ཞོགས་པའི་ཉི་འོད་སྤུ་ཤོད་གྲོང་ཚོར་འཕྲོས་པ་དང་བསྟུན་ནས་བྱ་ས་སྤོས་བཟོ་གྲྭ་ནས་སྤོས་ཀྱི་དྲི་བསུང་གང་སར་འཐུལ་ཞིང་། གནམ་གང་ཚེ་དབང་གིས་འཕྲུལ་འཁོར་ལ་ཞིབ་བཤེར་དང་མ་བཅོས་རྒྱུ་ཆའི་བསྡུར་ཚད་གཅིག་པ་ཡིན་མིན་བལྟས་པ་མ་ཟད། བཟོ་གྲྭའི་ཁོ་ར་ཁོར་ཡུག་ཀུན་ཏུ་གཙང་སྦྲ་ལེགས་པར་བྱས།
2013ལོར་གནམ་གང་ཚེ་དབང་སུའུ་ཀྲོའུ་ནས་སློབ་གྲྭ་ཐོན་རྗེས་ཆབ་མདོར་ལོག་ནས་ལས་ཀ་མང་པོ་ཞིག་བྱེད་མྱོང་མོད། མཐར་ཁོང་གིས་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སྤུ་ཤོད་གྲོང་ཚོར་ལོག་ནས་སྤོས་བཟོ་འགོ་བརྩམས།
“ཆུང་དུས་སྤོ་བོ་ལགས་ཀྱིས་སྤོས་བཟོས་པ་མཐོང་མྱོང་། ཕྱིས་སུ་ཁྱིམ་གྱི་འཁོས་ཀ་ཞན་པས། པཱ་ལགས་ཀྱིས་སྤོས་བཟོའི་ལག་རྩལ་རྒྱུན་འཛིན་གནང་མེད”ཅེས་གནམ་གང་ཚེ་དབང་གིས་ཤོད་ཀྱི་འདུག་ལ། སྤོ་བོ་ལགས་ཀྱིས་སྤོས་བཟོ་བའི་རྣམ་པ་ད་དུང་ཡང་ཁོང་གི་སེམས་ལ་གསལ་པོར་ངེས་འདུག
སྤོ་བོ་ལགས་འདས་པོའི་འདུན་པ་འགྲུབ་ཆེད། ཁོང་གིས་དམར་རི་གྲོང་རྡལ་དུ་ལོག་ནས་སྤོས་བཟོས་ཏེ་ལས་གཏོད་བྱེད་པའི་སེམས་ཐག་བཅད།
དང་ཐོག་འཆར་གཞི་རགས་ཙམ་བཀོད་ཡོད་ཀྱང་། ལམ་སེང་སྤོས་བཟོ་གྲྭ་འཛུགས་པར་ལས་སླ་པོ་ཞིག་ག་ལ་ཡོད། མ་གཞི་ལྷ་ས་ནས་སྤོས་བཟོ་བའི་ལག་རྩལ་ལེགས་པར་སྦྱངས་མོད། འོན་ཀྱང་གནམ་གང་ཚེ་དབང་ལ་ད་དུང་དཀའ་གནད་ཅིག་འཕྲད་པ་ནི། གྲོང་མི་མང་པོ་ཞིག་གིས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་ཡིད་དེ་ཙམ་མི་ཆེས་པ་དང་། གྲོང་མིའི་བསམ་བློ་དང་འདུ་ཤེས་རྗེས་སུ་ལུས་པ་དེ་རེད། དེས་ན་གྲོང་མི་རྣམས་ཐོན་ལས་ནང་ཞུགས་པར་སྐུལ་སློང་བྱ་ཆེད། གནམ་གང་ཚེ་དབང་གིས་ཁྱིམ་དུད་རེ་རེ་བཞིན་དུ་བསམ་བློའི་སློབ་གསོ་གཏོང་བར་བསྐྱོད། བསམ་བློའི་སློབ་གསོ་མང་པོ་བཏང་བ་བརྒྱུད། གྲོང་མི་ཚོའི་བསམ་བློར་རིམ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས།
ལྷོ་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག གནམ་གང་ཚེ་དབང་ལ་སྨི་ངོས་གྲུ་70ཡི་བཟོ་ཁང་ཞིག་རག་པ་དང་། རྫོང་མི་སྤྱི་ཅུས་ཀྱིས་ཁོང་ལ་བཟོ་གྲྭ་འཛུགས་པའི་མ་དངུལ་སྒོར་ཁྲི་5དང་ཆུ་གློག་གི་ཁ་གསབ་དངུལ་སྒོར་ཁྲི་1.5སྤྲད། དེ་རྗེས་ཁོང་གིས་དངུལ་སྒོར་ཁྲི་15གྲབས་གསོག་བྱས་ཏེ་སྤོས་བཟོ་ཆས་ཁ་བབས་ཙམ་2ཉོས། 2018ལོའི་ཟླ་5པར་གནམ་གང་ཚེ་དབང་གིས་གྲོང་མི་3ཁྲིད་དེ་བྱ་ས་སྤོས་བཟོ་གྲྭ་དངོས་སུ་བཙུགས།
བརྩོན་འགྲུས་ཅན་ལ་བསླུ་བ་མེད་པའི་དཔེ་ལྟར། བྱ་ས་སྤོས་བཟོ་གྲྭ་བཙུགས་ནས་ལོ་ཕྱེད་ལས་མ་ཕྱིན་ནའང་། ཁེ་གཙང་སྒོར་ཁྲི་5ཙམ་རག་ཡོད། 2018ལོའི་ལོ་མཇུག་ཏུ་གནམ་གང་ཚེ་དབང་གིས་སང་ལོའི་འཕེལ་རྒྱས་མ་དངུལ་བཞག་རྗེས། ལས་མི་རེར་བྱ་དགའ་3000དང་སྒོར་1000རི་བའི་འཚོ་བའི་མཁོ་ཆས་སྤྲད་ཡོད། 2019ལོའི་ཟླ་2པར་བྱ་ས་སྤོས་བཟོ་གྲྭས་འཕྲུལ་ཆས་2གསར་དུ་ཉོས་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་2ལས་ཀར་བཅུག་ཡོད།
“སྤོས་བཟོ་གྲྭ་འཕེལ་རྒྱས་ཡག་པོ་ཕྱིན་རྗེས། ངས་གྲོང་མི་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་སྐུལ་མ་བཏང་སྟེ། ཐོན་རྫས་རིན་ཐང་མཐོ་རུ་གཏོང་རྒྱུ་མ་ཟད། དྲ་ཐོག་ནས་བཙོངས་ཏེ་བྲིན་ཚོང་ཐབས་ལམ་མང་དུ་བཏང་ནས་ལས་མིའི་ཡོང་འབབ་འཕར་བ་བྱ་རྒྱུ་ཡིན”ཞེས་འབྱུང་འགྱུར་སྐོར་གླེང་སྐབས་གནམ་གང་ཚེ་དབང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད།