༄༅།། བྱིས་པ་དང་དཔེ་ཀློག

རྡོ་རྗེ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26



ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པ།  རྡོ་རྗེ་བཀྲ་ཤིས།
         དཔེ་ཀློག་ནི་ཤེས་བྱའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང་།ཐོས་བསམ་ནོར་བུའི་མཛོད་སྒོ་འབྱེད་པའི་ལྡེ་མིག ལེགས་ཉེས་བླང་དོར་དབྱེ་འབྱེད་མིག་ཟུང་དང་ཀུན་ནས་མཚུངས་པས།ལར་ཕོ་མོ་དང་མཆོག་དམན།ལས་ཐོབ་སོགས་རིས་སུ་མ་ཆད་པར་མི་སུ་ལ་མཚོན་ན་ཡང་དཔེ་ཀློག་བྱ་རྒྱུ་གལ་ཆེ་སྟེ།“དཔེ་དེབ་ཀློག་པར་མི་བྱེད་ན།དེ་ལ་སློབ་སྦྱོང་ངོ་མ་ཞིག་མེད་ལ།དུས་མཚུངས་སུ་དབྱེ་འབྱེད་ཀྱི་ནུས་པའང་ཡོད་མི་སྲིད”ཅེས་པ་ལྟར་དུ་དཔེ་ཀློག་ནི་ལས་ཐོབ་རེག་པ་དང་གྲགས་སྙན་རྒྱས་པ་ཙམ་གྱི་ཕྱིར་དུ་མ་ཡིན་པར།ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་ལྡན་པའི་སླད་དུ་ཡིན་ལ།མི་རྣམས་ཀྱིས་བྱ་བ་གང་ཞིག་སྒྲུབ་པར“བསམ་གཞིག་གཏོང་ཤེས་པ་དང་བསམ་གཞིག་གཏོང་མཁས་པ”ཞིག་ཏུ་འགྱུར་བ་ལ་དཔེ་ཀློག་བྱེད་དགོས་པ་དང་།སྒོས་སུ་བསླབ་པའི་གནས་ལ་འཇུག་པའི་ལས་དང་པོ་བ་སྟེ།ཆུང་འབྲིང་སློབ་མ་དག་ལོ་ན་ཕྲ་དུས་ནས་དཔེ་ཀློག་གི་ཕྱོགས་སུ་ཁྲིད་དེ།དཔེ་ཀློག་ནི་ཁོ་ཚོས་འཚོ་བའི་རྒྱུན་སྲོལ་ཞིག་ཏུ་འཇགས་པར་བྱ་རྒྱུ་ཧ་ཅང་གལ་ཆེ་བར་སྙམ་སྟེ།“དཔེ་ཆ་ནི་གཞོན་ནུ་ལོ་ཆུང་རྣམས་དང་ཁ་འབྲལ་ཐབས་མེད་པའི་ཚེ་སྲོག་གི་འཕར་རྩ་དང་ལམ་སྟོན་གྱི་བཤེས་གཉེན་ལྟ་བུ་ཡིན་པས”བྱིས་པར་དཔེ་ཀློག་ལ་བཀྲི་བའི་ཐབས་རགས་ཙམ་གླེང་བར་བྱ་སྟེ།

གཅིག དཔེ་ཀློག་གི་འཇུག་སྒོ་ནི་སྤྲོ་སྣང་ཡིན།
        སྤྲོ་སྣང་ནི་གང་བསྒྲུབ་པར་བྱ་བའི་ལས་ལ་འཇུག་པའི་ལྡེ་མིག་དང་མཚུངས་པས།སྤྲོ་སྣང་སྐྱེས་པའི་ལས་དེར་གཏན་ནས་སུན་སྣང་སྐྱེ་མི་སྲིད།དེ་བས་བྱིས་པར་ཆུང་དུས་ནས་དཔེ་ཀློག་གི་སྤྲོ་སྣང་བསྐྱེད་དགོས་ཏེ།དེའང་བློ་རིག་དང་ལོ་ན་མ་སྨིན་པའི་བྱིས་པས་གནས་ལུགས་ཆེན་པོ་མི་རྟོགས་པས་དཔེ་ཀློག་གི་གལ་ཆེན་རང་བཞིན་སྨྲས་ཏེ་བྱིས་བློ་དཔེ་ཀློག་ལ་བཀྲི་དཀའ་བས།ང་ཚོས་དུས་རྒྱུན་དུ་བྱིས་པར་འབྲེལ་འདྲིས་བྱེད་པའི་དུས་ཡུན་ནང་དུ་བྱིས་བློ་དང་མཐུན་པའི་སྒྲུང་གཏམ་སྣ་ཚོགས་བཤད་དེ་བྱིས་པར་གོ་བསྐོན་བློ་འགུག་གི་སློབ་གསོ་བཏང་ན་བྱིས་པ་འཚར་ལོངས་ཀྱི་གོ་རིམ་ཁྲོད་མ་བསྐུལ་དང་བླངས་ཀྱིས་དེ་དག་ལ་འཇུག་འདོད་ཀྱི་མཚར་སྣང་སྐྱེ་བས།བྱིས་པའི་བློ་དང་མཐུན་པའི་དཔེ་དེབ་སྣ་ཚོགས་འོས་སྦྱོར་བྱེད་པ་དང་།དཔེ་ཆ་འོས་སྦྱོར་བྱེད་པའི་གོ་རིམ་དུའང་བྱིས་པའི་ཡིད་ཀྱི་དང་བ་འདྲེན་པའི་རྩོམ་ཐུང་རེ་ཟུང་མདོར་བསྡུས་སྒོས་མཚམས་སྦྱོར་བྱས་ན།དེས་སློབ་མ་དཔེ་ཀློག་ལ་བཀྲི་བར་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་ནུས་པ་ཐོན་པས།དགེ་རྒན་གྱིས་དུས་རྒྱུན་དུ་སློབ་མར་དཔེ་ཀློག་ཐད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་པར་འབད་པས་འཇུག་དགོས།

གཉིས། དཔེ་ཀློག་ནི་ལད་ཟློས་ནས་གོམས་གཤིས་སུ་འགྱུར་ཐུབ།
        བྱིས་པ་ནི་བྱ་བ་གང་དང་ཅི་སྒྲུབ་པ་ལ་ལད་ཟློས་བྱེད་པར་དགའ་ཞིང་།སྒོས་སུ་ཕ་མ་དང་དགེ་རྒན་ནི་བྱིས་པའི་དང་རྟེན་དུ་གྱུར་པའི་མི་ཡིན་པས།དེས་ཆས་གོས་ཆ་ལུགས་དང་བྱ་བ་སྒྲུབ་སྟངས་སོགས་ཀུན་གྱི་ཐད་དུ་བྱིས་པས་ལད་ཟློས་བྱེད་པ་དང་།ཕ་མ་དང་དགེ་རྒན་གྱི་བྱ་སྤྱོད་ཀྱིས་དངོས་དང་བརྒྱུད་པའི་སྒོ་ནས་བྱིས་པའི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།དེ་བས་བྱིས་པར་སློབ་གསོ་གཏང་བའི་གོ་རིམ་དུའང་ཁ་ནས་བཤད་པ་ཁོ་ན་ཙམ་གྱིས་མི་ཆོག་པར་ཀུན་སློང་དང་གོམས་གཤིས་སོགས་ཀྱིས་ཀྱང་བྱིས་པར་སློབ་གསོ་ཐེབས་བཞིན་པས།ཕ་མ་དང་དགེ་རྒན་གྱིས་བྱིས་པ་དཔེ་ཀློག་ལ་སྐུལ་བ་དང་དཔེ་ཀློག་བྱེད་པར་གཅུན་པ་ཙམ་གྱིས་མི་འོངས་པར།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་འོས་འཚམ་གྱི་དུས་ཚོད་བཀོད་སྒྲིག་གིས་བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་པ་དང་།དཔེ་ཀློག་བྱས་རྗེས་ཕན་ཚུན་གང་ལ་བལྟས་པའི་དཔེ་ཀློག་གི་ནང་དོན་བཤད་རེས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ཚེ་བྱིས་པས་དཔེ་ཀློག་བྱེད་པར་བོགས་ཐོན་པ་དང་།“འཚོ་བའི་ཁྲོད་དཔེ་ཆ་མེད་ཚེ་ཉི་འོད་མེད་པ་དང་འདྲ་ཞིང་།ཤེས་རིག་གི་ཁྲོད་དཔེ་ཆ་མེད་ཚེ།འདབ་ཆགས་ལ་གཤོག་པ་མེད་པ་དང་འདྲ་བས”ཁྱིམ་དུ་དཔེ་ཆ་བསྒྲིགས་ཏེ།དུས་རྒྱུན་དུ་ཁོམ་སྐབས་བེད་སྤྱད་དེ་བྱིས་པའི་མཐོང་སར་དཔེ་ཀློག་བྱས་ན་བྱིས་པའང་རང་བཞིན་གྱིས་དཔེ་ངོས་ཀྱི་རི་མོ་བཀླགས་པ་ནས་མགོ་བརྩམས་ཏེ་དཔེ་ཀློག་གི་རྒྱ་མཚོར་འཇུག་པར་སྣེ་ཁྲིད་བྱ་ཐུབ།དེ་ལྟར་བྱིས་པ་དཔེ་ཀློག་ཏུ་བཀྲིས་ན་བྱིས་པའི་ཐོས་པ་རྒྱས་ཤིང་རིག་པ་འཕེལ་བར་མ་ཟད།དཔེ་ངོས་ལས་གང་བསྒྲུབ་ལ་ཡིན་མིན་དབྱེ་འབྱེད་ཀྱི་བསམ་བློ་སྨིན་པར་ཕན་ཐོགས་ཆེན་པོ་ཡོད།

གསུམ། ཕན་ཚུན་མྱོང་བ་གླེང་སྟེ་དཔེ་ཀློག་ལམ་དུ་ཞུགས་པ།
        མི་ནི་བརྗེད་ངས་ཀྱི་རང་བཞིན་ཅན་ཞིག་སྟེ།“དཀའ་བས་བསགས་པའི་མང་ཐོས་ནོར་བུ་དེ།བརྗེད་ངས་རྐུན་པོས་དལ་གྱིས་འཇོམ་སླ་བས” གང་བསླབ་པར་བྱས་པ་དྲེད་མོང་གིས་འཕྱི་བ་བཟུང་བའི་རྗེས་སུ་མི་འགྲོ་བར་དྲན་པའི་ཡུལ་དུ་བརྟན་པོར་འདུག་པ་དང་།བསམ་གཞིག་གཏོང་བ་དང་།འཇུག་པར་བྱ་བའི་གནས་ལ་སྤྲོ་བ་འཕེལ་བའི་ཕྱིར་ཕ་མས་བྱིས་པ་དང་མཉམ་དུ་གང་བཀླགས་པའི་དཔེ་དེབ་ཀྱི་ནང་དོན་ཕན་ཚུན་བཤད་རེས་བྱེད་པ་དང་།དགེ་རྒན་གྱིས་སློབ་གསེང་གི་འོས་འཚམ་གྱི་དུས་ཚོད་བཀོད་སྒྲིག་གང་ལེགས་བྱས་ཏེ།སློབ་གྲོགས་རྣམས་ལ་རང་ཉིད་ཀྱིས་གང་ལ་བལྟས་པའི་ནང་དོན་ཕན་ཚུན་བགྲོ་གླེང་བྱེད་པར་བསྐུལ་ཏེ།ཕན་ཚུན་བར་དགའ་བསུ་བྱེད་པ་དང་།དགེ་རྒན་གྱིས་གདེང་འཇོག་དང་བསྟོད་བསྔགས་བྱེད་པ་སོགས་བྱས་ན།ཕྱོགས་གཅིག་ནས་སློབ་མའི་སྣོད་དུ་ཤེས་བྱ་རིག་གནས་གསོག་པར་རྔོ་ཐོགས་པ་དང་།ཕྱོགས་གཅིག་ནས་སློབ་མ་ལྟ་ཀློག་ལ་འཇུག་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་པར་རམ་འདེགས་བྱེད་ནུས་པར་མ་ཟད།བསམ་གཞིག་སྐྱེད་པ་ལ་ནུས་པ་གང་ལེགས་ཐོན་ངེས།དེ་ལྟར་དུས་ཡུན་རིང་པོ་ཞིག་ལ་རྒྱུན་བསྲིངས་ཚེ།དཔེ་ཀློག་བྱེད་པ་རྒྱུན་གོམས་སུ་གྱུར་ནས་དཔེ་ཆ་ཀློག་པ་ནི་བྱིས་པའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཏེ།དཔེ་ཆ་མ་བཀླགས་ན་ལས་དོན་གང་ཞིག་མ་འགྲུབ་པ་ལྟ་བུའི་སྣང་བ་སྐྱེ་བར་འགྱུར་བ་སྟེ།དཔེ་ཀློག་ནི་ལོངས་སྤྱོད་ཅིག་དང་།དཔེ་ཀློག་ལ་མིའི་བློ་སེམས་ལ་བཅོས་བསྒྱུར་བྱེད་པའི་ནུས་པ་ཡོད་པ་ཡིན།

བཞི། སྡོམ།
        དབྱེ་འབྱེད་དང་བསམ་གཞིག་གི་ནུས་པ་སྨིན་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པའི་མི་ཞིག་ཏུ་འགྱུར་བའི་སླད་དུ།བྱིས་པ་ཆུང་དུས་ནས་དཔེ་ཀློག་ལ་བཀྲི་དགོས་པ་དང་།དཔེ་ཀློག་ནི་བྱིས་པའི་འཚོ་བའི་ནང་མེད་མི་རུང་བའི་གོམས་སྲོལ་ཞིག་ཏུ་གྲུབ་པར་ཕ་མ་དང་དགེ་རྒན་གྱིས་བྱིས་པར་མིག་དཔེ་བསྟན་ཏེ་དཔེ་ཀློག་བྱས་ནས་བྱིས་པར་འཚོ་བའི་ཁྲོད་དཔེ་ཀློག་བྱེད་པར་དཀྱུས་སྟོན་དགོས།འདི་ལྟར་ཕ་མ་དང་དགེ་རྒན་གྱི་དཔེ་ཀློག་གི་ཉི་ཟེར་བྱིས་བློ་པདྨའི་སྟེང་འཕྲོས་ཚེ།བྱིས་པའི་དཔེ་ཀློག་གི་སྤྲོ་བའི་འདབ་བརྒྱ་ལྷུག་པོར་གྲོལ་བ་གདོན་མི་ཟའོ། །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1