ལི་ཁེ་ཆིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཞིབ་འཇུག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-28



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11པའི་ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཞིབ་འཇུག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཆུ་ཚད་མཐོན་པོས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐུལ་འདེད་ཁྲོད་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས་ཞེས་ནན་གྱིས་བསྟན། ཧན་ཀྲིན་ཚོགས་འདུར་ཞུགས་ཡོད།


        ཟླ་11ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”བཟོ་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས་ཡོད་པ་རེད།

        ཚོགས་འདུའི་ཐོག་འཕེལ་སྒྱུར་ཨུ་ལྷན་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་དང་དེ་བཞིན་རྗེས་ཕྱོགས་ཀྱི་བྱ་བའི་བསམ་འཆར་སྙན་སེང་ཞུས་པ་རེད། ལི་ཁེ་ཆིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་བ”འཆར་འགོད་ལག་བསྟར་བྱས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཧུར་ཐག་རང་འགུལ་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱི་རྒྱལ་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། དཔལ་འབྱོར་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་བྱེད་པ། གྲུབ་ཆ་ལེགས་སྒྲིག་དང་། དབུལ་ཐར་འགག་སྒྲོལ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཚང་མར་འཕེལ་རིམ་གསར་པ་ཐོན་ཡོད་ལ། འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་བ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་རྗེས་མཐུད་ལག་བསྟར་ལས་དོན་ནན་ཏན་གྱིས་བསྒྲུབས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ལ་དེ་བས་ལེགས་པའི་རྨང་གཞི་འདིང་དགོས།

        ལི་ཁེ་ཆིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”་རིང་། ཕྱི་ཕྱོགས་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་དང་འགྲན་སློང་དེ་བས་མང་ལ། རང་རྒྱལ་འདི་ཉིད་འཕེལ་རྒྱས་འགྲོ་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་སྒྱུར་བཅོས་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་དེ་བས་མང་བ་བྱེད་ཀྱི་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཡག་པོ་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ལ་དཔྱད་གཅོད་ཡང་དག་བྱེད་པ། དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་གསལ་པོ་བྱེད་དགོས་ཤིང་། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ལ་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལ་བརྩི་སྲུང་། ཕུགས་འདུན་ཡོད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་དང་། ལས་ཀའི་རིགས་ལམ་དང་གཙོ་གནད་བཏོན་ནས་སྤྱི་ཚོགས་གོང་འོག་གཅིག་མཐུན་གྱིས་འབད་བརྩོན་དང་རེ་འདོད་ཡོད་པར་འབད་པ་བྱེད་དགོས།  


        ལི་ཁེ་ཆིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཇུས་འགོད་ནན་ཏན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་ཐབས་སོགས་ལ་དམིགས་ནས་སྲིད་ཇུས་གལ་ཆེན་ཁག་ཅིག་ཞིབ་འཇུག་དང་གསར་འདོན་བྱེད་དགོས། ནང་ཁུལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་དམིགས་ཏེ་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་ཁག་གཅིག་ཞིབ་འཇུག་བྱས་ནས་གསར་འདོན་བྱེད་དགོས་པ་དང་ལྷག་པར་དུ་སྲིད་གཞུང་དང་ཁྲོམ་ར། སྲིད་གཞུང་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་རེ་བ་ལྟར། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་ཐད་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱེད་དགོས། ཞན་ཆ་གསབ་པ་དང་། རིམ་སྤོར་ལ་སྐུལ་འདེད། སྒུལ་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ལ་དམིགས་ཏེ། ལས་གྲྭ་དང་རྣམ་གྲངས་གལ་ཆེན་ཁག་ཅིག་ཞིབ་འཇུག་གསར་འདོན་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱེད་པར་སྔར་བས་དོ་སྣང་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
        ལི་ཁེ་ཆིང་གིས་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ། བློ་རྩེ་གཅིག་སྒྲིལ་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི《གཞི་རྩའི་རིག་ལམ》སྒྲིག་འཛུགས་ཞིབ་ཚགས་དང་འཆར་ཟིན་འགོད་རྒྱུར་དམ་འཛིན་བྱས་ཐོག་ཆེད་དོན་ཞིབ་འཇུག་གལ་ཆེན་སྒྲིག་འཛུགས་བྱས་ནས་ཕྱོགས་ཁག་དང་ཆེད་མཁས་པའི་བསམ་འཆར་བསྡུ་ལེན་དང་ཇུས་ཤུགས་མཉམ་འདོན་གྱིས་འཆར་འགོད་ཀྱི《རྩ་གནད་སྒྲོམ་གཞིའི》འཆར་འགོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
        སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ལིའུ་ཧོ། ཝེ་ཧྥེང་ཧོ། ཝང་ཡུང་། ཞའོ་ཅེ། པ་ཐུར། ཧོ་ལི་ཧྥེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1