ཉེ་ཆར། གསར་འགོད་པ་སྡེ་དགེའི་ཨ་ཕྱུག་ཏུ་བཅར་འདྲི་ཞུ་སར་འགྲོ་སྐབས་ཚབ་ཚ་དགོན་དུ་ལྡེབས་རིས་རྙིང་པ་རྩ་ཆེན་ཁག་གཅིག་ཡོད་པ་མཐོང་བྱུང་། རྗེས་སུ་གསར་འགོད་པས་ཆེད་མཁས་པ་ཝུན་ཡུན་ཁྲེང་དང་། དཀོན་མཆོག་བསྟན་འཛིན་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་ལྔ་ཙམ་ལ་ལྡེབས་རིས་དེའི་ལོ་ཚད་དང་རིན་ཐང་སྐོར་བཀའ་འདྲི་ཞུས་པས་ཚང་མས་མགྲིན་གཅིག་མཐུན་གྱིས་ཧ་ལམ་ལོ་སུམ་བརྒྱ་ཡན་མན་གྱི་ལོ་རྒྱུས་ཡོད་ཚུལ་དང་གལ་ཆེ་ཚུལ་གསུངས་འདུག
སྤྱིར་ཚབ་ཚ་དགོན་པར་འདུ་ཁང་གསར་རྙིང་གཉིས་ཡོད་པའི་ནང་གི་གཡོན་གྱི་འདུ་ཁང་རྙིང་པའི་ནང་དུ་ལྡེབས་རིས་རྩ་ཆེན་མང་དག་ལུས་ཡོད་ཅིང་། སྒོ་འགྲམ་གཡས་གཡོན་དུ་ཆོས་སྲུང་ནོར་ལྷའི་སྐོར་དང་། སྒོའི་གཡོན་ཕྱོགས་དང་མདུན་ཕྱོགས། གཡས་ཕྱོགས་བཅས་སུ་སྟོན་པའི་སྐྱེས་རབས་གཙོས་པའི་གཙོ་སྐུ་རྒྱལ་བ་རིགས་ལྔ་དང་། བཀའ་བརྒྱུད་ཀྱི་བླ་སྐུ་དག་གིས་ཟུར་རྒྱན་བྱས་ཤིང་། གཙང་ཁང་དུ་གཙོ་ལྷ་ཚེ་དཔག་མེད་ལ་ཚེ་ལྷ་རྣམ་གསུམ་དང་ཚེ་དཔག་མེད་སྟོང་སྐུས་བསྐོར་བའི་སྡེབས་རིས་ངོ་མཚར་བ་མང་དག་བཞུགས་འདུག །ད་དུང་གཙང་ཁང་ནང་གི་འཇིམ་སྐུ་ཆེན་པོ་དག་གི་རྒྱབ་ཡོལ་གྱི་རྒྱན་དྲུག་དང་། གནས་བརྟན་བྲག་རི་མ་དང་འཇིམ་སྐུ་རྙིང་པ་ཁ་ཤས་སྔོན་མ་ཇི་བཞིན་ལུས་ཡོད་པ་ནི་དེ་བས་རིན་མཐོང་ཆེ་བར་མཐོང་།
རྣམ་རྒྱལ་མའི་ལྡེབས་རིས།
尊胜佛母壁画
སྒྲོལ་དཀར་གྱི་ལྡེབས་རིས།
白度母壁画
ཚེ་ལྷ་རྣམ་གསུམ་གྱི་ལྡེབས་རིས།
长寿三尊壁画
ཤཱཀྱ་ཐུབ་པའི་ལྡེབས་རིས།
释迦牟尼壁画
སངས་རྒྱས་མར་མེ་མཛད་ཀྱི་ཞིང་བཀོད།
燃灯佛界壁画
གེ་སར་རྒྱལ་པོའི་ལྡེབས་རིས།
格萨尔王壁画
སྐྱེས་རབས་ཀྱི་ཟུར་ཞིག །
佛本生传一角
ཚབ་ཚ་དགོན་ནི་དགེ་རྫོང་ཐོག་ནས་ལེ་བར་205ཙམ་ཡོད་པའི་ཨ་ཕྱུག་གྲོང་གི་གླིང་གེ་སར་འཁྲུངས་ཡུལ་དུ་ཆགས་ཡོད་ཅིང་། དཀར་མཛེས་ཁུལ་གྱི་བོད་རྒྱུད་ནང་བསྟན་དགོན་སྡེའི་ལོ་རྒྱུས་ནང་བཀོད་པ་ལྟར་ན། དགོན་པ་འདི་སྔ་དར་དང་ཕྱི་དར་གཉིས་བྱུང་ཞིང་། སྔ་དར་ནི་སྤྱི་ལོ་1087 ལོར་བཏབས། འདེབས་མཁན་མི་གསལ། དེ་རྗེས་ཀྱི་སྤྱི་ལོ་1147ལོ་ནས་1206ལོར་ཙམ་དུ་ཚབ་ཚ་བླ་མས་ཕྱག་བཏབས་པ་དང་། དགོན་མིང་ལ་ཚབ་ཚ་དགོན་ཞེས་ཐོག །ཕྱི་དར་གྱི་དུས་ནི་སྤྱི་ལོ་1447ལོ་ནས་1506ལོའི་སྐབས་དུ་ཆུ་འཕུར་གྲགས་པ་རྒྱལ་མཚན་གྱིས་ཀརྨ་བཀའ་བརྒྱུད་འཛིན་སྐྱོང་སྤེལ་བའི་དགོན་པ་བཏབས། སྤྱི་ལོ་1717ལོར་སི་ཏུ་ཆོས་འབྱུང་སྐུ་དངོས་ཚབ་ཚ་བླ་མའི་གདན་ཞུས་ལྟར་རྫ་ཆུའི་ཕྱོགས་སུ་ཆོས་བརྒྱུད་སྤེལ་བ་དང་ལྷན་དུ་ལྷ་ཁང་དང་སྐུ་བརྙན་ལ་རབ་གནས་མཛད་ཅིང་། དགོན་པའི་མཚན་ལ་ཀརྨ་ཕུན་ཚོགས་བསམ་གྲུབ་གླིང་ཞེས་གསོལ། 1732ལོར་ཞྭ་དམར་སྐུ་ཕྲེང་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་དགོན་པ་གསར་བཞེངས་དང་། དགོན་པའི་མཚན་ལ་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་ཞེས་གསོལ། 1982ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཆོས་སྒོ་ཕྱེས་པ་དང་། ད་ལྟ་ཁུལ་རིམ་པའི་རིག་རྫས་སྲུང་སྐྱོབ་སྡེ་ཚན་ཡིན།
འོད་དཔག་མེད་ཀྱི་ལྡེབས་རིས།
无量光佛壁画
ལྷ་མ་ཡིན་གྱི་གྲོང་ཁྱེར།
阿修罗城
སྐྱེས་རབས་ཀྱི་ཟུར་ཞིག །
佛本生传一角
དུས་ཕྱིས་སུ་ལྷ་ཁང་དེའི་རྟིང་རྡིབ་པ་སོགས་རང་བྱུང་གི་གནོད་སྐྱོན་ཅི་རིགས་བྱུང་ཡང་དགོན་པ་དེའི་བསྟན་བདག་མཆོག་སྤྲུལ་དཔལ་བརྒྱ་རིན་པོ་ཆེས་ལྷ་ཁང་དེ་རིག་དངོས་སུ་བརྩིས་ནས་ཐོག་ཡང་བཀེབ་བྱེད་པ་སོགས་ལས་རྒྱ་ཁྱོན་ཆེན་པོའི་བསྐྱར་གསོ་མ་བྱས་པར་ལྡེབས་རིས་སོགས་སྲུང་སྐྱོབ་ཡག་པོ་གནང་ཞིང་། ཟུར་དུ་སྤྱོད་གོ་ཆེ་བའི་འདུ་ཁང་ཆེན་མོ་ཞིག་བརྒྱབ་པ་ལས་ལྷ་ཁང་རྙིང་པ་ལ་འགྱུར་ལྡོག་ཆེན་པོ་མ་གཏོང་བ་ནི་རིག་དངོས་སྲུང་སྐྱོབ་ཀྱི་རིན་ཐང་ལ་བརྩིས་ཆེན་འཛིན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཏུ་མཐོང་།
ཆོས་འཁོར་སྐོར་བ་སྐུལ་བའི་ཟུར་ཞིག
转法
དེང་སྐབས་ཚབ་ཚ་དགོན་པ་ནང་བཞིན་ལྷ་ཁང་རྙིང་པ་དང་ལྡེབས་རིས་རྙིང་པ་ལུས་པའི་ཡོད་པའི་དགོན་པ་ཧ་ཅང་ཉུང་ཞིང་། དེ་དག་གི་འཛུགས་སྐྲུན་དང་སྡེབས་རིས་རྙིང་པ་དེ་དག་མུ་མཐུད་དེ་དག་སྲུང་སྐྱོབ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་མཐོང་ཆེན་གནང་སྟེ་དགོན་པ་འདི་ཞིང་ཆེན་རིམ་པ་དང་རྒྱབ་ཁབ་རིམ་པའི་སྲུང་སྐྱོང་སྡེ་ཚན་དུ་འཇོག་རྒྱུའི་འབོད་སྐུལ་ཞུ་འོས། །
ཚེ་དཔག་མེད་ཀྱི་ལྡེབས་རིས།
无量寿佛壁画
བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ།
金刚持菩萨