་བརྒྱུད་ལྡེ་སྤུན་གྲོང་ཚོའི་མགྲོན་ཁང་དང་།
སྤྲོ་གསེང་ལྟ་སྐོར། འབྲི་གཡག་གསོ་ཚགས་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་ནས་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་གྲོལ་ཕྱུག་འགྱུར་ཡོང་བ་བྱས།
ཧྲུའུ་ཅི་རིན་ཆེན་གྱིས་ཤང་ཏང་ཨུ་དང་སྲིད་གཞུང་། ཁུལ་དང་རྫོང་བཅས་ཀྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གྲོང་ཚོ་དེ་གའི་དབུལ་སྒྲོལ་འཆར་འགོད་གཞིར་བཟུང་གྲོང་ཚོ་རིམ་པའི་བྱེད་སྒོའི་འཐབ་ས་ཚད་ལྡན་ཅན་འཛུགས་སྐྲུན་དང་། འགྲོ་ལམ་རྒྱ་ཇེ་ཆེར་དང་སྲ་བརྟན་དུ་གཏོང་བ། སྡོད་དམངས་ཀྱི་འཚོ་བ་མཐོར་འདེགས་གཏོང་བ་སོགས་ལས་གྲྭ་དང་དབུལ་ཕོངས་མང་ཚོགས་ཀྱིས་དུས་ཐུང་ནང་ལས་ཀ་བྱེད་ཐུབ་པ་སོགས་ཀྱི་མཐུན་སྦྱོར་བྱས་པས། 2019ལོར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁོ་ན་སྔ་མོ་ནས་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞིར་སླེབས། རྣམ་གྲངས་དོན་འཁྱོལ་བྱས་པར་བརྒྱུད་མང་ཚོགས་ཀྱི་འཕེལ་རྒྱས་དང་བརྩོན་སེམས་སྔར་བས་ཆེ་རུ་ཕྱིན་ནས་དབུལ་སྒྲོལ་ཕྱོགས་སུ་སྐྱོད་པའི་མཛེས་སྡུག་ལྡན་པའི་མདུན་ལམ་རིམ་བཞིན་མངོན་བཞིན་ཡོད། །
ཧྲུའུ་ཅི་རིན་ཆེན་གྱིས་རྟག་ཏུ་མང་ཚོགས་ལ་སློབ་གསོ་བཏང་ནས་སློབ་གསོའི་དབུལ་སྐྱོར་ནི་རྩ་བའི་དབུལ་སྐྱོར་ཡིན་པས་འབྲོག་པ་མང་ཚོགས་ལ་བུ་ཕྲུག་སློབ་གྲྭར་བསྐྱེལ་རྒྱུར་ཁྲིད་སྟོན་དང་སློབ་གསོ་གཏོང་བཞིན་ཡོད། ལྡེ་སྤུན་གྲོང་ཚོའི་འབྲོག་པ་ཁུ་མིང་ལཱ་ཡིས་སེམས་འགུལ་ཆེན་པོས་གསར་འགོད་པའི་ལག་པར་འཇུས་ནས་ཧྲུའུ་ཅི་རིན་ཆེན་གྱི་ཐུགས་ཁུར་དང་རོགས་རམ་འོག་ངའི་ཁྱིམ་གྱི་ཡེ་མོས་ད་ལོ་རྔ་པ་དགེ་འོས་སློབ་གླིང་དུ་གནས་གཏན་འཁེལ་ཡིན་པའི་རྒྱུགས་འཕྲོད་སོང་པས་ཧྲུའུ་ཅི་རིན་ཆེན་ལ་ཐུགས་རྗེ་ཆེ་ཞུ་དགོས་ཞེས་བཤད། ཧྲུའུ་ཅི་རིན་ཆེན་གྱིས་ངང་རྒྱུད་རིང་པ་དང་བསམ་བློ་ཞིབ་མོའི་སྒོ་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་བརྟེན་ནས་ད་ལོ་ལྡེ་སྤུན་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་པའི་ཚད་98%ཡན་ཟིན་པ་དང་སློབ་གསོའི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོབ། །
ཧྲུའུ་ཅི་དང་པོའི་འགན་འཁུར་པའི་ཉིན་དེ་ནས་བཟུང་། ལྡེ་སྤུན་གྲོང་ཚོ་རང་ཉིད་ཀྱི་ཁྱིམ་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་གཏོང་བ་དང་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དབུལ་ཕོངས་མང་ཚོགས་སྔ་མོ་ནས་དབུལ་གྲོལ་དང་སྔ་མོ་ནས་ཕྱུག་འགྱུར་ཡོང་བ་བྱ་རྒྱུའི་སེམས་ཐག་བཅད། གྲོང་ཚོ་དབུལ་པོའི་འཐབ་ཕྱོགས་དང་པོར་རང་ཉིད་ཏང་ཡོན་ཡིན་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་དགའ་བསུ་ཐོབ། 2018ལོར་ཁོང་གི་ལོ་ན་རྒས་པའི་མ་ལོ་ལགས་ནད་ཀྱིས་ཟིན་ནས་ཁྲེན་ཏུའུ་རུ་སྨན་བཅོས་བྱེད་པར་སྐྱོད་སྐབས་ཁོང་ལས་ཀའི་དགོས་དབང་གིས་འགྲོ་མ་ཐུབ་ལ། སྡེ་པའི་དབུལ་གྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་ཡོད་པས་འབྲོག་པ་མང་ཚོགས་ཀྱི་སེམས་ནང་དུ་ཡོད་ལ་མིག་ནང་དུ་གསལ་ཡོད་པར་མ་ཟད་ལྡེ་སྤུན་གྲོང་ཚོའི་གྲོང་མི་ཚོའི་ཡིད་ཆེས་དང་གུས་བཀུར་ཐོབ།
དེ་རིང་གི་ལྡེ་སྤུན་གྲོང་ཚོར་གཞུང་ལམ་ཤར་གཏོང་བྱས་ཡོད་པ་དང་ལམ་སྒྲོན་ཉི་འོད་ལྟར་གསལ། ཐོན་ལས་འཕེལ་རྒྱས་བྱུང་ཡོད་པས། དབུལ་གྲོལ་ཕྱུག་འགྱུར་བྱ་ཐུབ་པར་གདེང་ཚོད་ཆེན་པོ་ཡོད་ཅེས་རིན་ཆེན་ཧྲུའུ་ཅི་ཡིས་སྐད་གསང་མཐོན་པོས་བཤད། །