༄༅།། ཡུན་ནན་དུ་བསྐྱོད་པའི་ཡུལ་སྐོར་རེག་ཟིག
གཏེར་ལུང་དཔལ་ལྡན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26
མིང་དུ་གྲགས་པའི་ཡུལ་སྐོར་ས་ཁུལ་ཞིག་ཡིན་ཚེ། སྙིང་ཉེ་བའི་གྲོགས་པོ་ཞིག་གིས་ཡང་ཡང་ཁྱེད་ལ་མགྲོན་འབོད་བྱེད་པ་དང་འདྲ་བར། བར་ཐག་ཇི་ཙམ་གྱིས་བསྐལ་ཡང་ས་ཆ་དེ་ལ་འགྲོ་འདོད་ཀྱི་འདུན་པ་བཟློག་ཐུབ་ཀྱིན་མེད། 2019ལོའི་ཟླ8པའི་ཚེས15ཉིན་ནས་ང་ཚོ་ལ་སྟབས་ལེགས་སྟེས་དབང་གི་གནང་བ་ཞིག་ཐོབ་སྟེ་གྲོགས་པོ་གཉིས་དང་མཉམ་དུ་ཡུན་ནན་ཞིང་ཆེན་དུ་འགྲོ་བའི་གྲོས་ཁ་བསྡུར། དེ་ནས་འདོད་ཐོག་ལ་རྟ་བརྒྱུགས་ཏེ་ཚེས18ཉིན་གྱི་གནམ་གྲུའི་པ་སེ་དྲ་ཐོག་ནས་ཉོས། རིང་ནས་འགྲོགས་ཤིང་འདྲིས་པའི་གྲོགས་པོ་དགེ་ལེགས་དང་བསམ་འགྲུབ་གཉིས་དང་ལྷན་དུ་ཐོག་མར་ཡུན་ནན་གྱི་ལི་ཅང་དུ་འགྲོ་བའི་གྲོས་ཐག་བཅད། ཚེས17ཉིན་གྱི་དགོང་མོར་ལན་ཀྲོའུ་གནམ་གྲུ་ཐང་ནས་ཞག་འདུག་བྱས་ཤིང་། ཕྱི་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་པར་ཆུ་ཚོད་གཉིས་ཡས་མས་ཀྱི་མཁའ་ལམ་བརྒྱུད་དེ་གྲགས་ཆེ་བའི་ཡུན་ནན་གྱི་ལི་ཅང་ལ་སླེབས་སོང་། མི་མང་པོ་ཞིག་གི་རྣམ་ཤེས་དང་རྨི་ལམ་འཁོར་ས་སྟེ། ལི་ཅང་ནི་ཡང་སྙིང་གང་ནས་མི་འདྲ་འམ། ཡུལ་སྐོར་གྱི་དོན་སྙིང་ཇི་ཞིག་ཡོད་དམ། དྲི་བ་མང་པོ་ཞིག་གིས་རང་སེམས་ལ་དོགས་འདྲི་བྱེད་ཞོར་གླ་གཏོང་རླངས་འཁོར་ལས་ཁ་གཡེང་མིག་གཡེང་བྱས། ཡུལ་སྐོར་ས་ཁྲ་ལྟར་གནའ་བོའི་མཁར་གྲོང་དང་གནའ་བོའི་གྲོང་རྡལ། གངས་རིའི་གཟི་དཔལ་སོགས་སུ་སོང་ན་ཉི་མ་མི་འདང་བ་ཞིག་འདུག དེ་བས་ང་ཚོས་ཐོག་མར་ལི་ཅང་གནའ་གྲོང་བདམས་པ་དང་། ལི་ཅང་གནའ་གྲོང་གི་ཤར་སྒོ་ནས་ནང་ལ་འཛུལ། ཉམས་དགའ་བའི་སྲང་ལམ་དལ་གྱིས་བརྒལ་ན་ཁྱེད་ཀྱིས་ཤག་ཤག་ཏུ་བཞུར་བའི་ཆུ་སྒྲ་གསལ་པོ་ཐོས་ཐུབ་པས།ཁུ་སིམ་མེར་གནས་པའི་གནའ་གྲོང་གི་བབ་ཆགས་དང་ཞི་དུལ་ཚོར་ཐུབ། གཞོགས་གཉིས་ཀྱི་ཁང་པ་ཆེ་ཆུང་གྲལ་ལྟར་བསྒྲིགས་ཤིང་། བསིལ་ཁང་དང་། ཐོག་ཁང་། མེ་ཏོག་ལྡུམ་ར་བཅས་ཀྱིས་ཡིད་ཚིམས་པའི་སྣང་བ་ཞིག་སྟེར་ཡོང་། གནའ་གྲོང་གི་བྱང་སྒོའི་ཉེ་འགྲམ་གྱི་ཆུ་འཁོར་ཆེན་པོ་ནི་གནའ་གྲོང་གི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་ལ།ཡུལ་སྐོར་པ་ལི་ཅང་དུ་ཡོང་སྐབས་ངེས་པར་དུ་དྲན་རྟེན་འདྲ་པར་རྒྱག་དགོས་པའི་ས་ཆ་ཞིག་ཀྱང་ཡིན་པས་ཉིན་ལྟར་འཁྲུག་ཆ་དོད་པོ་འདུག ཡུལ་སྐོར་པ་མང་པོ་ཞིག་གིས་ཀྱང་གནས་འདི་ནི་གནའ་གྲོང་ལ་ལྟ་སྐོར་བྱེད་པའི་མགོ་རྩོམ་སར་བརྩི་བཞིན་འདུག གནས་འདི་ནས་སྣེ་ཤན་པ་ཞིག་གི་རྗེས་ལ་བཙན་འདེད་བྱས་ནས་གནའ་གྲོང་འདིའི་ལོ་རྒྱུས་ལ་གཟབ་ཉན་བྱས། གནའ་གྲོང་འདི་ནི་སུང་རྒྱལ་རབས་ཀྱི་དུས་མཇུག་ཏུ་གསར་སྐྲུན་བྱས་པ་ནས་ད་ལྟའི་བར་ལོ་ངོ800ལྷག་ཙམ་གྱི་ལོ་རྒྱུས་ལྡན། འདི་ནི་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ལ།རི་འགོག་དམག་འཁྲུག་སྐབས་རྔ་རྒོད་མཁའ་ལམ་ཐོག་གི་བར་བརྒྱུད་ས་ཚིགས་གལ་ཆེན་ཞིག་ཀྱང་རེད། 1996ལོའི་ཟླ2པར་ལི་ཅང་ས་ཁུལ་དུ་ཚད་རིམ7.0ཅན་གྱི་ས་ཡོམ་བྱུང་བས་གནའ་གྲོང་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད། སྟབས་ལེགས་པ་ཞིག་ལ་གནའ་བོའི་རྣམ་པ་དང་། ཆུ་རྒྱུད་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་བཅས་སྔར་བཞིན་བསྐྱར་བཞེངས་ཡག་པོ་བྱས་འདུག 1997ལོའི་ཟླ12པར་ལི་ཅང་གནའ་གྲོང་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་དང་།སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ནས་ཡུལ་སྐོར་པ་མང་པོ་ཞིག་ཀྱང་དེ་དང་ཆབས་ཅིག་ཡུལ་སྐོར་དུ་ཡོང་ནས་སྔར་བྱུང་མྱོང་མེད་པའི་མི་ཚོགས་ཀྱི་འདུ་ལོང་རྒྱས་ཡོད་ཟེར། ཏ་ཧྲི་ཟམ་པ་ནི་སྐད་གྲགས་ཤིན་ཏུ་ཆེ། མིང་རྒྱལ་རབས་སྐབས་སུ་བཙུགས་པའི་ཟམ་པ་དེའི་རིང་ཚད་ལ་སྨི10ལྷག་ཙམ་དང་ཞེང་ཚད་ལ་སྨི4ཙམ་ཡོད། གནའ་བོའི་བབ་ཆགས་པའི་རང་གཤིས་ཀྱང་ཉམས་མེད་དུ་གྱུར་ཡོད། ད་ཆ་སྟོད་ན་གངས་རིའི་བརྗིད་ཉམས་ཆེ་ཞིང་། བར་ན་གནའ་བོའི་མཁར་གྲོང་ཆགས། སྨད་ན་གྲོང་མིའི་སྡོད་ཁང་དང་དགོན་པ། ལྗང་མདོག་གིས་སྤྲས་པའི་ཁོར་ཡུག་བཅས་ཕན་ཚུན་བརྒྱན་ཞིང་འདྲེས་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་བཞིན་མཆིས། གནའ་གྲོང་འདི་ལག་མཐིལ་ལྟར་མཐོང་ས་ཞིག་ཏུ་ཞེ་ལ་འབབ་ཅིང་སྐད་ཅོར་མེད་པའི་མགྲོན་ཁང་ཞིག་བཙལ་རྒྱུ་ནི་ལས་སླ་བོ་ཞིག་རེད། ང་ཚོས་མཚན་མོའི་མཛེས་པ་ལ་ཡིད་ཚིམ་པ་ཞིག་རོལ་རྗེས་རང་རང་ས་ནས་ཉིན་རེའི་དགེ་སྦྱོར་འགྲུབ་པར་བྱས་རྗེས་གཉིད་ལ་ཡུར། ཉིན་གཉིས་པར་ཡང་གནའ་མཁར་འདི་ལ་ཞིབ་ཉུལ་ཞིག་བྱས་རྗེས་ཐག་ཉེའི་གླིང་ཀ་དག་ཏུ་འཁྱམ་ཉུལ་བྱས། སྟོད་ཀྱི་གངས་རི་དཀར་པོའི་མཛེས་སྡུག་དེ་རྒྱ་མི་དག་གིས་དབྱར་ཁར་དགུན་གྱི་མཛེས་པར་རོལ་ས་གྲགས་ཅན་ཞིག་ཡིན་འདུག་མོད།ང་ཚོས་གངས་རི་ཆ་ཡོད་ཅིག་ལ་ཆ་མེད་ཀྱི་ཨ་གསར་བྱེད་དགོས་དོན་མེད།
ལི་ཅང་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡས་མས་སུ་འཕུར་རྗེས་ཞི་ཧྲོང་པན་ནར་འབྱོར། ཐོན་དུས་ཉིན་གུང་ལ་འཁེལ་བས་གནམ་གྲུ་ལས་བབས་མ་ཐག་མགྲོན་པོ་རྣམས་ཀྱིས་ཚ་བ་མ་ཐེག་པར་ཆར་ནང་ལ་ལྷུང་བ་ལྟར་མགོ་ལ་ཅི་ཞིག་འགེབ་ཀྱིན་གྲིབ་མའི་ནང་ལ་འབྲོ་བཞིན་བརྒྱུགས། ངས་གྲོགས་པོ་གཉིས་ལ་ང་ཚོས་དགུན་ཁར་ཤག་ཁང་དུ་རྡོ་སོལ་བུས་ཀྱང་འདི་འདྲའི་དྲོད་ཅིག་མེད་ཅེས་ཀུ་རེ་རྩེད་བཞིན་ཁོང་ཚོའི་རྗེས་འབྲངས་ནས་གླ་གཏོང་ས་ཚིགས་སུ་སོང་། གླ་གཏོང་ལ་སྒོར་བརྒྱད་ཅུ་སྤྲད་ནས་གནམ་གྲུ་ཐང་ནས་ཅིང་ཧུང་གྲོང་ཁྱེར་ནང་བསྙེགས། རླངས་འཁོར་ལས་ང་ཚོའི་མཐོང་ལམ་དུ་མངོན་པ་ནི་ཀྲུང་གོ་ཡོངས་ནས་ཆེས་མཛེས་པར་བརྩི་བའི་ཞི་ཧྲོང་པན་ནའི་མཛེས་ལྗོངས་ས་ཁུལ་རེད། གནས་འདིའི་དྭངས་གཙང་གི་མཁའ་དབུགས་དང་། ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩི་ཤིང་གི་སྨན་ལྗོངས། སྣ་མང་གི་མི་རིགས་རིག་གནས། ཏའེ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དེ་བཞིན་རབ་ཏུ་ཚ་བའི་ཉི་འོད་བཅས་ཀྱིས་གནས་འདིར་ཡུལ་སྐོར་བྱས་མྱོང་བ་དག་ལ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད་ངེས། ཡུལ་སྐོར་གྱི་རྣམ་པ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།ཡུལ་སྐོར་བྱེད་སའི་རྣམ་གྲངས་ཀྱང་ཇེ་མང་དུ་གྱུར་ཡོད་ཅེས་གླ་གཏོང་ཁ་ལོ་བས་བཤད། མཐའ་མཚམས་ཡུལ་སྐོར་དང་ཇ་རིའི་ཡུལ་སྐོར་སོགས་གསར་དུ་དར་བའི་ཡུལ་སྐོར་བྱེད་སྟངས་འཕེལ་རྒྱས་སུ་ཕྱིན་ནས་ཞི་ཧྲོང་པན་ན་ལ་སྔོན་ཆད་བྱུང་མ་མྱོང་བའི་སྐྱེ་སྟོབས་ཀྱི་གཟི་བྱིན་གསར་པ་བསྣན་འདུག ང་ཚོ་ཁ་ལོ་པས་ངོ་སྤྲོད་བྱས་པ་ལྟར་ཆེས་མཛེས་པའི་མགྲོན་ཁང་ཞིག་ཏུ་བསྡད་ལ། ཁང་གླ་མཐོན་པོ་མེད་པ་དང་ཟ་མ་ཡང་རིན་གོང་བདེ་བ་བཅས་ཀྱིས་གྲོགས་པོ་ཞིག་གིས་སྒོར་མོའི་ཐད་ནས་གྲྭ་རྐྱང་ང་ལ་སེམས་གསོ་བྱས་པ་ཡང་དྲན་སོས་པར་གྱུར། ས་ཁུལ་འདིའི་ཅིང་ཧུང་གྲོང་ཁྱེར་ཞེས་པ་ནི་ཏའེ་སྐད་ཀྱི“སྐྱ་རེངས་ཀྱི་གྲོང་ཁྱེར”ཞེས་པ་དེ་ཡིན་ཞིང་། མཉན་ན་ཧ་ཅང་འཆར་ཡན་ལྡན་པ་ཞིག་རེད།
རྫ་ཆུ་དལ་གྱིས་ཞི་ཧྲོང་པན་ནར་འབབ་ཀྱིན་ཡོད། གཙང་པོ་ཡུལ་གཅིག་ནས་རྒྱལ་ཁབ་མང་པོ་བརྒྱུད་དེ་འགྲོ།མོན་དང་ཧན་ཁྲའོ་ནས་ལྷོ་མར་དམག་རྒྱག་གི་ཡོད་པས།ཡུལ་གཅིག་གི་ཐོག་ནས་ལོ་སི་དང་འབར་མའི་ས་ཆར་བསྐྱོད་ཆོག་གིན་ཡོད། རྒྱ་མི་གྲོགས་པོ་ཞིག་གིས་ད་ནི་ཁྱེད་ཚོ་ཅིང་ཧུང་ལ་སླེབས་པར་དགའ་སོང་། ས་འདིའི་ཐུན་མིན་གྱི་ཟས་རིགས་ཞིམ།རྩྭ་དང་ཉ་སྲེག་མ། སྐྱུར་སེ། ཤ། སྐྱུར་བྱ། སའེ་ཕི། ཆུ་ཤིང་གི་ལོ་མ་སྣ་ཚོགས་སོགས་ནི་ཤོར་དུ་མི་རུང་བའི་ཏའེ་རིགས་ཀྱི་བྲོ་བ་ཡིན་ཟེར། ང་དགོད་ཙམ་བྱས་རྗེས་ཡ་ལན་བཏབ་པ་ཡིན། དེ་ནི་ང་ལ་མཚོན་ན་ཕལ་ཆེར་ཡི་ག་ལོག་པའི་ཟས་རིགས་དག་རེད། ང་རང་ཟས་རིགས་ལ་ཁྱད་པར་ཆེན་པོ་མེད་པས་ཟས་ཀྱི་སྟེང་ནས་སྒོར་མོ་ལ་གྲོན་ཆུང་བྱེད་ཐུབ། ཅིང་ཧུང་གྲོང་ཁྱེར་གྱི་མཚན་མོར་དལ་གྱིས་ཁམས་གསེང་ཞིག་བྱས་ན་མིང་མི་ཐོགས་པའི་ཚ་ཁུལ་གྱི་རྩི་ཤིང་སྣ་ཚོགས་ཀྱིས་ཅིང་ཧུང་གྲོང་གི་ཁྲོམ་ལམ་ཆེ་ཆུང་དང་། རྩེ་མོ་ནང་ལ་གུག་པའི་བཟོ་སྐྲུན་དེ་སྔོ་ལྗང་མེ་ཏོག་ཁྲོད་སྦས་འདུག ལ་ལས་ཏའེ་རིགས་ཀྱི་སྲོལ་རྒྱུན་བཟོ་དབྱིབས་རྒྱུན་འཛིན་བྱས་ཡོད་ལ། ལ་ལས་ཡ་གླིང་ཤར་ལྷོའི་ཉམས་འགྱུར་མངོན་གྱིན་ཡོད། གླང་ཆེན་དང་རྨ་བྱའི་དབྱིབས་ཡིན་པའི་གྲོང་ཁྱེར་གྱི་འཇིམ་བརྐོས་ག་ས་གང་དུ་མཐོང་རྒྱུ་ཡོད་ལ།གྲོང་ཁྱེར་གྱི་འཛུགས་སྐྲུན་ཁྲོད་དུའང་མང་པོ་འདྲེས་ཡོད། ལམ་དུ་དལ་གྱིས་བསྐྱོད་མཁན་དག་གི་ཁྲོད་དུ་ས་གནས་དེ་གའི་ཏའེ་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་མཁན་མང་ལ། འབར་མ་དང་ལོ་སི། ཐེ་ལན་སོགས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་ཚོང་པ་ཡང་འདུག ཡུལ་སྐོར་པ་མང་པོ་ཞིག་བསམ་བཞིན་རྐང་བགྲོད་བྱས་ཏེ་གྲོང་ཁྱེར་གྱི་མཛེས་ལྗོངས་དང་སེམས་པ་མཉམ་འདྲེས་བྱས་ནས་རང་སེམས་ལ་ཕ་ཡུལ་ལྟ་བུའི་བདེ་སྣང་གསར་པ་རེ་སྟེར་གྱིན་མཆིས། །