མཁའ་ཞབས་མའི་ལས་རིགས་དེ་སྔར་ནས་བཟུང་བུ་མོ་ཚོས་བརྩི་མཐོང་བྱེད་ཡུལ་ཡིན་ལ། མཁའ་ཞབས་མ་ཞིག་བྱ་ཐུབ་རྒྱུ་དེ་ཁོ་མོ་ཚོའི་སེམས་ཀྱི་ཕུགས་འདུན་ཉག་གཅིག་ཀྱང་ཡིན། ཤར་ཕྱོགས་མཁའ་འགྲུལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གིས་ཐེངས་དང་པོར་དཀར་མཛེས་ཁུལ་དུ་བོད་རིགས་བུ་མོ་མཁའ་ཞབས་མ་བསྡུ་ལེན་བྱས།
སྤྱི་ཟླ་10པའི་ཚེས་29ཉིན་ཕྱི་དྲོར། སི་ཁྲོན་དར་མདོའི་གནམ་ཐང་ཚོགས་པ་སྤྱི་གཉེར་ཁང་གི་དར་མདོའི་ས་ཚིགས་ཀྱི་མཁའ་ཞབས་མ་བསྡུ་ལེན་བྱ་ཡུལ་དུ་བོད་རིགས་བུ་མོ200ལ་ཉེ་བས་ངོ་རྒྱུགས་སྤྲད། ད་ལོ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་མ་སྐལ་བཟང་ལྷ་སྐྱིད་ཀྱིས་གལ་ཏེ་ང་མཁའ་ཞབས་མ་ཞིག་བྱ་ཐུབ་ན། ང་ས་གནས་མང་པོར་འགྲོ་ཐུབ་ཅིང་བར་སྣང་ཁམས་ནས་གཞན་ལ་ཞབས་འདེགས་ཞུ་ཆོག་པས་དེ་ལས་དགའ་བའི་དོན་ཞིག་གང་ན་ཡོད། འོན་ཀྱང་ངའི་དབྱིན་ཡིག་གི་རྨང་གཞི་ཡག་པོ་མེད་རྐྱེན་མཐར་མཁའ་ཞབས་མའི་ཕུགས་འདུན་དེ་འགྲུབ་ཐུབ་མ་སོང་། ངས་རྗེས་སུ་དབྱིན་ཡིག་སོགས་ཡག་པོ་སྦྱངས་ནས་མཁའ་ཞབས་མ་ཞིག་བྱ་བའི་ཕུགས་འདུན་དེ་འགྲུབ་ཐུབ་ངེས་བྱ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བ་ལྟར་ན།མཁའ་ཞབས་མ་བསྡུ་ལེན་གྱི་ཚད་གཞི་ཆེས་མཐོ་བས་ཐེངས་དང་པོའི་ངོ་རྒྱུགས་སྐབས་ཀྱི་འགག་ལས་ཀྱང་བརྒལ་མ་ཐུབ་པ་མང་བ་དང་། རྒྱུགས་སྤྲོད་ནང་ཞུགས་མཁན་ཚོར་བཟོ་ལྟ་དང་ཉམས་འགྱུར། རིག་གནས་ཆུ་ཚད། རང་གི་བྱང་ཚད་སོགས་ཕྱི་ནང་གི་ཆ་རྐྱེན་མང་པོ་འཛོམས་དགོས་པ་མ་ཟད། ད་དུང་ཐོག་མའི་རྒྱུགས་ལེན་དང་བསྐྱར་མའི་རྒྱུགས་ལེན། དབྱིན་ཡིག་གི་ཡིག་ཐོག་རྒྱུགས་ལེན་སོགས་བརྒྱུད་ནས་རིམ་པར་གདམ་གསེས་བྱས་ཡོད།
བོད་རིགས་མཁའ་ཞབས་མ་གསོ་སྐྱོང་བྱས་ན། སྔར་ལས་ལྷག་པར་བོད་ཕྱོགས་མཁའ་འགྲུལ་གྱི་ཞབས་ཞུའི་སྤུས་ཀ་ཇེ་ལེགས་སུ་གཏང་ཐུབ་ཅིང་། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཚོ་ཕྱི་རོལ་དུ་བསྐྱོད་པ་དང་བོད་དུ་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སོགས་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ་གྱི་ལས་ཞུགས་ལ་སྐུལ་སྤེལ་གཏོང་ཐུབ།།