གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོའི་ཉིན་ཐོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02



བསང་སྐོར་བྱེད་བཞིན་པ།

出征仪式上的马队

དང་པོ། གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོའི་ཉིན་ཐོ།


探索格萨尔王足迹

སྤྱི་ལོ་2019ལོའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོའི་རྡོག་ཐོན་མཛད་སྒོ་དེ་སྤྱི་ཟླ་8པའི་ཚེས་1ཉིན་གྱི་སྔ་དྲོར་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་སྤེལ་ཡོད། རྡོག་ཐོན་མཛད་སྒོའི་ཐོག་ཀྲུང་གུང་སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡང་དྲུང་ལགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིས་ཚིག་ཕུལ་བ་དང་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་བ་མ་ཟད། གེ་སར་འཁྲུངས་ཡུལ་འགྲིམ་པའི་བྱེད་སྒོ་སྐབས་བཞི་པའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་།

   སྡེ་དགེའི་རྫོགས་ཆེན་གྱི་གེ་སར་འཆམ།
 德格竹庆寺格萨尔藏戏

 རྡོག་ཐོན་མཛད་སྒོ་མཇུག་འགྲིལ་རྗེས། པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ། སི་ཁྲོན་སོགས་ས་གནས་ནས་ཕེབས་པའི་གེ་སར་རིག་གནས་ཆེད་མཁས་དང་འབྲེལ་ཡོད་མི་སྣ་མི་གྲངས་46གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཡོད་ཅིང་། ཁོང་ཚོས་ཚོ་ཆུང་གཉིས་སུ་བགོས་ནས་ཉིན་11རིང་སྔ་རྗེས་སུ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཞིང་ལྗོངས་4དང་། དཀར་མཛེས་དང་། ཆབ་མདོ། ཡུལ་ཤུལ། མགོ་ལོག ཀན་ལྷོ། རྔ་པ་བཅས་གྲོང་ཁྱེར་དང་རང་སྐྱོང་ཁུལ་6། སྡེ་དགེ་དང་སེར་ཤུལ། འཇོ་མདའ། ཡུལ་ཤུལ། རྨ་ཆེན། རྨ་ཆུ་སོགས་རྫོང་19བཅས་བརྒྱུད་ཁྱོན་ལེ་བར་7000ཙམ་བསྐྱོད་ནས། གླིང་གེ་སར་དང་གླིང་གི་དཔའ་རྟུལ་སུམ་ཅུ་དང་མ་སྲུ་མོ་སྨན་རྣམས་ཀྱི་མཁར་ཤུལ་དང་། ཕོ་བྲང་། འབྲོག་ར། གཡུལ་ས་སོགས་མཁར་ཤུལ་དང་རྗེས་ཤུལ་བརྒྱ་ལྷག་ཙམ་ལ་ཡུལ་དངོས་ཀྱི་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱས་ཡོད། གཞན་ཡང་ད་དུང་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་བཅས་སུ་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ལ་ཚོགས་ནས། ས་གནས་དེ་གའི་ཏང་ཨུ་སྲིད་གཞུང་དང་། གཙོ་གཉེར་སྡེ་ཚན། གེ་སར་ཞིབ་འཇུག་མཐུན་ཚོགས་དང་དེ་བཞིན་གེ་སར་རིག་གནས་ཆེད་མཁས་པ། རིག་གནས་པ། རིག་གནས་ལས་དོན་པ་བཅས་དང་བཞུགས་མོལ་བགྲོ་གླེང་གཏིང་ཟབ་གནང་ཡོད།

ང་རང་ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་བྱེད་སྒོའི་ཚོ་ཆུང་དང་པོའི་ནང་ཞུགས་པའི་གོ་སྐབས་བྱུང་ཞིང་། དེ་ཡང་ཚོགས་ཆུང་དང་པོ་དེ་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྡེ་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དཔལ་རྒྱལ་རིན་པོ་ཆེ་དང་། སི་ཁྲོན་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཡང་ཧྲེང་ལགས། དཀར་མཛེས་གེ་སར་རིག་གཞུང་ལྷན་ཚོགས་ཀྱི་ཆེད་མཁས་ལེའུ་ཨན་ཆོན་སོགས་ཀྱིས་གཙོས་པའི་ཁྱོན་ཁོངས་མི་23་ལས་གྲུབ། ཚོ་ཆུང་གཉིས་པ་དེ་སི་ཁྲོན་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་དབུ་ཁྲིད་འཇིགས་མེད་ཆོས་དབྱིངས་དང་། དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། གངས་ལྗོངས་ཉི་གཞོན་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དཀོན་མཆོག་རྡོ་རྗེ། དཀར་མཛེས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། གེ་སར་ཆེད་མཁས་པ་ལྕགས་རྡོ་སོགས་ཁྱོན་ཆེད་མཁས་པ་22ལས་གྲུབ་ཡོད་ཅིང་། ཚོ་ཆུང་གཉིས་པོས་སྤྱི་ཟླ་8པའི་ཚེས་1ཉིན་གྱི་སྔ་དྲོར་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་བརྡལ་གྱི་གེ་སར་དངོས་མང་བཤམས་མཛོད་ཁང་དང་གེ་སར་རྗེས་དྲན་ཁང་སོགས་ཨ་ཕྱུག་རྩ་ཐང་གི་གེ་སར་རྗེས་ཤུལ་དང་ངག་རྒྱུན་སྐོར་ལ་རྟོག་ཞིབ་བྱས་ཡོད། དཔལ་རྒྱལ་རིན་པོ་ཆེས་ས་གནས་དངོས་ནས་ངོ་སྤྲོད་གནང་བ་བརྒྱུད་ཨ་ཕྱུག་རྩ་ཐང་དུ་འདུ་ར་སྟག་ཐང་ཁྲ་མོ་དང་། སྤྱི་རྒྱལ་སྟག་རི་ཞེས་པ་སོགས་གླིང་སྒྲུང་ནང་བརྗོད་པ་ལྟར་ས་མིང་མ་ཉམས་པ་ཡོད་པ་དང་། གླིང་གིས་ཇོ་རུ་ས་མཐར་སྤྱུགས་རྒྱུའི་སྐོར་གྲོས་བྱེད་སྐབས་ཁྲོ་ཐུང་གིས་བྲག་རི་ནག་བསེ་རག་གི་ཡུལ་ནས་བརྒྱུད་དེ་མར་འབུད་དགོས་ཟེར་བ་དང་། རྒྱ་ཚས་གསུངས་ན་ལྕི་ཡང་འཛོམ་ཉི་མ་ཤར་ཡག་ནས་ཡར་མངགས་དགོས་ཞེས་གསུངས་པས། ཐམས་ཅད་ཀྱིས་དེར་གྲོས་འཆམ་ནས་ཐག་བཅད་པ་སོགས་ཀྱི་ངོ་མཚར་གཏམ་རྒྱུད་ངོ་སྤྲོད་གནང་།

ཚོ་ཆུང་གཉིས་ཀྱི་རྟོག་ཞིབ་ཉིན་ཐོ།


 རྒྱ་ཚ་ཞལ་དཀར་སྐུ་བཤེགས་ས།

嘉擦大将牺牲之地


སྤྱི་ཟླ་8པའི་ཚེས་1ཉིན། ཚོ་ཆུང་དང་པོས་སེལ་ཤུལ་རྫོང་ཝ་ཤུལ་ཤང་དང་། སེར་ཤུལ་རྫོང་གི་ཁྲོམ་རྫ་འགབ་མ་ཤང་དང་དབོན་པོ་ཤང་། ཨ་རིག་རྫ་ཤང་སོགས་སུ་བསྐྱོད་ཅིང་། ཇོ་རུས་ཨ་མྱེ་སྒོམ་པ་ར་ཙ་བཏུལ་སའི་རྗེས་ཤུལ་དང་། ཇོ་རུས་ཕྱུག་འཚོ་ས། ཇོ་རུའི་བེའུ་རྩག་གཏེར་དུ་སྦས་སའི་རྗེས་ཤུལ། རྒྱ་ཚ་ཞལ་དཀར་སྐུ་གཤེགས་ས། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྲས་སྣང་ངུ་གཡུ་སྟག་སྐུ་གཤེགས་ས་སོགས་གླིང་རྗེ་བློན་གྱི་རྗེས་ལ་ཤུལ་རྟོག་ཞིབ་བྱས།

རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གླིང་འགུ་ཟི་དགོན་དུ་གླིང་གི་རྗེས་ཤུལ་སྐོར་རྟོག་ཞིབ་གནང་བཞིན་པ།
全国格办主任诺布旺丹在俄支寺考察灵国古都遗址

ཚོ་ཆུང་གཉིས་པས་སྡེ་དགེ་རྫོང་གི་གླིང་འགུ་ཟི་ཤང་དང་། སེར་ཤུལ་རྫོང་གི་འདན་ཁོག་བཅས་བརྒྱུད་ནས། འབུམ་པའི་དགྲ་ལྷ་རྩེ་རྒྱལ་གྱི་ཕོ་བྲང་དང་། གླིང་རྗེའི་སྐུ་མཁར་སེང་འབྲུག་སྟག་རྩེ་རྫོང་། རྒུ་རུའི་མཁར་རྫོང་དང་འདན་མ་བྱང་ཁྲའི་མཁར་རྫོང་དཀར་དམར་སོགས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།


སྒ་བདེ་དང་འདན་མས་མཉམ་དུ་བཞེངས་པའི་མཁར་ཤུལ།

江达县的嘎德大将和丹麻大将共同修建的城堡遗址。

སྤྱི་ཟླ་8པའི་ཚེས་2ཉིན། ཚོ་ཆུང་དང་པོས་སེར་ཤུལ་རྫོང་གི་འབུམ་གསར་ཤང་དུ་དམུ་སྤྱང་རིན་ཆེན་དར་ལུའི་མཁར་ཤུལ་དང་། རྒྱ་ཚ་ཞལ་དཀར་གྱི་སྐུ་ཕུང་འཇོག་སའི་རྗེས་ཤུལ་སོགས་མཇལ། འབུམ་རྙིང་ཤང་འཇུ་རྙིང་དགོན་དུ་ཨ་ཁུ་ཁྲོ་ཐུང་གི་ཕུར་པ་ཞེས་བརྗོད་སྲོལ་ཡོད་པའི་རྗེ་མི་ཕམ་རིན་པོ་ཆེའི་དངོས་སུ་བེད་སྤྱོད་གནང་མྱོང་བའི་ཕུར་པ་རྩ་ཆེན་དང་། རྗེ་མི་ཕམ་རིན་པོ་ཆེས་སྒྲུབ་ཕུག་སོགས་ལ་མཇལ། དེ་ནས་སེར་ཤུལ་རྫོང་ཀ་བཞི་ཤང་པ་རོང་གྲོང་ཚོར་བསྐྱོད་ནས་གླིང་དཔའ་རྟུལ་སུམ་ཅུའི་ངོ་མཚར་ཆུ་ཚན་དང་། གླིང་གེ་སར་དང་འབྲུག་མོའི་མིག་མང་རྩེ་ས། འབྲུག་མོའི་སྦྲ་ཤུལ་སོགས་གེ་སར་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས།


སྒ་བདེ་དང་འདན་མས་མཉམ་དུ་བཞེངས་པའི་མཁར་ཤུལ།

江达县的嘎德大将和丹麻大将共同修建的城堡遗址。

ཚོ་ཆུང་གཉིས་པས་སེར་ཤུལ་རྫོང་གི་འདན་ཁོག་གྲོང་བརྡལ་ནས་ཐོན་ཞིང་། འདན་ཁོག་བརྒྱུད་བོད་ལྗོངས་འཇོ་མདའ་རྫོང་གི་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་དང་། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་ཕོ་བྲང་སོགས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།

སྤྱི་ཟླ་8པའི་ཚེས་3ཉིན། ཚོ་ཆུང་དང་པོ་མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་དུ་བསྐྱོད་ནས་སྒ་སྡེ་ཆུ་རྫོང་སོགས་འབྲེལ་ཡོད་རྗེས་ཤུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚོགས་པས་རྟ་རྣ་དགོན་གྱི་གླིང་གི་གདུང་འབུམ་ལ་རྟོག་ཞིབ་གནང་བཞིན་པ།

考察组在玉树囊谦县达纳考察

ཚོ་ཆུང་གཉིས་པས་ནང་ཆེན་རྫོང་ཁོངས་ཀྱི་བྱང་རྟ་རྣ་དགོན་དུ་རྟོག་ཞིབ་བྱས་ཤིང་། བྱང་རྟ་རྣ་དགོན་དུ་བཞུགས་པའི་གླིང་གི་སྐབས་ཀྱི་གནའ་རྫས་དང་གནའ་ཤུལ་དང་། གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་སོགས་འབྲེལ་ཡོད་རྗེས་ཤུལ་སྐོར་ལ་རྟོག་ཞིབ་བྱས།

ཡུལ་ཤུལ་གྱི་ཁྲེང་འདུ་རྫོང་གི་སྒ་བདེའི་མཁར་ཤུལ།
玉树称多县的嘎德大将城堡遗址

སྤྱི་ཟླ་8པའི་ཚེས་4ཉིན། ཚོ་ཆུང་དང་པོས་ཡུལ་ཤུལ་གྲོང་བརྡལ་ཉེ་འཁོར་གྱི་འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

གདོང་ཚང་གི་དངོས་མང་བཤམས་སྟོན་ཁང་ལ་རྟོག་ཞིབ་གནང་བཞིན་པ།
考察组在玉树东仓博物馆考察

ཚོ་ཆུང་གཉིས་པས་རྫ་སྟོད་རྫོང་ཁོངས་སུ་ཡོད་པའི་འབྲེལ་ཡོད་རྗེས་ཤུལ་སྐོར་རྟོག་ཞིབ་བྱས། དགོང་མོ་ཚོ་ཆུང་གཉིས་ཡུལ་ཤུལ་སྐྱེ་དགུ་གྲོང་བརྡལ་དུ་མཉམ་འཛོམས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ་དང་མྱོང་ཚོར་སྤེལ་རེས་བྱས།

ཡུལ་ཤུལ་དུ་འཚོགས་པའི་བཞུགས་མོལ་ཚོགས་འདུ།
玉树召开座谈会

སྤྱི་ཟླ་8པའི་ཚེས་5ཉིན། ཚོ་ཆུང་དང་པོ་སྐྱེ་དགུ་གྲོང་བརྡལ་ནས་ཐོན་ཏེ་ཁྲི་འདུ་དང་། ཆུ་དམར་ལེབ་རྒྱུད་རྨ་སྟོད་རྫོང་དུ་འབྱོར་ཞིང་། ལམ་བར་དུ་གླིང་དཀར་ཁྲ་མོའི་རྟ་རྒྱུག་རྒྱལ་འཇོག་བྱེད་ཡུལ་སོགས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

འབྲི་སྟོད་ཀྱི་གེ་སར་སྒྲུང་པ་དང་རྟོག་ཞིབ་ཚོགས་པའི་ཆེད་མཁས་པ་རྣམ་པ།
治多县格萨尔艺人与考察组成员合影

ཚོ་ཆུང་གཉིས་པས་སྐྱེ་དགུ་གྲོང་བརྡལ་ནས་ཐོན་ཏེ་རྨ་སྟོད་རྫོང་དུ་བསྐྱོད་ཅིང་། སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་ཤུལ་སོགས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

སྤྱི་ཟླ་8པའི་ཚེས་6ཉིན། ཚོ་ཆུང་དང་པོ་མཚོ་སྔོན་མགོ་ལོག་དར་ལག་རྫོང་དུ་འབྱོར་ཞིང་། བརྗིད་ཉམས་ལྡན་པའི་གེ་སར་རྒྱལ་པོའི་སྐུ་འདྲ་དང་། འབྲུག་མོ་ཐང་ཆེན། ནིས་ཆུང་མཚོ། ཨ་མྱེ་རྨ་ཆེན་སྤོམ་ར། སྐུ་མཁར་སེང་འབྲུག་སྟག་རྩེ་སོགས་མི་བཟོས་དང་རང་བྱུང་དངོས་དབྱིབས་ལ་རྟོག་ཞིབ་བྱས།

ཚོ་ཆུང་གཉིས་པས་རྨ་སྟོད་རྫོང་ནས་འབྲི་སྟོད་དང་རྨ་ཆེན་རྫོང་དུ་བསྐྱོད་ཅིང་། རྨ་སྟོད་རྫོང་གྲོང་གི་གླིང་གེ་སར་རྒྱལ་པོའི་ཐང་ཆེན་དང་དེ་བཞིན་ལམ་རྒྱུད་ཀྱི་འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་སྐོར་ལ་རྟོག་ཞིབ་བྱས།

སྤྱི་ཟླ་8པའི་ཚེས་7ཉིན། ཚོ་ཆུང་དང་པོ་མཚོ་སྔོན་དར་ལག་རྫོང་ནས་ཐོན་ཏེ་དགའ་བདེ་རྫོང་དང་། རྨ་ཆེན་རྫོང་དུ་བསྐྱོད་ནས་འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་འཚོལ་ཞིབ་བྱས།

དར་རི་རྫོང་ཁྲ་གླིང་དགོན་པའི་གེ་སར་རྣམ་ཐར་ཚོགས་པ།
达日县查林寺格萨尔藏戏团

ཚོ་ཆུང་གཉིས་པས་རྨ་ཆེན་རྫོང་ཁོངས་ཀྱི་གེ་སར་རིག་གནས་དང་འབྲེལ་ཡོད་རྗེས་ཤུལ་སྐོར་ལ་རྟོག་ཞིབ་བྱས། དགོང་མོ་ཚོ་ཆུང་གཉིས་ཐེངས་གཉིས་པ་མཉམ་འཛོམས་བཞུགས་མོལ་ཚོགས་འདུ་དེ་མགོ་ལོག་ཁུལ་ཐོག་ཏུ་འཚོགས་ནས་མྱོང་ཚོར་སྤེལ་རེས་བྱས།

སྤྱི་ཟླ་8པའི་ཚེས་8ཉིན། ཚོ་ཆུང་དང་པོ་རྨ་ཆེན་རྫོང་ནས་ཐོན་ཏེ་གཅིག་སྒྲིལ་རྫོང་དུ་འབྱོར་ཞིང་། འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

ཚོ་ཆུང་གཉིས་པ་རྨ་ཆེན་རྫོང་གྲོང་ནས་ཐོན་ཏེ་རྨ་ཆུ་རྫོང་ཁོངས་སུ་འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

སྤྱི་ཟླ་8པའི་ཚེས་9ཉིན། ཚོ་ཆུང་དང་པོ་མཚོ་སྔོན་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཐོན་ཏེ་གསེར་རྟ་རྫོང་དུ་འབྱོར་ཞིང་། ལམ་རྒྱུད་དུ་པད་མ་རྫོང་དང་། གསེར་རྟ་རྫོང་ཁོངས་ཀྱི་གེ་སར་སྐོར་གྱི་འབྲེལ་ཡོད་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས།

གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ།
色达县尼奔达雅金宫遗址

ཚོ་ཆུང་གཉིས་པ་རྨ་ཆུ་རྫོང་ནས་ཐོན་ཏེ་སི་ཁྲོན་གསེར་རྟ་དང་དཀར་མཛེས་རྫོང་བརྒྱུད་ནས་ལམ་བར་དུ་གེ་སར་རིག་གནས་སྐོར་གྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།

སྤྱི་ཟླ་8པའི་ཚེས་10ཉིན། ཚོ་ཆུང་དང་པོ་དཀར་མཛེས་ཁུལ་གསེར་རྟ་རྫོང་ནས་ཐོན་ཞིང་ལམ་བར་དུ་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་ཁྲོ་པ་ཤང་དུ་སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ་སོགས་གླིང་གི་གནའ་ཤུལ་གནའ་རྫས་ལ་རྟོག་ཞིབ་བྱས།

དཀར་མཛེས་རྫོང་གི་གེ་སར་མཁར་གྲོང་།
甘孜格萨尔王城

ཚོ་ཆུང་གཉིས་པ་དཀར་མཛེས་རྫོང་ནས་ཐོན་ཏེ་སྡེ་དགེ་རྫོང་གི་རྫ་ཁོག་ཤང་དང་། ཉ་འགེ་ཤང་། དབོན་ཐོག་ཤང་། འཁོར་ལོ་མདོ་ཤང་སོགས་བརྒྱུད་ནས། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་འཁྲུངས་ཡུལ། ཨ་ཁོད་ཐར་པའི་ཟོར་སྣའི་མཁར་ཤུལ། འོམ་བུ་ཨ་ནུ་དཔའ་སེང་གི་མཁར་ཤུལ། ཧོར་གུར་དཀར་རྒྱལ་པོ་དང་འབྲུག་མོའི་བུ་རོ་སྦས་ས་སོགས་རྗེས་ཤུལ་ལ་མཇལ་བ་དང་། དགོང་མོ་སྡེ་དགེ་རྫོང་དུ་འབྱོར།


རྒྱ་ཚའི་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ།

嘉擦大将水银城堡


སྤྱི་ཟླ་8པའི་ཚེས་11ཉིན། ཚོ་ཆུང་དང་པོས་སྡེ་དགེ་རྫོང་གི་ལྕང་ར་ཤང་དང་། དཔལ་སྤུངས་གི་དཔའ་རྒྱ་ཚའི་སྐུ་མཁར་དངུལ་ཆུ་ཁྲོ་རྫོང་དང་། འབུམ་པའི་དགྲ་ལྷ་རྩེ་རྒྱལ་གྱི་མཁར་ཤུལ། གླིང་གེ་སར་སྐུ་མཆེད་གསུམ་པོས་རྟ་ཆུ་བླུད་ས། ནུ་བོ་རོང་ཚ་དམར་ལེབ་ཀྱི་ཕོ་བྲང་། འབྲུག་མོ་དང་ནིས་ཆུང་གཉིས་ཀྱི་ཕོ་བྲང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འཁྲུངས་ཡུལ། མགོན་ལྕེ་གཤིས། དཔེ་ཝར་དགོན་པའི་རྒྱབ་རིར་བཞུགས་པའི་སྟག་རོང་ཉ་ཚ་ཨ་བརྟན་གྱི་མཁར་ཤུལ། བྱང་ཨ་སྟག་ལྷ་མོའི་ཕོ་བྲང་། རོང་ཚ་དམར་ལེབ་ཀྱི་དུར་ས། དཔའ་ལ་སེང་སྟག་ཨ་དོམ་གྱི་འཁྲུངས་ཡུལ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་འཇང་སྲས་གཡུ་ཁྲི་གོང་སྔོན་གྱི་སྒར་ཤུལ། གླིང་ཁྲ་མོའི་དགྲ་དམག་བཙོན་འཇུག་བྱེད་ས་སོགས་གྲངས་ལས་འདས་ཤིང་བརྗོད་ཀྱིས་མི་ལང་པའི་གླིང་རྗེ་བློན་གྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།


ཀ་ཐོག་དགོན་དུ་ཉར་ཚགས་བྱས་པའི་རྒྱ་ཚའི་ཡ་ཟི་དཀར་ཕྲན།

白玉噶陀寺收藏的嘉擦大将宝刀


ཚོ་ཆུང་གཉིས་པ་སྡེ་དགེ་རྫོང་གི་དཔེ་ཝར་ཤང་དང་། དཔལ་ཡུལ་ཧོར་པོ་ཤང་བརྒྱུད་ནས་སྟག་རོང་ཨ་ནུ་གཟིགས་འཕེན་གྱི་ཕོ་བྲང་དང་། གླིང་དཀར་ཁྲ་མོའི་གོ་མཚོན་བཟོ་ས། ཀ་ཐོག་དགོན་དུ་བཞུགས་པའི་དཔའ་རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་ཕྲན་སོགས་གླིང་རྗེ་བློན་གྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས། དགོང་མོ་ཚོ་ཆུང་གཉིས་ཀྱིས་སྡེ་དགེ་རྫོང་དུ་ལྷན་འཛོམས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1