ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དགུ་པ་བསྡུས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྲུན་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དགུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་མཛིན་མཛད་སྐབས་ནན་གྱིས་བསྟན་དོན། འཕྲལ་བསྟུན་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གྲུབ་ཆ་གལ་ཆེན་ཡིན་ལ། བདེ་འཇགས་ཉེན་ཁ་ཆེན་པོ་ཚོད་འགོག་དང་ཐག་གཅོད་པ་དང་། དུས་ཐོག་ཏུ་རིགས་མི་འདྲ་བའི་གནོད་འཚེ་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་པས། རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་མ་ལག་གི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཕྱི་རྒྱལ་གྱི་འཕྲལ་བསྟུན་དོ་དམ་ཐད་ཀྱི་ཕན་ཡོད་བྱེད་ཐབས་ལ་དཔེ་བལྟ་བྱས་ཏེ། རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར།
ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞུའེ་ལན་གྱིས་གནད་དོན་དེར་འགྲེལ་བཤད་བྱས་པ་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན། ཀྲུང་གུང་ཀྲུང་དབྱང་ཆང་སྲིད་ཅུའུ་ཡི་བློ་མཐུན་ཚང་མས་འགྲེལ་བཤད་ལ་ཉན་པ་མ་ཟད་དེའི་ཐད་ནས་གྲོས་སྡུར་བྱས།
ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་མཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཏང་དང་རྒྱལ་ཁབ་ཀྱིས་ནམ་ཡང་འཕྲལ་བསྟུན་དོ་དམ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་མ་ལག་རྒྱུན་མ་ཆད་པར་ལེགས་སྒྲིག་བྱས་པ་དང་འཐུས་ཚང་དུ་བཏང་བ་དང་། རང་བྱུང་གནོད་འཚེ་དང་ཐོན་སྐྱེད་ཆག་སྒོའི་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་རྒྱུན་མ་ཆད་པར་ཇེ་མཐོར་བཏང་སྟེ། ཐོལ་བྱུང་དོན་རྐྱེན་ཆེན་པོ་རེ་རེར་ཁ་གཏད་བཟང་བོ་འཇལ་བ་དང་། བདེ་འཇགས་ཉེན་ཁ་ཆེན་པོ་རབ་དང་རིམ་པ་ཐག་བཅད་ལ། གནོད་སྐྱོབ་གནོད་འགོག་དང་འཕྲལ་བསྟུན་དོ་དམ་གྱི་དཔེ་གཞི་བཟང་བོ་མང་པོ་བསྐྲུན་པ་དང་། རང་རྒྱལ་གྱི་འཕྲལ་བསྟུན་དོ་དམ་སྒྲིག་གཞི་དང་རྐྱེན་སྲོལ་གྱིས་ལག་ལེན་ཁྲོད་རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་ཡོངས་སུ་མངོན་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ནི་འཛམ་གླིང་སྟེང་རང་བྱུང་གནོད་འཚེ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ། གནོད་འཚེའི་རིགས་སྣང་མང་བ་དང་ཁྱབ་ཁོངས་རྒྱ་ཆེ་ཞིང་། གནོད་འཚེ་བྱུང་ཚད་མང་བ་དང་གྱོང་གུན་ཆེན་པོ་ཐེབས་ཀྱིན་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཡིན། དེ་དང་མཉམ་དུ། རང་རྒྱལ་གྱི་རིགས་མི་འདྲ་བའི་དོན་རྐྱེན་ཉེན་ཁ་དང་བདེ་འཇགས་ཉེན་ཁ་བྱུང་སླ་ལ་བྱུང་ཚད་མང་བ་དང་། སྤྱི་ཐུན་བདེ་འཇགས་ལ་གནོད་བྱེད་པའི་རྒྱུ་རྐྱེན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་བྲེལ་མྱུར་གྱི་ལས་འགན་ཡིན་ལ། ཡུན་རིང་གི་ལས་འགན་ཞིག་ཀྱང་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཉེན་ཁའི་ཚོད་འགོག་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ན། འགོ་ཁུངས་ནས་བདེ་འཇགས་ཉེན་ཁ་ཆེན་པོ་ཚོད་འགོག་དང་ཐག་གཅོད་པར་རྒྱུན་འཁྱོངས་བྱས་ཏེ། གནད་དོན་སྔ་མོ་དང་གནོད་འཚེ་མ་བྱུང་གོང་དུ་ཐག་གཅོད་དགོས། ཉེན་ཁའི་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་ཐད་ཀྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་གཏེར་རི། གཞུང་ལམ་འགྲིམ་འགྲུལ། མེ་གསོད་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་རྟོག་སེལ་བྱེད་པར་ཤུགས་བསྣན་ནས། གནོད་འཚེའི་རིགས་སྣ་མང་པོ་དང་གནོད་འཚེའི་སྦྲེལ་ཐག་གི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན། ཉེན་ཁར་སྔ་མོ་ནས་དབྱེ་འབྱེད་བྱེད་པ་དང་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ནུས་པ་མཐོར་འདེག་ས་གཏོང་དགོས། འཕྲལ་བསྟུན་ཇུས་གཞིའི་དོ་དམ་ལ་ཤུགས་སྣོན་པ་དང་། འཕྲལ་བསྟུན་ཇུས་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། དུས་རིམ་སོ་སོའི་འགན་འཁྲི་དང་བྱེད་ཐབས་ལག་བསྟར་བྱེད་དགོས། གནད་ཕིགས་བཅོས་སྐྱོང་ལག་བསྟར་བྱས་ཏེ།ཉེན་བརྡ་ཡང་དག་གཏོང་བ་དང་། ཉེན་འགོག་གནོད་སྐྱོབ་གནད་ལ་འཁེལ་བ་བྱེད་པ། བསྐྱར་འཛུགས་སླར་གསོ་གནད་ལ་འཁེལ་བ་བྱེད་པ་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གནད་ལ་འཁེལ་བ་བྱེད་དགོས། ཁྲིམས་ལྟར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་འཕྲལ་བསྟུན་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། འཕྲལ་བསྟུན་དོ་དམ་ཐད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་བཟོ་བཅོས་བྱེད་པ། འཕྲལ་བསྟུན་དོ་དམ་དང་རང་བྱུང་གནོད་འཚེ་འགོག་བཅོས། འཕྲལ་བསྟུན་གནོད་སྐྱོབ་རྩ་འཛུགས། རྒྱལ་ཁབ་མེ་གསོད་གནོད་སྐྱོབ་མི་སྣ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་བཅས་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་པར་དམ་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཐད་ཀྱི་ཁྲིམས་འཛིན་བྱ་བར་ཤུགས་སྣོན་དགོས། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱི་དམངས་ཀྱི་བདེ་འཇགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། བདེ་འཇགས་དྲིལ་སྒྲོག་ཁེ་ལས་དང་ཞིང་སྡེ། སྡོད་ཁུལ། སློབ་གྲྭ ཁྱིམ་ཚང་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། སྤྱི་ཕན་དྲིལ་སྒྲོག་ལ་ཤུགས་སྣོན་པ། བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། བདེ་འཇགས་རིག་གནས་སྐྱེད་སྲིང་བྱེད་པ། ཉིན་རྒྱུན་དུ་འཕྲལ་བསྟུན་ཁ་གྲམ་འཁྲབ་སྦྱོང་སྤེལ་བ། སྡོད་ཁུལ་སྡོད་དམངས་ཀྱིས་ཉེན་ཁར་རྟོག་སེལ་དང་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ། བདེ་འཇགས་ཉེན་ཁའི་ཐད་ནས་དྲ་མིག་རང་བཞིན་གྱི་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས། གནོད་འགོག་གནོད་སྐྱོབ་ཐད་ཀྱི་མི་དམངས་ཀྱི་འགོག་ར་བརྟན་པོ་བསྐྲུན་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། འཕྲལ་བསྟུན་དོ་དམ་གྱི་གོ་མཚོན་ལག་རྩལ་ཐད་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། རིགས་མི་འདྲ་བའི་ཚན་རྩལ་ཐོན་ཁུངས་སྣ་ཚོགས་ལེགས་བསྒྱུར་མཉམ་བསྲེས་བྱེད་པ། འཕྲལ་བསྟུན་དོ་དམ་ཐད་ཀྱི་ཚན་རྩལ་རང་བདག་གསར་གཏོད་ལ་ཤུགས་སྣོན་པ། ཚན་རྩལ་ལ་རྒྱབ་རྟེན་ནས་འཕྲལ་བསྟུན་དོ་དམ་གྱི་ཚན་རིག་ཅན་དང་ཆེད་ལས་ཅན། རིག་ནུས་ཅན། ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོར་འདེས་གཏོང་གདོས། ཚན་རྩལ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པར་བྱེད་པ་དང་། ཆ་འཕྲིན་ཅན་ལ་བརྟེན་ནས་འཕྲལ་བསྟུན་དོ་དམ་དེང་རབས་ཅན་དུ་བསྒྱུར་བ། ལྟ་ཞིབ་ཉེན་བརྡའི་ནུས་པ་དང་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ། རོགས་འདེགས་བཀོད་འདོམས་ཀྱི་ཇུས་ཆོད་ནུས་པ། གནོད་སྐྱོབ་ལག་ལེན་གྱི་ནུས་པ་དང་སྤྱི་ཚོགས་སྐུལ་སློང་གི་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། རང་བྱུང་གནོད་འཚེ་ཆེན་པོ་དང་བདེ་འཇགས་དོན་རྐྱེན་ཐད་ཀྱི་བརྟག་བཤེར་དཔྱད་འཇོག་ལམ་ལུགས་བཙུགས་ཏེ། འགན་འཛོལ་བྱས་ནས་བྱུ གྱོང་གུན་དང་ཡང་ན་སྤྱི་ཚོགས་ཀྱི་གནོད་འཚེ་ཆེན་ནོ་བཟོས་པར་ཁྲིམས་དང་སྒྲིག་ལམ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། འཕྲལ་བསྟུན་དོ་དམ་སྡེ་ཁག་གི་ཕྱོགས་བསྡུས་དགེ་མཚན་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་ཆེད་ལས་དགེ་མཚན་འདོན་སྤེལ་བྱེད་པ་དང་། འགན་འཁྲི་དང་ལས་བགོས་ལྟར་རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཚོད་འགོག་དང་གནོད་སྐྱོབ་ཐད་ཀྱི་འགན་འཁྲི་སྦྲེལ་ཐག་གཅིག་ཏུ་སྦྲེལ་ནས། འགན་འཁྲིའི་སྦྲེལ་ཐག་སྦྲེལ་མཐུད་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། སྤྱི་ཁོག་གི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།