ལྕང་ཞབས་པ་འགྱུར་མེད་ཚེ་དབང་།
གནའ་དཔེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞི་ཨང་དང་པོ་དེ་ཡིན།
མ་གཞིར་མིའི་རིགས་ལ་སྲོག་ཆགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཤེས་རབ་ཁྱད་པར་ཅན་ཞིག་ཡོད་པ་རེད། ཤེས་རབ་ཁྱད་པར་ཅན་ཡོད་མཁན་དེ་ལ་མཐོ་རིམ་སྲོག་ཆགས་ཟེར་བཞིན་ཡོད། ཁྱད་པར་དུ་དུས་རབས་ཉེར་གཅིག་པ་ནི་ཤེས་རབ་ཀྱི་དུས་རབས་ཡིན་ལ། དེ་ལྟར་ན་ཤེས་རབ་ཀྱི་ཉིང་བཅུད་ཡོད་ས་ནི་གནའ་དཔེ་འདི་དག་ཡིན་ལ། གནའ་དཔེ་ནི་མི་རབས་ནས་མི་རབས་ཀྱི་རིག་གནས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། དཔལ་ཡོན་རིག་གནས་ཐམས་ཅད་གཞི་གཅིག་ཏུ་སྤུངས་ས་དེ་ཡིན་ལ། དཔེར་ན། ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ལ་མཚོན་ནས་བཤད་ན། ལོ་རྒྱུས་ཁུངས་དག་དང་མི་དག གསལ་དང་མི་གསལ། བདེན་དང་རྫུན་ཐག་བཅད་བཟོ་བྱེད་དེ་གནའ་དཔེ་དང་གནའ་རྫས་ལ་བལྟ་དགོས་པ་ཞིག་ཡིན། གཞི་བཅོལ་སའི་གནའ་དཔེ་དང་གནའ་རྫས་ཚད་ལྡན་ཞིག་ཡོད་ན་བསླུ་མེད་བསྙོན་མེད་ཡིན་པས་ཁས་ལེན་དགོས་པ་ཞིག་ཡིན། དཔེར་ན་དེང་སང་ཏུང་ཧོང་གི་ཡིག་རྙིང་ལ་མཐོང་ཆེན་བྱེད་པའི་ཚུལ་ཡང་། དགེ་འདུན་ཆོས་འཕེལ་གྱིས། ལོ་ངོ་སྟོང་ཕྲག་ལ་ས་འོག་ཏུ་ཉལ་བའི་ཡིག་རྙིང་རྒན་པོ་དེ་དག་ལ་ཡིད་རྟོན་མ་བྱས་ན། ཡིད་རྟོན་བྱེད་ས་རྙེད་དཀའ་བའི་ཚུལ་གསུངས་པ་བཞིན་ནོ། །
དེ་བཞིན་མཁས་དབང་དགེ་ཆོས་ཀྱིས། འགོས་ལོས་ཡིག་དུམ་ཤོག་འཁྱར་ཞིག་ལའང་གཙིགས་སུ་འཛིན་ཚུལ་ལུང་དྲངས་ནས་གསུངས་པ་དང་། དེ་འདྲའི་ཡིག་རྙིང་གནའ་དཔེ་ལ་གཙིགས་སུ་འཛིན་དགོས་པ་དང་། འཛིན་འོས་པ་ནི། དངོས་པོའི་གཤིས་ལ་གྲུབ་པའི་བདེན་དོན་དང་། རིན་ཐང་ཞིག་རེད། གལ་ཏེ་མི་ཡི་རིགས་ཀྱི་འཕེལ་རིམ་དང་། འགྱུར་བ། ཡུལ་སྲོལ་སོགས་ཆ་ཚང་དེ་ཡིག་རྙིང་རྒན་པོས་ཁ་གྲགས་ཐུབ་ན། དེ་ལས་ཀྱང་བདེན་པའི་ལོ་རྒྱུས་ཤིག་མེད་ངེས་རེད་ཅེས་ཐག་བཅད་ཆོག ད་ལྟ་ང་ཚོ་ལ་དེ་འདྲའི་ཡིག་ཆ་མེད་པས། ལོ་རྒྱུས་ལ་ཞིབ་འཇུག་དང་། ཚོད་ལྟ་སོགས་འདི་ཡིན་འདི་མིན་མང་པོ་ཞིག་སྤྱོད་དགོས་ཐུག་པ་རེད། དཔེར་ན་ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པ་སླེབས་དུས་སུ་ཤེས་ཆེན་མཁས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དག་ལ་ཆེས་དཀའ་ཁག་ཆེ་བ་དེ། མི་ཡི་རིགས་ཀྱི་འགྱུར་བ་དང་། ང་ཚོ་དང་པོ་འོང་སའི་ཁུངས་དང་། བར་དུ་འཕེལ་རྒྱས་ཇི་ལྟར་ཕྱིན་པའི་འགྱུར་བ་འདི་དག་གི་གསང་བ་དེ་གསལ་པོར་བཟོ་ཐུབ་མཁན་མེད་ལ། ཚོད་ཚོད་ཙམ་གྱིས་ཞིབ་འཇུག་ཅི་ཙམ་བྱས་རུང་། ཡིད་རྟོན་འཕེར་ཐུབ་པའི་གསལ་ཆ་ཅན་ཞིག་ད་དུང་ཐོན་མེད་པ་འདི་ཡིན། ངོ་མ་བཤད་ན་གལ་ཏེ་ང་ཚོ་ལ་གདོད་མའི་སྤྱི་ཚོགས་དུས་ཀྱི་ཡིག་ཚགས་ཤིག་ཡོད་རྒྱུ་ན། གསང་བའི་གནད་དོན་མང་པོ་ཞིག་རང་གྲོལ་དུ་གྱུར་ཞིང་། གལ་ཆེན་དོན་ཆེན་ཞིག་ཐག་ཆོད་པ་མ་ཡིན་ནམ། འདི་དག་ལ་བསམ་ནའང་གནའ་དཔེ་དེས་རིན་ཐང་དེ་ཤུགས་ཀྱིས་གོ་ཐུབ་པ་འདུག
གནའ་དཔེ་ནི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་ཡིན།
ང་ཚོའི་དེ་རིང་གི་མི་ཡི་རིགས་ཀྱི་འཕེལ་རྒྱས་འདི་གནམ་ནས་རྡོ་ལྷུང་པ་བཞིན་བྱུང་བ་མ་ཡིན་ལ། སྤང་ནས་ཤ་མོང་སྐྱེ་བ་བཞིན་གློ་བུར་དུ་བྱུང་བ་མ་ཡིན་པ། མི་རབས་ནས་མི་རབས། དུས་རབས་ནས་དུས་རབས། ལོ་དང་ཟླ་བ་རེ་བཞིན། མི་ཡི་རིགས་ཀྱི་འབྲེལ་བ་སྣ་ཚོགས་དང་། གདོང་ཐུག་སྣ་ཚོགས། དགོས་མཁོ་སྣ་ཚོགས་ལ་གཞིགས་ནས་རིམ་པ་བཞིན་ཤེས་རིག་དར་བ་དང་། ཤེས་རིག་དེ་དག་གིས་མི་ཡི་རིགས་ཀྱི་དགོས་མཁོ་དང་རེ་བ་བསྐང་ཞིང་ཕན་འབྲས་བླ་མེད་ཅིག་སྟེར་ཡོད་པ་ཡང་ང་ཚོས་ཤེས་གསལ་ལྟར་རེད། དེང་སང་དུས་རབས་ཉེར་གཅིག་པར་སླེབས་པའི་དུས་འདི་ན་ཡང་། སྲོལ་རྒྱུན་རིག་གནས་འདི་དག་མེད་དུ་མི་རུང་བ་དང་མེད་ན་ཐབས་ཆག་ཅིག་ཏུ་གྱུར་ཡོད། དཔེར་ན་སྲོལ་རྒྱུན་རིག་གནས་ནང་དུ་བྱམས་པ་དང་། སྙིང་རྗེ། ལྷག་བསམ། དེ་བཞིན་ཀུན་སྤྱོད་སློབ་གསོ། ཆེ་བཀུར་ཆུང་སྐྱོང་། རྒན་རབས་པ་ལ་ཞབས་ཕྱི་ཞུ་ལུགས་ཚུན་ཆད་གྲངས་བགྲང་མི་ཚར་བའི་རིག་གནས་རིན་ཐང་ཅན་མང་པོ་ཡོད། དེ་ཡང་རྒྱ་ནག་ལ་བཤད་ན། གནའ་ཡིག་རུས་སྐོགས་ཐོག་གི་ཡི་གེ་ཚུན་ཆད་དང་། དེ་ནས་རིམ་བཞིན་དར་བའི་དུས་རབས་རིམ་བརྒྱུད་ཀྱི་སྲོལ་རྒྱུན་རིག་གནས་ཁུང་ཙི་དང་། མོང་ཙི་སོགས་ཀྱི་རིག་གནས་དག་དང་། བོད་ལ་བཤད་ན། རྡོ་ལེབ་ངོས་ཀྱི་ཡི་གེ་དང་། ཁྲམ་ཤིང་ཐོག་གི་ཡི་གེ། གནའ་རབས་སྲིད་པ་ཆགས་གླུ་དང་། ཆབ་སྲིད་སྐྱོང་སྐབས་ཀྱི་གླུ་ཚིག་དང་། སྐབས་དེའི་ལོ་རྒྱུས། མགུར་གླུ། སྒྲུང་ལྡེའུ་བོན་གསུམ་ནས། ཏུངཧོང་ཡིག་རྙིང་། ད་དུང་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་སོགས་སྲོལ་རྒྱུན་རིག་གནས་མཐའ་དག་གནའ་དཔེ་རྒྱུན་འཛིན་ལས་བྱུང་བ་ཡིན་ལ། རིག་གནས་འདི་དག་གིས་གནའ་རབས་ཀྱི་མི་ཡི་སྤྱི་ཚོགས་ལ་ནུས་པ་ཐོན་པར་མ་ཟད། རང་ཡུལ་དུ་དེང་གི་སྤྱི་ཚོགས་ལའང་ནུས་པ་ཐོན་པའི་ཚུལ་དང་། སློབ་སྦྱོང་བྱེད་བཞིན་ཡོད་པར་མ་ཟད། ཕྱི་གླིང་རྣམས་སུ་ཡང་ཁྱབ་སྤེལ་བྱེད་བཞིན་ཡོད། ང་ཚོས་གང་ལྟར་ན། གནའ་ནས་རྩམ་པ་ཟོས་ལ། ད་ལྟའང་རྩམ་པ་ཟ་བཞིན་ཡོད། གནའ་ནས་འབྲས་ཟ་བཞིན་ཡོད་ལ། ད་ལྟའང་འབྲས་ཟ་བཞིན་ཡོད། དཔེ་དེ་བཞིན་དུ་དུས་རབས་ཉེར་གཅིག་པ་ལ་སླེབས་པའི་མི་རབས་འདིས་ཀྱང་སྲོལ་རྒྱུན་རིག་གནས་དང་ཁ་འབྲལ་ཐབས་མེད་པ་ཤེས་དགོས། མིའི་རིགས་ཡོད་པ་བཟུང་འགྱུར་ལྡོག་གནམ་ས་ལྟ་བུ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང། དུས་རབས་ཉེར་གཅིག་པ་ལ་སླེབས་དུས་སུའང་། སྤྱི་ཚོགས་བསམ་པའི་དཔལ་ཡོན་ཅན་དུ་བསྒྱུར་བ་ལ་མེད་དུ་མི་རུང་བ་ནི། གནའ་དཔེ་ལས་བྱུང་བའི་ཤེས་རབ་ཀྱི་ཉིང་བཅུད་འདི་དག་ཡིན་ལ། མ་ཧཱ་གན་དྷི་ཡིས། སྔོན་དུས་སྲོལ་རྒྱུན་རིག་གནས་འདི་དེང་རབས་རིག་གནས་ལས་ཀྱང་གལ་ཆེན་མཛད་པའི་ལོ་རྒྱུས་ཡོད་ལ། དེའི་རྒྱུ་མཚན་ཡང་། གནའ་དཔེ་རིག་གནས་སམ་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་བསམ་པའི་དཔལ་ཡོན་ཏེ། ཆེ་བཀུར་ཆུང་སྐྱོང་། འཆམ་མཐུན་དང་ཞི་བདེ། ལྷག་བསམ་དང་ཡ་རབས་ཀྱི་ལས་ལ་འཇུག་ཐབས་དང་། འཇུག་པར་བསྐུལ་བའི་བྱེད་ནུས་ཁྱད་པར་ཅན་ཡོད་པའི་ཚུལ་ལ་ཐུགས་བསམ་བཞེས། ཁྱད་པར་དུ་དུས་རབས་ཉེར་གཅིག་པར་འགྲན་སེམས་རབ་ཏུ་ཆེ་ཞིང་། མི་སྣ་ཕན་ཚུན་བར་དུ་ཡིད་ཆེས་ཇེ་ཞན་གྱུར་པའི་དུས་འདིར་སྲོལ་རྒྱུན་རིག་གནས་དགོས་མཁོ་ཆེ་བའང་མངོན་གསལ་དོད་པོ་རེད། དེར་བརྟེན་རྒྱལ་ཁབ་མང་པོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་སུ་སྲོལ་རྒྱུན་རིག་གནས་ལ་འབད་པ་ཆེར་བསྐྱོད་བྱེད་པའི་ལོ་རྒྱུས་ཡོད། སྲོལ་རྒྱུན་རིག་གནས་འདི་དག་མི་ཡི་རིགས་ཀྱི་འཇིག་རྟེན་ལེགས་པར་བསྐྲུན་པའི་ནུས་པ་ཁྱད་པར་ཅན་ཡོད་པར་མ་ཟད། དེང་དུས་དུས་རབས་ཅན་གྱི་སྤྱི་ཚོགས་སུ་དེ་ལས་ཀྱང་གནའ་དཔེ་རིག་གནས་སམ་སྲོལ་རྒྱུན་རིག་གནས་དགོས་མཁོ་ཆེ་བ་ཞིག་མཐོང་གི་འདུག དཔེར་ན། དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་པཎྜི་ཏ་ར་ཧུ་ལ་ལྟ་བ་གསར་པ་ཅན་གྱི་རབ་དང་ཕུལ་དུ་གྱུར་པ་དེ་ཡང་བོད་དབུས་གཙང་ཁུལ་དུ། དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས། ལམ་འཕྲང་དང་རྫ་འཕྲང་། འགག་དོགས་མོ། ལ་དང་ལུང་པ་མང་པོ་བརྒལ་ནས། གནའ་དཔེ་བསྡུ་སྒྲིག་བྱས་པའི་ལོ་རྒྱུས་ལ་བལྟས་ན། གནའ་དཔེ་གྱི་གལ་ཆེན་རང་བཞིན་དེ་ཤེས་ཐུབ། སྤྱི་ཁྱབ་ཧྲུའུ་ཅིན་ཞི་ཅིན་ཕིང་གིས། གལ་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དོར་སོང་ན། མི་རིགས་ཀྱི་སེམས་ཤུགས་སྲོག་རྩ་དེ་ཉམས་པ་ཡིན་ཞེས་གསུངས། དེ་ལྟར་ན་གནའ་དཔེ་ནི་སྲོལ་རྒྱུན་རིག་གནས་ཀྱི་གཞི་དང་རྟེན་དུ་གྱུར་ནས་ཡོད་པས། གནའ་དཔེ་ཇི་སྲིད་གནས་པ་དེ་སྲིད་དུ་སྲོལ་རྒྱུན་རིག་གནས་དག་ཀྱང་གནས་པ་ཡིན།
གནའ་དཔེ་དང་དམངས་ཁྲོད་རིག་གནས་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན།
དམངས་ཁྲོད་རིག་གནས། 1.མི་རིགས་དང་མི་དམངས་རང་བཞིན། 2.ཐུན་མོང་རང་བཞིན། 3.ངག་ཐོག་རང་བཞིན། 4.གཞན་འགྱུར་རང་བཞིན། 5.བརྒྱུད་སྤེལ་རང་བཞིན། 6.ཡུན་རིང་རང་བཞིན། ཁྱད་ཆོས་དྲུག་ལྡན་གྱི་དམངས་ཁྲོད་རིག་གནས་དང་གནའ་དཔེ་གཉིས་ཀྱི་འབྲེལ་བ་ནི་མགོ་སྨྲོས་ཙམ་གྱིས་ཟུར་བལྟས་ལེབ་མཐོང་ཡོང་གི་ཡོད། དམངས་ཁྲོད་རིག་གནས་ནི། ཡུལ་སྲོལ་གོམས་གཤིས། ཞིང་འབྲོག་གི་ལས་རིགས་སྣ་ཚོགས། ལག་ཤེས་ཀྱི་འཚོ་ཐབས་མི་འདྲ་བ། རོལ་རྩེད་འདྲ་མིན། ངག་རྒྱུན་དང་གཏམ་རྒྱུད་སོགས་སྣ་མང་ཅན་གྱི་རིག་གནས་ཤིག་ཡིན། རིག་གནས་འདི་དག་དང་གནའ་དཔེ་གཉིས་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ལ། གལ་ཏེ་ང་ཚོས་དམངས་ཁྲོད་རིག་གནས་འདི་དག་འཚོལ་ཉུལ་བྱེད་
དགོས་ན་གནའ་དཔེ་དང་གནའ་གཏམ། ངག་རྒྱུན་དང་གཏམ་རྒྱུད་ཁྲོད་ནས་བཙལ་དགོས་པ་ལས་གཞན་པའི་ཐབས་མེད། དེར་བརྟེན་མཁས་པ་མང་པོས་དམངས་ཁྲོད་རིག་གནས་ནི་བསམ་བློའི་རྒྱགས་ཕྱེ་ཡིན་ཞེས་དོན་ལ་གནས་པའི་གདེང་འཇོག་མཛད་ཡོད། ནམ་མཁའ་ལ་འཕུར་བའི་བྱ་ཞིག་ཡིན་ནའང་བརྟེན་ས་ས་གཞི་ཆེན་པོ་འདི་ཡིན་པ་བཞིན། ཤེས་ཆེན་མཁས་ཆེན་ཆེད་མཁས་པ་གང་ཞིག་ཡིན་རུང་། དམངས་ཁྲོད་རིག་གནས་དང་མ་འབྲེལ་བ་ཞིག་མེད། དཔེར་ན་དེང་རབས་ཀྱི་ཆེད་མཁས་པ་ཞིག་གིས་སྐབས་སྐབས་སུ་སྤྲོ་སྣང་གིས་གླུ་ཞིག་ལེན་པ་ཚུན་ཆད་དེ་དམངས་ཁྲོད་རིག་གནས་ཡིན་ལ། དེ་བཞིན་དུ་བྲོ་བརྡུང་བ་དང་། སྒྲུང་བཤད་པ་ཚུན་ཆད་ཀྱིས་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་དང་སེམས་ཁ་སྐོང་བྱེད་ཀྱི་ཐབས་མཆོག་ཅིག་ཡིན། དཔེར་ན། མར་ཁེ་སིས་ཞི་ལའི་ལྷ་སྒྲུང་ནི་ཞི་ལའི་སྒྱུ་རྩལ་གྱི་བང་མཛོད་ཡིན་པ་མ་ཟད། ཞི་ལའི་སྒྱུ་རྩལ་གྱི་གཤིན་ས་ཞིག་ཡིན་ཞེས་པ་དང་། དེ་བཞིན་ཀོ་ཨེན་ཅི་ཡང་ཆུང་དུས་ནས་དམངས་ཁྲོད་རྩོམ་རིག་ལ་འབྲེལ་བ་བྱུང་ཞིང་། དེ་ཉིད་རང་གི་རྩོམ་ཆོས་སུ་འདྲེས་སུ་བཅུག་ཡོད་པར་བཤད། དགེའོ། །
◆ རྩོམ་པ་པོ་ངོ་སྤྲོད། ལྕང་ཞབས་པ་འགྱུར་མེད་ཚེ་དབང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།