གཉིས་པ། གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་ཀྱི་དོན་སྙིང་དང་མྱོང་ཚོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


ཁམས་ཁུལ་དུ་བསྐྱོད་ནས་གེ་སར་གྱི་རྗེས་ཤུལ་འཚོལ་བའི་རྟོག་ཞིབ་ཚོགས་པའི་ཕྱོགས་བསྡོམས་ཚོགས་འདུ།

甘孜州康巴文化高峰论坛暨“找寻格萨尔的足迹”总结会

 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་མཐོང་ཆེན་པོ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔའ་བོའི་ལོ་རྒྱུས་སྙན་ངག་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྐོར་བཀའ་སློབ་ཐེངས་མང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཞི་རྩ་མི་བརྗེད་པར་གཞི་ནས་འབྱུང་འགྱུར་གསར་གཏོད་བྱེད་ཐུབ་པ་དང་། རྒྱུན་འཛིན་ཡག་པོ་བྱུང་ན་གཞི་ནས་དེ་བས་ལེགས་པའི་གསར་གཏོད་བྱེད་ཐུབ་ཅེས་གསུངས་ཡོད་ཅིང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གྱི་རྩ་བ་ཡིན་པ་སྨོས་མེད་རེད། ཚད་མཐོའི་རིག་གནས་ཀྱི་བློ་སྤོབས་མེད་ན། རིག་གནས་དར་རྒྱས་ཞེས་པ་གླེང་ཐབས་བྲལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཞེས་པ་བརྗོད་ཐབས་བྲལ་ཞེས་ནན་སྟོན་གནང་ཡོད། དེར་བརྟེན་ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་ནི་ཧ་ཅང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་། སྐད་གྲགས་ལྡན་པའི་གེ་སར་རིག་གནས་ཞིབ་འཇུག་པ་སྐུ་ཞབས་ནོར་སྡེ་ལགས་ཀྱིས་གསུངས་པ་ལྟར། བྱེད་སྒོ་འདིས་གེ་སར་རིག་གནས་པས་ས་གནས་དངོས་སུ་བརྟག་དཔྱད་བྱེད་པ་བརྒྱུད་གསོན་ཉམས་ལྡན་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་གེ་སར་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་གེ་སར་རིག་གནས་འབྱུང་ཁམས་སྣེ་མང་རང་བཞིན་གྱིས་གོང་འཕེལ་འགྲོ་རྒྱུར་ཞིང་ས་གཤིན་པོ་མཁོ་འདོན་བྱུང་བ་མ་ཟད། རྒྱལ་ཡོངས་ཀྱི་གེ་སར་རིག་གནས་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོང་། གོང་འཕེལ་བཅས་གཏང་རྒྱུར་ཡང་ལག་ལེན་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱུང་ཡོད།

སྡེ་དགེ་རྫོང་གིས་གེ་སར་གནའ་སྒྲུང་དཔེ་ཚོགས་འགྲེམས་སྤེལ་བྱེད་བཞིན་པ།
德格县举行《格萨尔古籍丛书》发布会

 ཚང་མས་མཁྱེན་གསལ་ལྟར། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་གི་མཚན་སྙན་ཐོབ་པ་ཞིག་ཡིན་ཞིང་། སྤྱི་ལོ་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་འཐུས་ཚབ་མིང་ཐོའི་ནང་བཅུག་ཡོད། དེ་ཡང་གནའ་བོའི་བོད་ཀྱི་དམངས་ཁྲོད་རིག་གནས་དང་ངག་ཐོག་དོན་བརྗོད་སྲོལ་རྒྱུན་གྱི་གྲུབ་འབྲས་ཆེ་ཤོས་མཚོན་ཡོད་ཅིང་། བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ཞེས་བརྗོད་བཞིན་ཡོད། ཁམས་ཁུལ་ནི་གེ་སར་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པའི་ཡུལ་གྲུ་ཞིག་ཡིན་ཞིང་། གང་སར་གླིང་གེ་སར་སྐོར་གྱི་ངག་རྒྱུན་གཏམ་རྒྱུད་དང་། གནའ་ཤུལ་གནའ་རྫས་ཀྱིས་ཁེངས་པ་དང་། གྲགས་ཅན་སྒྲུང་པ་མང་པོ་ཕེབས་པའི་ཡུལ་གྲུ་ཞིག་ཡིན་པས། ད་རེས་གླིང་གེ་སར་གྱི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། དེ་ཡང་ཀྲུང་དབྱང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་གཏང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། རིག་གནས་བློ་སྤོབས་ཆེ་རུ་གཏོང་བ་དང་། རིག་གནས་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཀྱང་ཡིན་པས། ཁམས་ཁུལ་འབྲེལ་ཡོད་ས་གནས་ཀྱི་ལས་བྱེད་མང་ཚོགས་ཀྱི་མི་རིགས་རིག་གནས་ཀྱི་རང་རྟོགས་དང་རིག་གནས་བློ་སྤོབས་སྔར་བས་ཆེ་རུ་སོང་བ་དང་། གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

དེ་ཡང་རྟོག་ཞིབ་ཚོ་ཆུང་གི་ཁོངས་མི་མཁས་དབང་ཀརྨ་རྒྱལ་མཚན་ལགས་ཀྱིས་གསུངས་པ་ལྟར་གེ་སར་གྱི་རྗེས་ཤུལ་རིག་གནས་ནི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གལ་སྲིད་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་མ་བྱས་ན་གླིང་གི་རྗེས་ཤུལ་གཏམ་རྒྱུད་ལ་རྒྱུས་མངའ་ཡང་དག་པར་མི་ཡོང་བས་ད་ཐེངས་ཀྱི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་གྱི་རྗེས་ཤུལ་འཚོལ་བའི་བྱ་འགུལ་འདི་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་ཞིག་རེད་ཅེས་གསུངས་པ་ལྟར་ལགས།

ཉིན་བཅུ་གཅིག་རིང་གི་འཚོལ་ཞིབ་བྱེད་སྒོ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་མཇུག་འགྲིལ་ཞིང་། དུས་ཡུན་ཐུང་ཡང་ནང་དོན་ཕུན་སུམ་ཚོགས་པའི་འཚོལ་ཞིབ་བྱས་པར་བརྒྱུད། གེ་སར་རིག་གནས་ཀྱི་ཆེད་མཁས་རྣམ་པར་མྱོང་ཚོར་ཆེན་པོ་བྱུང་བ་དང་གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད། གལ་སྲིད་ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོར་མཇུག་བསྡོམས་ཞིག་བཟོས་པ་ཡིན་ན། གཟབ་རྒྱས་ཆེ་ལ་སྤྲོ་སྣང་འཕེལ་བའི་རྡོག་ཐོན་མཛད་སྒོ་དང་། བཀོད་སྒྲིག་ཞིབ་ཚགས་ལུགས་མཐུན་གྱི་འཚོལ་ཞིབ་བཅར་འདྲིའི་བརྒྱུད་རིམ། ལྗིད་ཏིག་ཏིག་གྲུབ་འབྲས་ཀྱི་ཐོག་ནས་མཇུག་བསྒྲིལ་བ་བཅས་ཡིན་ལ། དེ་བས་ཀྱང་འགན་གཉེར་སྡེ་ཚན་གྱིས་འཐུས་སྒོ་ཚང་ཞིང་ཞིབ་ཚགས་ལྡན་པའི་བཀོད་སྒྲིག་དང་སེམས་རྩ་འཁོལ་བའི་སྣེ་ལེན་གནང་བ་དང་། འཚོལ་ཞིབ་བྱེད་སྒོར་ཞུགས་མཁན་ཆེད་མཁས་རྣམས་ཀྱི་དཀའ་སྤྱད་སྙིང་རུས་དང་། རྩེར་སོན་གྱི་ཆེད་ལས་བྱང་ཚད། གཟབ་ནན་ཆེ་བའི་རིག་གནས་བརྩོན་ཞིབ་ཀྱི་སྙིང་སྟོབས་བཅས་ཀྱིས་བག་ཆགས་ཟབ་མོ་དང་མིག་དཔེ་བཟང་པོ་བཞག་པ་དེ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1