༄༅།། གསར་འགོད་པའི་དུས་ཆེན་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26


        གསར་འགོད་པའི་དུས་ཆེན་ནི་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྱི་ལོ2000ལོའི་ཟླ་དང་པོའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསར་འགོད་པའི་དུས་ཆེན་གྱི་ཆོག་མཆན་ཐོབ་རྒྱུའི་སྐོར་གྱི་སྙན་ཞུ་ཕུལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཆེད་མཁས་པས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་བློན་ལ་སྙན་ཞུ་ཕུལ་བར། ཀྲུང་དབྱང་གི་དབུ་ཁྲིད་རིམ་པས་ཆོག་མཆན་བཀོད་པ་བརྒྱུད། སྤྱི་ལོ2000ལོའི་ཟླ8པའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གསར་འགོད་པའི་དུས་ཆེན་གཏན་འཁེལ་བྱེད་པའི་སྐོར་གྱི་བཀའ་ཞུ》ཞེས་པའི་ཡིག་ཆ་དངོས་སུ་བཀྲམ་ཞིང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་དབུ་བརྙེས་པའི་ཉིན་མོ་སྟེ་སྤྱི་ཟླ11པའི་ཚེས8ཉིན་ནི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པ་ལྟར། གསར་འགོད་པའི་དུས་ཆེན་ནི་གུང་གསེང་གཏོང་རྒྱུ་མེད་པར་ལས་སྒྲུབ་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་ལ། པེ་ཅིན་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཆགས་པའི་ཀྲུང་གོའི་འཕྲིན་སྦྱོར་སློབ་ཆེན་གྱིས་ལོ་རེའི་སྤྱི་ཟླ11པའི་ཟླ་མགོར་ཀྲུང་གོའི་འཕྲིན་སྦྱོར་སློབ་མའི་གསར་འགོད་པའི་དུས་ཆེན་ཧ་ཅང་རྒྱས་སྤྲོས་ཀྱི་ངང་ནས་བསྒྲུབས་ཤིང་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་དག་སློབ་གླིང་འདིར་འཛོམས་བཞིན་ཡོད། སློབ་གླིང་འདིས་མགོ་བརྩམས་པ་ནས་བཟུང་རྒྱལ་ནང་གི་ས་ཆ་སོ་སོར་གསར་འགོད་པའི་དུས་ཆེན་གཏོང་བཞིན་ཡོད་པ་རེད། །

གསར་འགོད་པ་ནི་ཅི་ཡིན་ནམ།
        དེ་ཡང་གསར་འགོད་པ་ཞེས་པ་དེར་སྒྲ་ཡངས་འཇུག་གི་ཆ་ནས་བཤད་ན། ཆ་འཕྲིན་འཚོལ་བསྡུ་དང་གསར་འགྱུར་འགོད་སྤེལ་གྱི་ལས་ཀ་བྱེད་མཁན་ཚོར་གསར་འགོད་པ་ཟེར་བ་ཡིན། སྒྲ་དོག་འཇུག་གི་ཆ་ནས་བཤད་ན། རྒྱུན་དུ་རྩོམ་སྒྲིག་ཁང་ནང་མ་བསྡད་པར་ཕྱོགས་བཞི་མཚམས་བརྒྱད་དུ་སོང་ནས་གསར་འགྱུར་བཅར་འདྲི་དང་རྩོམ་འབྲིའི་ལས་ལ་གཞོལ་ནས་ལས་སྒྲུབ་མཁར་བ་ཞིག་ལ་ཟེར།

གསར་འགོད་པར་རིགས་དབྱེ་གང་དག་ཡོད།
        གསར་འགོད་པར་ལས་ཀའི་ངོ་བོའི་ཐོག་ནས་དབྱེ་ན། ཡིག་རིགས་གསར་འགོད་པ་དང་། པར་ལེན་གསར་འགོད་པ། རླུང་འཕྲིན་གྱི་གསར་འགོད་པ། བརྙན་འཕྲིན་གྱི་གསར་འགོད་པ་བཅས་བཞི་ཡོད།གསར་འགོད་པར་ནང་དོན་ཐོག་ནས་དབྱེ་ན། ཆབ་སྲིད་ཀྱི་གསར་འགོད་པ་དང་། དམག་དོན་གྱི་གསར་འགོད་པ། དཔལ་འབྱོར་གྱི་གསར་འགོད་པ། རིག་སློབ་ཀྱི་གསར་འགོད་པ། ཚན་རྩལ་གྱི་གསར་འགོད་པ། ལུས་རྩལ་གྱི་གསར་འགོད་པ། ཁྲིམས་ལུགས་ཀྱི་གསར་འགོད་པ་སོགས་ཡོད། གསར་འགོད་པར་ས་གནས་ཀྱི་ཁྱབ་ཁོངས་ཐོག་ནས་དབྱེ་ན། ས་གནས་གསར་འགོད་པ་དང་། ཕྱིར་སྡོད་གསར་འགོད་པ། ཆེད་མངགས་གསར་འགོད་པ་སོགས་ཡོད། ཡང་ན་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་དེང་རབས་ཀྱི་སྨྱན་སྦྱོར་མཉམ་གནས་མཉམ་འདྲེས་བྱེད་པའི་སྐབས་འདིར་གསར་འགོད་པའི་རིགས་གསར་པ་ཁག་ཅིག་ཐོན་ཡོད། དཔེར་ན། སྨྱན་སྦྱོར་གཅིག་ལྕོགས་ཀྱི་གསར་འགོད་པ། དེ་ནི་སྲོལ་རྒྱུན་སྨྱན་སྦྱོར་དང་དེང་རབས་སྨྱན་སྦྱོར་གྱི་ལས་གནས་གཉིས་ཀར་འགྲོ་སྐྱོད་ཐུབ་པའི་གསར་འགྱུར་གྱི་སྨྱན་སྦྱོར་མི་སྣར་ཟེར། སྨྱན་སྦྱོར་མཉམ་གནས་ཀྱི་སྐབས་འདིར་གསར་འགྱུར་བཅར་འདྲི་དང་། རྩོམ་འབྲི། པར་ལེན། ཕབ་ལེན། རྩོམ་སྒྲིག རྩིས་འཁོར་དྲ་བ་བཀོལ་སྤྱོད་མཁས་པའི་གསར་འགྱུར་སྨྱན་སྦྱོར་གྱི་མི་སྣ་དེ་རིགས་དགོས་མཁོ་ཤིན་ཏུ་ཆེ་བར་མཐོང་།
        མཁས་པའི་རང་བཞིན་གྱི་གསར་འགོད་པ། དེ་ནི་སྤྱི་ཚོགས་ཚན་རིག་གི་རིག་གནས་ཤེས་བྱར་མཁས་ཤིང་གསར་འགྱུར་བཅར་འདྲི་དང་རྩོམ་འབྲི། རྩོམ་སྒྲིག་སོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པར་མ་ཟད། དེང་རབས་བརྒྱུད་སྒྲོག་གི་ལག་རྩལ་རྣམས་ལའང་བྱང་ཆ་ངེས་ཅན་ཡོད་པའི་གསར་འགྱུར་གྱི་སྨྱན་སྦྱོར་མི་སྣར་ཟེར། དཔྱད་གཏམ་གསར་འགོད་པ། དེ་ནི་གསར་འགྱུར་བཅར་འདྲི་དང་རྩོམ་འབྲི། དཔྱད་བརྗོད་རྣམས་གདན་ཐོག་གཅིག་ལ་བཞག་སྟེ། སྔོན་ལ་བཅར་འདྲི་གཏིང་ཟབ་བྱེད་པ་དང་། རྗེས་སུ་བགྲོ་གླེང་དཔྱད་པ་བརྗོད་མཁན་གྱི་གསར་འགོད་པ་ལ་ཟེར།
        སྤྱི་དམངས་གསར་འགོད་པ། དེ་ནི་ཆེད་ལས་ཀྱི་གསར་འགོད་པར་བལྟས་ནས་ལག་ཁྱེར་ཁ་པར་གྱི་དུས་རབས་འདིར་མི་ཚོས་ལག་ཁྱེར་ཁ་པར་དང་། སྐད་འཕྲིན་སོགས་སྤྱད་ནས་མི་སོ་སོའི་ཉེ་འགྲམ་དུ་བྱུང་བའི་གནས་ཚུལ་གསར་པ་རྣམས་སྤེལ་མཁན་གྱི་སྤྱི་དམངས་ཡོངས་ལ་ཟེར་བ་ཡིན་མོད། དེ་ནི་གསར་འགོད་པ་ཙམ་ལས་མིང་དོན་མཚུངས་པའི་གསར་འགོད་པ་ཞིག་མིན།

ཅི་ཞིག་ལ་བཅར་འདྲི་ཟེར།
        གསར་འགྱུར་བཅར་འདྲི་རིག་པ་ནི། གསར་འགྱུར་བཅར་འདྲིའི་རིག་ཚན་དེ་ནི་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། གསར་འགྱུར་བཅར་འདྲིའི་ལག་ལེན་གྱི་བརྒྱུད་རིམ་དངོས་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་དང་། གསར་འགྱུར་བཅར་འདྲིའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཀྱང་ཡིན། གསར་འགྱུར་བཅར་འདྲིའི་རིག་པའི་གཞུང་ལུགས་ཀྱི་ཤེས་བྱའི་མ་ལག་ཆ་ཚང་བ་ཞིག་ལེགས་པར་ཤེས་ན། གསར་འགྱུར་བཅར་འདྲིའི་ལག་ལེན་དངོས་ནང་མཛུབ་ཁྲིད་ཀྱི་ནུས་པ་ཐོན་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེས་ན། ཕྱོགས་ཡོངས་ནས་གསར་འགྱུར་བཅར་འདྲིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་མ་ལག་ཅུང་ཆ་ཚང་བའི་སྒོ་ནས་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པར་མ་ཟད། གསར་འགྱུར་བཅར་འདྲིའི་ལག་ལེན་དངོས་ཀྱི་ནང་ཞུགས་རྒྱུར་ཡང་མཐོང་ཆེན་བྱེད་དགོས་པ་དང་། དེ་བཞིན་གསར་འགྱུར་བཅར་འདྲིའི་ལག་ལེན་ཁྲོད་དུ་ཐོན་པའི་གནས་ཚུལ་ཁག་ལ་དུས་ཐོག་ཏུ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ་ཡིན། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1